གཙོ་ངོས།>> ཞིབ་འཇུག>>སྐད་ཡིག

པད་མ་བསམ་གྲུབ། རྩོམ་སྒྲིག་པ།ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༧ཚེས་༠༤ཉིན།

༄༅།། སུམ་ཅུ་བའི་རྣམ་བཤད་གཟུར་གནས་དགྱེས་པའི་གཏམ་ལས་བྱུང་བའི་དོགས་པ་ཆེ་ལོང་ཙམ་བརྗོད་པ།


པད་མ་བསམ་གྲུབ།

[གནད་བཏུས] བརྡ་སྤྲོད་སྨྲ་བའི་དབང་ཕྱུག་ཉན་ཤུལ་མཁྱེན་རབ་འོད་གསལ་མཆོག་གི་སུམ་ཅུ་བ་ནི་གཞན་ལས་ལེགས་བཤད་ཀྱི་ཆ་མང་ཞིང་དེ་ལ་འཇུག་པར་འདོད་པ་དག་ལ་དགེ་མཚན་ལྡན་པར་བསྟན་ཡོད།
[གནད་ཚིག] སུམ་ཅུ་བ། འཇུག་ཡུལ། དཔེར་བརྗོད།
        དེ་ལ་འདིར་སྐུ་ཚེ་སྐད་ཡིག་སློབ་གསོར་བསྟིམས་པའི་བརྡ་སྤྲོད་སྨྲ་བ་ཉན་ཤུལ་མཁྱེན་རབ་འོད་གསལ་མཆོག་གིས་མཛད་པའི་སུམ་འགྲེལ་ལས་དོགས་གནད་འགའ་ཤས་དགོད་པར་བྱ་སྟེ། དེ་ནི་མཁས་པའི་གསུང་ལ་ཅོ་འདྲི་བ་སོགས་གཏན་ནས་མ་ཡིན་ཏེ། སུམ་ཅུ་བ་འདིར་སྔོན་ཆད་མ་ཐོན་པའི་ལེགས་བཤད་ངོ་མཚར་བ་མང་བས་ན་སྤྱིའི་ཆ་ནས་བརྡ་སྤྲོད་ཚད་ལྡན་དུ་བརྩི་ཆོག་ཆོག་ཅིག་ཏུ་སེམས་ཡོད། འདིར་རང་གི་རྨོངས་བློར་མ་འཚམ་པའི་དོགས་གནད་ཁ་ཤས་ལོགས་སུ་དགར་བ་ལ།
1. སླར་བསྡུའི་སྐབས་སུ་ནོ་བོ་ཏོ་གསུམ་སླར་བསྡུའི་ཕྲད་ལས་མིང་གཞན་ལ་མི་འཇུག་གསུངས་མོད། ཁ་སྐད་ཀྱིས་གང་ལ་འགྲོ་ནོ་རེད་ཟེར་བ་ལྟ་བུ་དང་། སྐད་ཡིག་གཉིས་ཀར་བཀོལ་སྤྱོད་བྱེད་པའི་གཙོ་བོ་དང་མཆུ་ཏོ་ལྟ་བུ་སླར་བསྡུ་ལ་མི་འཇུག་པའི་ནོ་བོ་ཏོ་ཡང་ཡོད་དོ།། ཡང་སླར་བསྡུ་ནི་རྗེས་འཇུག་ལ་ལྟོས་དགོས་པའི་ཕྲད་ཡིན་པ་ལས་རྣམ་དབྱེ་མིན་པའི་གྲས་སོ་ཞེས་གསུངས་པ་ལ་གཞིགས་ན་རང་གི་རྨོངས་བློར་ཡོད་དོ་ལྟ་བུ་རྣམ་དབྱེ་དང་པོ་དང་སླར་བསྡུའི་གཞི་མཐུན་དུ་འགྲོ་བ་ཡོད་པར་སྙམ། དེ་ལྟ་མིན་ན་སུམ་ཅུ་བའི་རྩ་བ་ལས་རྣམ་དབྱེ་བརྒྱད་མ་བསྟན་པར་ཐལ་བ་དང་། རྟགས་འཇུག་ལས་ཆོས་དངོས་ལས་དང་ཞེས་སོགས་ཀྱིས་རྣམ་དབྱེ་བརྒྱད་ཀ་བསྟན་པས་ན་སླར་བསྡུ་ནི་རྣམ་དབྱེ་དང་པོོ་སྟེ་ཆོས་དངོས་ཞེས་པར་བཞག་ཆོག་པར་འདོད་པས་དཔྱད་དགོས། དཀར་ཡོལ་མ་གཅོག་གོ་ཞེས་དགག་སྒྲའི་སྐུལ་ཚིག་ལ་སླར་བསྡུ་མི་འཇུག་པར་གསུངས་པའང་ཡིག་སྟེང་དུ་འབྲི་མཁན་ཆེར་མེད་ཀྱང་སྐད་ཀྱི་གདངས་དག་པའི་ས་ཆ་འགར་དེ་མ་གཅོག་གོ་སོགས་བཤད་པས་སྐད་ཡིག་གཉིས་ཕར་བསྟུན་ཚུར་བསྟུན་གྱི་ལམ་ལ་འགྲོ་ཅི་ཐུབ་བྱེད་དགོས་སྙམ། སླར་བསྡུ་ནི་རྣམ་དབྱེ་དང་ཚིག་ཕྲད་ཀྱི་མཐར་འགྲོ་བར་གསུངས་པ་ལས་བདག་སྒྲའི་མ་དང་མོའི་མཐར་སྦྱར་བ་ལ་འདི་ནི་བཙུན་མའོ་ཞེས་པ་དང་དེ་ནི་བཙུན་མོའོ་ལྟ་བུ་གསུངས་མོད། བཙུན་མ་དང་བཙུན་མོ་ལ་འོ་སྒྲ་ཐོབ་ཀྱང་བདག་སྒྲ་ཞིག་མིན་པར་འདོད་དོ། །
2. ལ་དོན་རྣམ་དབྱེ་གཉིས་པའི་དཔེར་བརྗོད་དུ། རྨ་རུ་སྨན་བཏབ། ཅེས་པ་ཚད་མ་རྣམ་འགྲེལ་ལས། སྒྲ་ནི་བརྗོད་འདོད་རྗེས་འབྲང་ཕྱིར། ། ཞེས་གསུངས་པའི་དགོངས་པ་འཚོལ་ན་མ་གཏོགས་མཐའ་གཅིག་ཏུ་ལས་སུ་བྱ་བར་འགྲོ་བ་ཞིག་མ་ཡིན་ཏེ་དགོས་ཆེད་ལ་ལེགས་སོ། ། རྒྱུན་དུ་རྒྱལ་རབས་སུ་བལྟས། ཞེས་པར་རྒྱུན་དུ་ཞེས་པ་སྦྱར་ན་ཚེ་སྐབས་ཀྱི་ཤུགས་ཆེ་བས་རྒྱུན་དུ་ཞེས་པ་མ་སྦྱར་ན་འགྲིག་པར་སེམས། ལ་དོན་དགོས་ཆེད་ཀྱི་གོ་དོན་འཇོག་སྐབས་ཆེད་ཕྱིར་སླད་དོན་གྱི་སྒྲ་དངོས་སུ་ཡོད་པ་དང་། བྱ་བའི་དོན་གྱི་ཡུལ་ཚིག་ཟིན་དུ་ཡོད་པ་རྣམས་བཞི་པ་དགོས་ཆེད་ཅེས་གསུངས་པ་ཤིན་ཏུ་མད་ཅིང་། དེ་མིན་བྱེད་པོ་གང་གིས་བྱ་བའི་ཡུལ་ཞིག་ལ་ཕར་བྱ་བ་བྱས་པའི་རིགས་རྣམས་ལས་སུ་བྱ་བར་བཞག་ན་ཕན་ཚུན་མི་འཆོལ་ཞིང་སྒྲོས་གཙང་མ་ཞིག་ཡོང་ཐུབ་ཅེས་པ་འདི་གང་གི་ཆེད་དུའམ་བྱ་བ་བྱས་པ་གང་གཙོ་ཆེ་བར་མ་བལྟས་པར་འདི་ཙམ་གྱིས་ཐག་བཅད་ན་བརྡ་སྤྲོད་ཀྱི་སྤྱི་འགྲོས་དང་འགལ་འདུག་པས་ཤིན་ཏུ་གཟབ་དགོས་པའི་གནས་སུ་སྣང་། ལ་དོན་རྣམ་དབྱེ་བདུན་པའི་དཔེར་བརྗོད་ཀྱི་སྐབས་སུ། ཁྱི་ལའང་སྐྲག་ན་གཅན་གཟན་ལ་ལྟ་ཅི་སྨོས་ཞེས་པའི་ལ་ཡིག་ནི་བརྡ་སྤྲོད་བློ་གསལ་དགའ་སྟོན་དུ་གཞི་འཛིན་པའི་ལ་ཡིག་ཅིག་གསུངས་པ་དེ་ལས་གཞན་དུ་འོས་མེད་པར་སྙམ། སློབ་ཁང་དུ་སློབ་མ་ཚོས་སློབ་སྦྱོང་བྱེད་ཅེས་པ་གནས་གཞིར་གསུངས་མོད། བྱ་བ་བྱེད་པ་ཤུགས་ཆེ་བས་དཔེར་བརྗོད་འདི་རྣམ་དབྱེ་གཉིས་པར་འཐད། ད་དུང་འདིའི་རྒྱབ་རྟེན་དུ། མིང་འོག་མའི་མཐར་ཡོད་དང་ལྡན་དང་མངའ་སོགས་ཀྱི་ཕྲད་ལས་ལ་དོན་གྱི་འོག་ཏུ་བྱ་ཚིག་ཙམ་ཡང་ཡོད་མི་འོས་པ་ག་ལ་ཡིན། ཞེས་གསུངས་པ་བདེན་དུ་ཆུག་ཀྱང་སློབ་ཁང་དུ་སློབ་མ་ཚོས་སློབ་སྦྱོང་བྱེད་ཅེས་པ་ནི་དེ་ལྟ་བུ་ཙམ་ཞིག་མིན་ནོ། ། འོ་ན་རང་ལུགས་ཇི་ལྟར་ཡིན་ཞེ་ན་བྱ་ཚིག་ཙམ་གྱི་བདུན་པ་ཅན་དག་ལ་སློབ་ཁང་དུ་སློབ་སྦྱོང་བྱེད་བཞིན་ཡོད་ལྟ་བུ་ཡོད་སྒྲས་གསལ་བར་བྱེད་དགོས་སོ། །
