གཙོ་ངོས།>> གནས་མཇལ།>>རི་ཆུའི་རིག་གནས།

ས་འགོ་སྤྲུལ་སྐུ་ནོར་བུ་དྲི་མེད། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༧ཚེས་༠༥ཉིན།

༄༅།། གཙོས་རི་བདེ་མཆོག་ཡབ་ཡུམ་གྱི་གནས་རིའི་ལོ་རྒྱུས་མདོར་བསྡུས།

ས་འགོ་སྤྲུལ་སྐུ་ནོར་བུ་དྲི་མེད།       
     བྲག་མགོ་རྫོང་གི་བྱང་ཕྱོགས། སྙི་ཡུལ་མཁར་གཉའ་ཡུལ་གྱི་ཉེ་ཆར། གཙོས་རི་བདེ་མཆོག་ཡབ་ཡུམ་གྱི་གནས་རི་ནི། དེ་ཡང་སློབ་དཔོན་པདྨའི་གཏེར་ལུང་ལས། གཙོས་རི་བདེ་མཆོག་ཡབ་ཡུམ་སྦས་ཡུལ་དགའ་བ་ལུང་གི་ཨོ་རྒྱན་གསང་ཕུག་ཙིཏྟ་གནམ་ལང་འདྲ་བའི་རི་ཞེས། གཏེར་གནས་ལུང་བསྟན་པ་དང་། དེ་ནས་གུ་རུ་པདྨ་འབྱུང་གནས་དང་། ཊཱཀྐི་ཡེ་ཤེས་མཚོ་རྒྱལ་སོགས་ཀྱིས་རི་འདི་དཔལ་བདེ་མཆོག་གི་གནས་སུ་བྱིན་གྱིས་བརླབས་ཏེ། ཆོས་གཏེར་དང་ནོར་གཏེར་རྫས་གཏེར་དང་མྱོང་གྲོལ་རིལ་བུ་སོགས་གཏེར་རིགས་མི་འདྲ་བ་མང་པོ་སྨོན་ལམ་གཏད་རྒྱ་དང་བཅས་པར་གཏེར་དུ་སྦས། ཕྱིས་གདུལ་བྱ་འདུལ་བའི་དུས་བབ་དང་བསྟུན་པར། 
     སྤྲུལ་པའི་གཏེར་སྟོན་བྱོན་ཚུལ། སློབ་དཔོན་སངས་རྒྱས་གཉིས་པའི་གཏེར་གྱི་ཁ་བྱང་ནོར་བུའི་དོ་ཤལ་ལས། ད་ལྟ་འབྲོག་བན་ལོ་ཙཱ་ཁྱོད༔སྐྱེ་བ་བདུན་ཅུའི་ཡང་ཐ་རུ༔མི་ཉག་ཞེས་བྱའི་ཡུལ་ཁམས་སུ༔རི་བོ་པདྨ་སྤུངས་འདྲའི་གཡས༔ཆུ་བོ་གཡུང་དྲུང་འཁྱིལ་འདྲ་ཡོད༔ཆུ་ཁམས་ཁྱི་འམ་ཕག་གི་ལོ༔ལུས་ལ་སྨེ་བའི་ག་ཤལ་ཅན༔རྣལ་འབྱོར་བྱང་སེམས་ཞི་ཚུལ་སྐུ༔སྤྱོད་པ་མི་མཐུན་ཡ་མ་ཟུང༔བླ་མ་ལ་གུས་སྐྱོ་སེམས་ཅན༔མིང་ཅན་འབྱུང་བར་འགྱུར༔ཞེས་ལུང་བསྟན་པ་ལྟར། འཁོར་ལོ་གདོང་གཏེར་ཆེན་ནུས་ལྡན་འགྲོ་ཕན་གླིང་པ་ནི། སྤྱི་ལོ༡༨༠༢རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་ཁྱིའི་ལོར། སྙི་ཡུལ་བདེ་བ་བསྟན་རྒྱས་གྲོང་དུ་སྐུ་འཁྲུངས། དགུང་གྲངས་ཉེར་ལྔའི་དུས་སུ། དཔལ་བདེ་མཆོག་ཡབ་ཡུམ་གྱི་གནས། ཙིཏྟ་གནམ་ལང་འདྲ་བའི་མགུལ་ནས། གསང་སྒྲུབ་རྡོ་རྗེ་གྲོ་ལོད་དང་། བྲམ་ཟེ་དྲི་མེད་ཀྱི་སྐུ་ཤ། བྲམ་ཟེ་དུང་རྣ་ཅན་གྱི་སྐུ་ཤ། ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མན་ད་ར་བས་རྙེད་པའི་སྐྱེ་བདུན་སྐུ་ཤ། རིག་འཛིན་དགའ་རབ་རྡོ་རྗེ། ཤྲཱི་སེང་ཧ་སོགས་ཀྱིས་བསྒྲུབས་པའི་བདུད་རྩི་མྱོང་གྲོལ་རིལ་བུ་དང་བཅས་པ་རྣམས་གཏེར་དུ་བཞེས། 
     ཡང་སྔོན་སློབ་དཔོན་ཆེན་པོ་པདྨའི་གཏེར་ལུང་དུ། སྐུ་རྟེན་ཨོ་རྒྱན་ང་ཚབ་མཐོང་ཐོས་གྲོལ། འདི་ཡིས་འགྲོ་བ་མཐའ་དག་སྡིག་ལས་གྲོལ། ཞེས་གསུངས་པའི་ལུང་བསྟན་དུས་ལ་བབ་སྟེ། གཏེར་ཆེན་རིན་པོ་ཆེ་འདི་ཉིད་ཀྱིས། སྦས་ཡུལ་དགའ་བ་ལུང་གི་ཨོ་རྒྱན་གསང་ཕུག་གི་བྲག་ནས། གུ་རུ་པདྨའི་སྐུ་ཚབ་སློབ་དཔོན་ང་འདྲ་མ་ཟེར་བའི་སྐུ་རྟེན་ཁྱད་པར་ཅན་གཏེར་ནས་གདན་དྲངས། གཙོས་གནས་ཡབ་རིའི་མགུལ་ནས། ཞི་ཁྲོ་ལྟ་བ་ཀློང་ཡངས་ཀྱི་ཆོས་སྐོར་དང་། ཀླུ་བདུད་ཕུག་ནས། སྐུ་རྟེན་ཐུབ་རྣམ་སྣང་གངས་ཆེན་མཚོ། རྡོ་རྗེ་གྲོ་ལོད་ཀྱི་རྟེན་ཕུར། རིན་པོ་ཆེ་ཟི་ཁྱིམ་ལས་གྲུབ་པའི་རྡོ་རྗེ་རྩེ་ལྔ་པ་སོགས་གཏེར་དུ་དྲངས། གཞན་ཡང་ཕྱོགས་ཀྱི་གནས་རྣམས་སུ། རིན་པོ་ཆེ་དཀར་ཁྲ་མེན་གྱི་སྒྲོམ་བུ། སྒྲོམ་བུ་ཡེ་ཤེས་སྤྱན་གཅིག། སྒྲོམ་བུ་ཤེལ་དཀར་རྩེ་ལྔ། རྡོ་སྒྲོམ་སྦལ་གཟུགས་མ། རྡོ་སྒྲོམ་པདྨ་ཡིད་བཞིན་དབང་རྒྱལ། གཏེར་སྒོ་ཕྱེ་བའི་རྫས་གཏེར་དམ་ཅན་མགར་བའི་ཐོ་བ། མདོར་ན་ཆོས་གཏེར་དང་ནོར་གཏེར་རྫས་གཏེར་སོགས་དང་། ལྟ་བ་ཡེ་ཤེས་ཀློང་ཡངས་དང་། ཡེ་ཤེས་རོལ་བའི་ཆོས་སྐོར་སོགས་ཟབ་གཏེར་གསུང་ཆོས་པོ་ཏི་བཅུ་གསུམ་རྣམས་གཏེར་ནས་སྤྱན་དྲངས་ཏེ་བསྟན་པ་དང་སེམས་ཅན་གྱི་དོན་རླབས་པོ་ཆེ་མཛད་དོ།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1