        ཉན་ཤུལ་པ་ཁོང་གིས་བྱ་ཚིག་ཙམ་གྱིས་བདུན་པར་འགྲོ་བའི་དཔེར་བརྗོད་ལ། སི་ཏུའི་འགྲེལ་ཆེན་དུ། གཡུལ་དུ་གོ་བགོས། གཡུལ་དུ་བསད། སྡིག་པ་ལ་འཇིགས། སེངྒེ་ལ་སྐྲག་སོགས་ཞེས་དྲངས་པ་ཐོན་མིའི་ཞལ་ལུང་ན་དེ་ལྟར་གསུངས་པ་ལ་ཁུངས་གཏུགས་པ་ཡིན་ལོས་ཆེ་བ་དེའི་དཔེར་བརྗོད་དང་བསྡུར་ནས་གཟིགས་ན་ཤེས་ཐུབ། སི་ཏུའི་མུ་ཏིག་ཕྲེང་མཛེས་ནང་ལ་བལྟས་ན་སི་ཏུ་ཚང་གིས་འདི་འདྲའི་དཔེར་བརྗོད་བཞི་རྩ་བ་ཉིད་ནས་བཞག་མེད་པས་དཔར་སྔ་མ་ཞིག་ན་ཡོད་དམ་ཅི་ཡིན་ཞིབ་ཏུ་བརྟག་དགོས་སོ། ། ཡང་ཉན་ཤུལ་ཁོང་གིས་པྲ་ཏིའི་སུམ་འགྲེལ་གྱི་རབ་གསལ་དུ་དཔོན་པོ་བཞུགས། ཞེས་པ་བྱ་ཚིག་ཡིན་ཡང་བདུན་པར་གསུངས་འདུག འོན་ཀྱང་། སྐབས་འདིར་བཞུགས་ནི་ཡོད་པའི་དོན་གྱི་མིང་རྐྱང་ལས་བྱ་ཚིག་ཏུ་གོ་མི་རུང་ངོ་། ། ཉན་ཤུལ་མཆོག་གི་སུམ་འགྲེལ་ལས། སྔ་འགྲེལ་འགའ་ཞིག་ཏུ། ལས་སུ་བྱ་བའི་དཔེར་བརྗོད་དུ། མདུན་ན་རྒྱུ། སེ་ར་ན་ཆོས་ཉན། ཞེས་བཀོད་མོད། གཡུལ་དུ་བསད་དང་། རབ་གསལ་དུ་དཔོན་པོ་བཞུགས་སོགས་ཁྱད་མ་མཆིས་པས་བདུན་པ་གནས་གཞི་ལས་མ་འདས་སྙམ་པས་བརྟག་པར་འཚལ་གསུངས་པར་ངོ་མ་བརྟག་དགོས་པ་ཞིག་སྟེ། མདུན་ན་རྒྱུ་དང་། སེ་ར་ན་ཆོས་ཉན། ཞེས་པའི་ཚེ་ན་ཡིག་དེས་ཡོད་པ་སྟོན་པ་བདེན་ཤས་ཆེ་ཡང་དེ་ཙམ་གྱིས་རྒྱུ་དང་ཉན་པའི་བྱ་ཚིག་གཉིས་ཁྱད་གསོད་བྱེད་མི་རིགས་སོ། །
        གཡུལ་དུ་བསད་དང་འདི་དག་ལ་ཁྱད་མ་མཆིས་པ་བདེན་པ་རེད། འོན་ཀྱང་གཡུལ་དུ་བསད་བདུན་པར་འཇོག་མི་བཏུབ་བོ། ། རབ་གསལ་དུ་བཞུགས་ཞེས་པ་དང་ཤིན་ཏུ་ཁྱད་ཆེ་སྟེ། བཞུགས་འདི་བྱ་ཚིག་ལ་གོ་བ་བླངས་ཚེ་རྣམ་དབྱེ་གཉིས་པ་དང་། མིང་རྐྱང་གི་ཡོད་པའི་དོན་ལ་གོ་ཚེ་རྣམ་དབྱེ་བདུན་པ་ཡིན་པའི་ཁྱད་པར་ཆེན་པོ་ཡོད་དོ། །
3. ལ་དོན་གྱི་ཚིག་ཕྲད་དེ་ཉིད་ལ་དཔྱད་པ་ཡག་པོ་གནང་འདུག་ཅིང་། ན་ལ་གཉིས་མི་འཇུག་པར་ཤུགས་སུ་བསྟན་ཏེ་དཔེར་བརྗོད་མ་བཞག་པ་ནི་གཞན་དུ་བལྟ་དགོས་པ་དང་རང་རང་གི་བློ་གྲོས་འཁྱུག་པའི་བགོ་སྐལ་ལོ། ། ལ་དོན་གྱི་ཚིག་ཕྲད་ཚེ་སྐབས་ཀྱི་དཔེར་བརྗོད་ནང་དུ། ཚེས་གཉིས་སུ་ཉི་མ་ལྡོག ཅེས་གསུངས་པ་འདིར་ཉེར་གཉིས་ལྟ་བུའི་ཉེར་ཆད་པ་མིན་ན་ཅུང་མི་འགྲིག་སྟེ། སྐར་རྩིས་ཀྱི་ངོས་ནས་བཤད་ན་དབྱར་ཉི་ལྡོག་དང་དགུན་ཉི་ལྡོག་གང་ཡིན་ཡང་མར་ངོ་ཞིག་ལས་ཡར་ངོར་མི་འབྱུང་བར་འདོད་ཀྱིན་ཡོད། བོད་ཟླ་དང་པོར་འབྲུག་སྒྲ་སྒྲོག ཅེས་པའི་ར་ཡིག་ཚེ་སྐབས་ཡིན་ཡང་སྒྲོག་འདི་བྱེད་འབྲེལ་ལས་ཚིག་ཡིན་པས་འབྲུག་སྒྲ་གྲགས་ཞེས་འདིའི་ཁ་གཏད་ཀྱི་བྱེད་མེད་ལས་ཚིག་འབྲི་དགོས། ཐོ་རེངས་སུ་གནམ་གྲུ་འཕུར་བ་ཞེས་པའི་རེངས་ལ་གི་གུ་མི་དགོས་མོད། སྤྱིར་ན་ཡིག་ནོར་མང་ཤོས་གཏགས་ནོར་ཡིན་པ་ལས་རྩོམ་མཁན་གྱིས་མ་མཁྱེན་པ་ག་ལ་ཡིན། དེང་སང་མང་མང་གིས་སྐྱ་རེངས་དང་ཐོ་རེངས་ཞེས་རེངས་ཀྱི་ཡིག་གཟུགས་གཅིག་པ་བྲིས་དང་འབྲི་བཞིན་པས་འདི་ནི་དམིགས་ཀྱིས་བསལ་ཏེ་བརྗོད་པ་ཡིན། དེ་མིན་གཞུང་འདིའི་ནང་གི་ཡིག་ནོར་གཞན་དག་དབྱུང་བའི་ལས་སུ་ཞུགས་མེད།
4. ཨི་ལྡན་གྱི་རྣམ་དབྱེའི་སྐབས་སུ། ཚད་མའི་ལུགས་ལ། རི་དམར་པོོ་ཞེས་བརྗོད་ཚེ། དམར་པོོ་ཁྱད་གཞི་དང་། རི་ཁྱད་ཆོས་སུ་འཇོག་ཅེས་པ་ཡང་མིན་པ་འདྲ་སྟེ། དམར་པོ་ཁྱད་ཆོས་དང་། རི་ཁྱད་གཞི་རུ་འཇོག་དགོས་པ་སྒྲའི་མི་རྟག་པ་བཞིན་ནོ། ། བྱེད་པ་པོོ་གཞན་དང་དངོས་སུ་མ་འབྲེལ་བའི་བྱེད་པ་ལ་འཇུག་པའི་དཔེར་བརྗོད་ལ། ལག་པས་དཀར་ཡོལ་ཤོར། ཞེས་གསུངས་པའི་ཤོར་ནི་བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་ཚིག་ཡིན་པ་བདེན་མོད། དེ་ལ་ལག་པས་དཀར་ཡོལ་བཏང་ཞེས་བྱེད་པ་པོོ་གཞན་དང་དངོས་སུ་འབྲེལ་བའི་ཚིག་འབྲི་དགོས་པ་ལས་ལག་པས་དཀར་ཡོལ་ཤོར་ཞེས་བྱེད་སྒྲ་ཐོབ་པ་ཞིག་བོད་རང་གི་བརྡ་སྐད་དུ་འབྱུང་མི་འོས། གལ་ཏེ་བརྡ་འདི་འདྲ་ཞིག་སྤྲོད་པ་འབྲི་ཚེ་ལག་པའི་དཀར་ཡོལ་ཤོར་ཞེས་འབྲེལ་སྒྲ་སྦྱོར་དགོས་སོ། །
5. ཡང་ཉན་ཤུལ་མཁྱེན་རབ་འོད་གསལ་མཆོག་གི་སུམ་ཅུ་བའི་རྣམ་བཤད་གཟུར་གནས་དགྱེས་པའི་གཏམ་དུ། དབྱངས་ཅན་གྲུབ་པའི་རྡོ་རྗེས། མིང་གི་ཐོག་མའི་དེ་སྒྲ་ནི། ། ཐ་སྙད་འདས་མ་ཐག་པ་དང་། ། རྣམ་གྲངས་གཞན་ཅན་གཉིས་ལ་འཇུག ། ཅེས་འཇུག་ཡུལ་གཉིས་སུ་གྲངས་ངེས་པར་མཛད་པ་དང་། འཇུག་ཡུལ་གཉིས་པོ་དེ་གང་འདྲ་ཞིག་ལ་ངོས་འཛིན་དགོས་མིན་དབྱངས་ཅན་གྲུབ་པའི་རྡོ་རྗེ་ཁོང་རང་ཉིད་ཀྱིས་མཛད་པའི་རང་འགྲེལ་ནི་མེད་པས། དགོངས་པ་ཇི་བཞིན་ལོན་དཀའ་ནའང་དོན་དུ་ལྷག་བཅས་ཀྱི་དེ་སྒྲ་ལས་གཞན་པའི་དེ་སྒྲ་ཐམས་ཅད་སྦྱར་ཡུལ་དངོས་སུ་གསལ་མི་གསལ་ཇི་ལྟར་ཡང་། དོན་གྱི་རྣམ་གྲངས་གཞན་ཞིག་ལ་སྦྱར་ཡོད་པ་ཤ་སྟག་ཡིན་པས་འཇུག་ཡུལ་ཁག་གཉིས་སུ་གྲངས་ངེས་པར་མཛད་པའང་། གཅིག་ཏུ་ན་ལྷག་བཅས་ཀྱི་དེ་སྒྲ་དང་། དོན་གྱི་རྣམ་གྲངས་སམ་རྣམ་པ་གཞན་ཞིག་ལ་སྦྱོར་བ་གཉིས་སུ་གོ་དགོས་པའམ། ཡང་ན་ལྷག་བཅས་ཀྱི་དེ་སྒྲ་ལྷག་བཅས་ཀྱི་ཕྲད་བཤད་པའི་སྐབས་སུ་བསྟན་ཟིན་པས་འདིར་འཇུག་ཡུལ་གཉིས་སུ་གསུངས་པ་ནི་དེ་སྒྲ་སྦྱར་ཡུལ་ཞིག་ཐོག་མར་བཀོད་ཅིང་། གཤམ་དུ་དེ་ཞེས་པས་གོ་ཆོད་པ། དཔེར་ན། རི་བོ་དེ་མཐོ་ཞིང་བརྗིད་ཆགས་པ་ཞིག་འདུག དེའི་རྩེ་མོ་ནི་སྤྲིན་གྱིས་གཡོགས། དེ་ན་རི་དྭགས་ཀྱི་ཚོགས་བདེ་བར་རྒྱུ། དེའི་མཐའ་སྐོར་དུ་རི་ཕྲན་དུ་མས་བསྐོར་ལྟ་བུ་དེ་སྒྲ་སྦྱར་ཡུལ་རི་བོ་ཐོག་མར་བཀོད་པའི་འོག་ཏུ་དེ་སྒྲ་སྦྱར་བས་འཐུས་པའི་རིགས་ལ་ཐ་སྙད་འདས་མ་ཐག་པ་ཞེས་གོ་དགོས་པ་དང་། དེ་སྒྲ་སྦྱར་ཡུལ་དོན་གྱི་རྣམ་གྲངས་ཚིག་ཟིན་དུ་ཡོད་མེད་ཇི་ལྟར་རུང་ལྷག་བཅས་མིན་པའི་དོན་མཐའ་དག་སྟེ་དཔེར་ན། ལྟོ་ལྡིར་ཞབས་ཞུམ་གྱི་རྣམ་པ་ཅན་དེ་ནི་བུམ་པའོ། ། ཀ་བ་དེ་ནི་ཟུར་བརྒྱད་པ་ཞིག་གོ ། ངའི་སྡོད་ཁང་དེ་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡིན། ཁོང་གིས་སྐད་ཆ་བཤད་པ་དེ་བདེན་པ་རང་རེད། ཁར་རྩང་གི་དོན་དེ་སུ་ལའང་མ་ཤོད། སོགས་ལྟ་བུ་རྣམས་ལ་རྣམ་གྲངས་གཞན་སྦྱོར་གྱི་དེ་སྒྲ་ཞེས་བརྗོད་དེ་གྲངས་གཉིས་པོ་དེར་དགོངས་པ་མིན་ནམ་སྙམ་པས་བརྟག་པར་འཚལ། ཞེས་གསུངས་པ་འདི་ལྟར་ཏེ། དབྱངས་ཅན་གྲུབ་པའི་རྡོ་རྗེ་ཁོང་གིས་མཛད་པའི་རང་འགྲེལ་ནི་ཡོད་ཅིང་ཁྱབ་གདལ་དུ་མ་གྱུར་པས་ཁོང་གིས་མ་གཟིགས་པ་སྟེ། ཚད་མ་རྣམ་འགྲེལ་ལས། མ་མཐོང་ཕྱིར་ན་མེད་པ་མིན། །ཞེས་གསུངས་པའི་དགོངས་གཞི་རྨ་མེད་པ་འདི་ལྟར་རྟོགས་དགོས། དེས་ན་རང་འགྲེལ་ལ་བལྟས་ན་འདིའི་འཇུག་ཡུལ་གཉིས་ནི། ཉན་ཤུལ་པ་ཁོང་གིས་དཔྱད་པ་གནང་བའི་དཔྱད་པ་ཕྱི་མ་སྟེ། གཤམ་དུ་དེ་ཞེས་པས་གོ་ཆོད་པ་ཅན་ཏེ། རང་འགྲེལ་ལས། མིང་གི་ཐོག་མའི་དེ་སྒྲ་ནི། ། ཐ་སྙད་འདས་མ་ཐག་པ་དང་། ། རྣམ་གྲངས་གཞན་ཅན་གཉིས་ལ་འཇུག ། ཅེས་པ་ནི་མིང་གི་ཐོག་མར་ཡོད་པའི་དེ་སྒྲ་དོན་མང་པོར་འཇུག་པར་བཤད་ཀྱང་མདོར་བསྡུས་ན་གཉིས་ཏེ། ཐ་སྙད་འདས་པ་དང་། རྣམ་གྲངས་གཞན་ཅན་གཉིས་ལ་འཇུག་པ་ལས། དང་པོ་བརྗོད་ཚུལ་དེ་ཉིད་ལ་ཐད་ཀར་བཏགས་པའི་འདས་པ་ལ་འཇུག་པ་ནི། མི་གཞོན་པའོ། ། དེ་གཟུགས་རིང་ངོ་། ། དེ་ངོ་ཞེང་ཆེའོ། ། དེ་སྐད་སྦོམ་མོ་ལྟ་བུ་དང་། གཉིས་པ་དངོས་སུ་མི་གསལ་ཡང་དེ་སྒྲའི་ཤུལ་དུ་རྣམ་གྲངས་གཞན་ཞིག་སྦྱོར་རྒྱུ་ཡོད་པའི་རྣམ་གྲངས་གཞན་ཅན་ལ་འཇུག་པའི་དཔེ་ནི། དེ་ལ་ལྟོས་ཤིག དེ་མ་ཤོག་ཅིག དེ་ཁྱེར་ཤོག ལྟ་བུ་ཞེས་གསུངས་པས་སོ། ། གཞན་ཡང་། ཉན་ཤུལ་མཁྱེན་རབ་འོད་གསལ་མཆོག་གིས། སི་ཏུའི་འགྲེལ་ཆེན་དུ། གསེར་གྱིས་བྱུག་ཅེས་པ་རྣམ་དབྱེ་གསུམ་པའི་དཔེར་བཀོད་གནང་བར་བརྟགས་ན་གསེར་འབྱུག་བྱེད་དུ་གོ་དགོས་པ་ལྟ་བུར་སྣང་ཡང་། རི་མོ་མཁན་གྱིས་པིར་གྱིས་ཤིང་ལ་གསེར་བྱུག་ཅེས་པ་ལྟ་བུའི་ཚིག་སྦྱོར་ནི། རི་མོ་མཁན་བྱེད་པོ་དང་། པིར་བྱེད་པ། གསེར་བྱུག་བྱའམ་བྱུག་རྒྱུར་གོ་དགོས་པས་གསེར་ལ་བྱེད་སྒྲ་སྦྱར་འོས་མིན་དང་། དེ་བཞིན་མགོན་པོ་ཕྱག་དྲུག་པའི་བསྟོད་པ་ལས་ཀྱང་། དཔྲལ་བར་སིནྡྷུ་ར་ཡིས་ལེགས་པར་བྱུགས། ། ཞེས་པའི་སིནྡྷུ་ར་ལ་བྱེད་སྒྲ་སྦྱར་དགོས་པའི་རྒྱུ་མཚན་ལའང་བརྟག་པར་འཚལ། ཞེས་གསུངས་པ་ལ་འདི་ལྟར་སེམས་ཏེ། བྱུག་བྱ་གང་གིས་བྱུགས་པ་རེད་ཅེས་དྲིས་ཚེ་གསེར་དང་སིནྡྷུ་ར་ཡིས་བྱུགས་པ་རེད་ཅེས་ལན་གདབ་དགོས་པས་འདི་གཉིས་ལ་བྱེད་སྒྲ་ལས་གཞན་འགྲིག་པའི་ཐབས་མེད་དོ། ། ཞོར་དུ་དབང་གིས་དང་རྐྱེན་གྱིས་ཞེས་པ་གཉིས་ལ་པས་དང་བས་ཀྱི་ཡི་གེ་འབྲི་སྲོལ་མེད་ཀྱང་དོན་དུ་པས་དང་བས་ཀྱི་དོན་དང་ཁྱད་མེད་གསུངས་པ་ལ་འདི་འདྲ་སྙམ་སྟེ། འབྲི་སྲོལ་ཡང་ཡོད་ནི་ཡོད་དེ་དེ་ལ་དབང་བས་འདི་ལྟར་རོ་ཞེས་དང་དེའི་རྐྱེན་པས་འདི་ཡིན་སོང་ལྟ་བུ་ཟེར་ཆོག་པའོ། ། རྒྱན་སྡུད་ཀྱི་སྐབས་སུ། བསྣན་པ་ནི་བསྐྱར་བའི་དོན་ཏེ། གསུངས་པ་ལ་ད་དུང་ཞིབ་ཆ་ཞིག་འབྱེད་རྒྱུ་ཡོད་ཅིང་སྤྱིར་བསྣན་པ་དང་བསྐྱར་བ་ནི་འགལ་བ་མིན་མོད། དེ་གཉིས་ལ་དོན་ཐ་དད་དུའང་ཡོད་དེ། བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས་ལས། བསྐྱར་བ་དོན་སྔ་མ་ཉིད་ཡང་བསྐྱར་བལྡབས་པ་ཙམ་ཡིན་ལ། བསྣན་པ་ནི་དོན་སྔ་མ་བལྡབས་པ་མ་ཡིན་པར་སྔ་མའི་སྟེང་དུ་གཞན་ཞིག་བསྣན་པ་ཡིན། ཞེས་གསུངས་པས་མཚོན་ནུས་སོ། །
6. བདག་སྒྲའི་དཔེར་བརྗོད་ལ་མཁས་པ་དང་བླུན་པོ་ལྟ་བུ་བཞག་པ་ལ་བརྟག་དགོས་པར་སེམས་ཏེ། འདིའི་པ་དང་པོ་གཉིས་མིང་གི་ཆ་ཤས་སུ་གྲུབ་པས་བླ་མ་ཞེས་པ་དང་འདྲ་ཞིང་། སྐྱེས་བུའི་རྟགས་ལྡན་ཙམ་གྱིས་བདག་སྒྲར་བཞེད་མཁན་སུ་ཡང་མེད་དོ། ། ཡང་བླ་མ་བདག་སྒྲར་མི་འཐད་མཁན་མང་ཞིང་མཁས་པ་དང་བླུན་པོ་འཇོག་མཁན་ཡོད་ཅེ་ན། མཁས་ཞེས་སྦྱར་ཚེ་པ་དང་བླུན་ཞེས་སྦྱར་ཚེ་པོ་ངམ་ངམ་ཤུགས་ཀྱིས་འདྲེན་པས་དངུལ་བུམ་ཞེས་ཚེ་དངུལ་གྱི་བུམ་པ་རང་བཞིན་གྱིས་སྟོན་པ་དང་འདྲ་སྟབས་བླ་མ་ལྟ་བུ་ལས་མ་འདས། དེ་གཉིས་ནི་བདག་སྒྲ་ལ་ཞིང་བ་ལྟ་བུ་སྦྱར་བ་དང་མི་འདྲ་སྟེ། ཞིང་ཞེས་པའི་ཚེ་ས་ཞིང་ལྟ་བུར་གོ་བ་དང་བ་སྦྱར་ཚེ་ཞིང་ལས་བྱེད་མཁན་ཡིན་པར་སྟོན་པ་དང་མཁས་ནི་པ་མ་སྦྱར་ཡང་མཁས་པ་ལས་ལོགས་སུ་གོ་རྒྱུ་མེད་པས་མིང་གི་ཆ་ཤས་སུ་གྲུབ་མ་གྲུབ་ལ་འདི་འདྲའི་ཁྱད་པར་ཞིག་ཡོད་པར་འདོད་དོ། ། གཉེར་པ་དང་གཅོད་པ་པོ། ཟ་བ་པོ་སོགས་བདག་སྒྲར་འགྲོ་ཡང་པ་བའི་ཐོབ་ཐང་སྦྱོར་ཚུལ་མི་འགྲིག་པར་འདོད། བདག་སྒྲའི་ཐོབ་ཐང་ལ་སློབ་དཔོན་ཐོན་མིས་གཏན་ཁེལ་ཞིག་མཛད་མེད་སྟབས་མཁས་པ་སོ་སོའི་བཞེད་ལུགས་མ་འདྲ་བ་ཡང་ཡིན་སྲིད། འོན་ཀྱང་། གཞུང་རྙིང་ཤོས་ལ་གཏུགས་ན་རྔོག་ལོ་ཙཱ་པའི་དག་ཡིག་ཉེར་མཁོ་བསྡུས་པ་དང་ཞ་ལུ་ལོ་ཙཱ་པའི་དག་ཡིག་ཟ་མ་ཏོག་སོགས་སུ་ག་ད་བ་ས་ན་མ་བཅས་ལ་པ་དང་། ང་འ་ར་ལ་མཐའ་མེད་མཐར་པ་དང་བ་གཉིས་ཀ་གསུངས། ཕྱིས་སུ་རྗེ་དམུ་དགེ་བསམ་གཏན་དང་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་སོགས་ཀྱིས་ང་འ་ར་ལ་མཐའ་མེད་ཀྱི་མཐར་པ་བའི་ཁྱད་མེད་པར་མཐའ་གཅིག་ཏུ་བ་ཡིག་གསུངས་པ་ལྟར་བྱས་ན་ཡུལ་སྐད་གདངས་དག་པ་འགའི་སྐད་དུ་མཐུན་པ་དང་གཅིག སུམ་ཅུ་བའི་བདག་སྒྲའི་ཐོབ་ཐང་ལ་མཐུན་པ་དང་གཉིས། མ་ཟད་རྟགས་འཇུག་གི་རྟགས་མཚུངས་དྲངས་པ་ལ་ཡང་མཐུན་པ་དང་ཕྱོགས་གསུམ་གྱིས་འགྲིག་སྟབས་སྐད་ཡིག་གཉིས་ཀར་བསྟུན་རྒྱུ་ནི་ཆེས་གལ་ཆེ་བ་ཞིག་ཡིན་ཞིང་། དེང་གི་པ་པོ་བ་བོའི་སྦྱོར་ཚུལ་ནི་སྐད་དང་སུམ་རྟགས་གཉིས་ཀའི་གང་གི་དགོངས་པར་ཡང་མི་མཐུན་པའི་ནོར་བ་རྒྱུན་འབྱམས་ཤིག་ཏུ་བསམས་ནས་ཡོད། མ་མོའི་བདག་སྒྲ་ལ་བཙུན་མ་དང་མཛེས་མ། གཞོན་ནུ་མ། གནས་མོ། བདག་མོ། བཙུན་མོ་སོགས་མོ་རྟགས་ཅན་བཞག་མོད། དེ་ནི་མི་འཐད་དེ། པུ་ལིངྒའི་སྒྲ་ཞེས་སློབ་དཔོན་ཐོན་མིས་དངོས་སུ་གསུངས་མོད། དེ་ལ་ཡང་མཁས་པ་མང་པོས་འགྲེལ་ཚེ་ཁ་ཅིག་གིས་པུ་ཞེས་པ་པ་སྡེ་ལ་གོ་མོད། མཁས་པ་ཕལ་ཆེ་བས་པུ་རུ་ཥའི་ཚིག་བསྡུས་པ་སྟེ་སྐྱེས་པའི་རྟགས་ཅན་དུ་འགྲེལ་བ་ནང་བཞིན་མོ་རྟགས་རྐྱང་པ་སྟོན་པ་བདག་སྒྲར་འཇོག་པར་མ་འཐད། ཡང་ཉན་ཤུལ་མཁྱེན་རབ་འོད་གསལ་མཆོག་གིས། ཆ་ལ་པ་ཞེས་དབྱངས་ཅན་གྲུབ་རྡོར་གྱི་གཞུང་དང་ཁུངས་བཅོལ་ཏེ་ཁམས་པ་ཞེས་སྦྱར་མོད། དབྱངས་ཅན་གྲུབ་རྡོར་གྱི་དགོངས་པ་དངོས་ནི་ང་འ་ར་ལ་མཐའ་མེད་རྣམས་བདག་སྒྲ་ཆར་གྱུར་ཚེ་པ་དང་ཡར་གྱུར་ཚེ་བ་ཞེས་པ་ཡིན་པ་ལས་ག་ད་བ་ས་ན་མ་བཅས་པ་གང་ཡིན་ཡང་ཆ་ཡིན་ཚེ་པ་སྦྱོར་ཞེས་པ་མིན་པས་ཁམས་པ་ལྟ་བུ་དགོངས་གཞི་དང་འགལ་ལོ། ། ཡིན་ཡང་དབྱངས་ཅན་གྲུབ་པའི་རྡོ་རྗེ་ལགས་ཀྱི་ཐོབ་ཐང་འདི་ཡང་འཐད་པར་མ་མཐོང་། དེ་བས་འདིའི་ཐད་སི་ཏུའི་འགྲེལ་ཆེན་ལས། ལྷ་ས་བ། སེ་ར་བ་ལྟ་བུ་རྣམས་ནི་གྲོང་བའི་ཕལ་སྐད་ཙམ་དུ་ཟད་པས་དཔེར་མི་འོས་ཏེ། དེ་འདྲ་ལ་ཡིད་རྟོན་འཆའ་ན་ནོར་བ་མང་པོའང་ཁས་ལེན་དགོས་པར་འགྱུར་ཞིང་། དེ་དག་དག་པར་འདོད་ན། ལྷ་ས་པ། སེ་ར་པ་ལྟ་བུར་བརྗོད་རིགས་པའི་ཕྱིར་རོ། ། ཞེས་པའི་ལུང་དྲངས་པ་སི་ཏུ་ཚང་ལ་ཡང་བདེན་ཁ་སྟེར་དཀའ་བའི་གནས་སོ། །
སྨྲས་པ། མཁས་པའི་བཀའ་དྲིན་ནམ་ཡང་དྲན་པར་རིགས། ། གསུང་ལ་རྒོལ་བའི་སྟངས་ཀ་ཡེ་ནས་མིན། ། ཤེས་ལོ་ཆུང་ཡང་ང་རྒྱལ་འཕྱུར་བ་མིན། ། དེ་བས་ཉེས་པ་ཅི་ཡོད་སྙིང་ནས་བཤགས། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1