༄༅།། མི་དམངས་ཁྲིམས་ཁང་གི་ལག་བསྟར་དཀའ་བའི་གནད་དོན་ཐག་གཅོད་བྱེད་པའི་སྐོར་གྱི་བསམ་གཞིག་ཐོར་བུ།

བསྟན་རྒྱས། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 07-05



མགོ་ལོག བསྟན་རྒྱས།
        མི་དམངས་ཁྲིམས་ཁང་གི་ལག་བསྟར་བྱ་བ་ནི་རྒྱལ་ཡོངས་སུ་ཐག་གཅོད་ཧ་ཅང་དཀའ་བའི་གནད་དོན་གལ་ཆེན་ཞིག་ཡིན་པར་མ་ཟད།ཁྲིམས་ཁང་གི་བྱ་བའི་ཁྲོད་ཀྱི་གཙོ་གནད་ཀྱང་ཡིན།ཁྲིམས་ཁང་གི་ཁྲིམས་བཅད་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོན་མིན་ནི་ལག་བསྟར་གྱི་བྱ་བ་ཡོངས་འགྲུབ་ཐུབ་མིན་ལ་རག་ལས་ཡོད།

གཅིག  ལག་བསྟར་བྱེད་དཀའ་བའི་གནད་དོན་རྩ་བ་ནས་ཐག་གཅོད་བྱེད་དགོས་ན་ཁྲིམས་བཅད་ཡང་དག་ཅིག་བྱེད་དགོས།
        ལག་བསྟར་དཀའ་བའི་གནད་དོན་གྱི་ཕྱོགས་གཅིག་ནི་ཁྲིམས་བཅད་ཡང་དག་མ་ཡིན་པར་ཐུག་ཡོད་དེ།དེའི་ཁྲོད་ནས་ཀྱང་མང་ཆེ་བ་དམངས་དོན་འདྲི་ཞིབ་ཀྱི་བྱ་བ་དང་འབྲེལ་བ་དམ་པོ་ཡོད།ཁྲིམས་དཔོན་གྱིས་འདྲི་ཞིབ་བྱེད་སྐབས་ཁྲིམས་ཁང་གི་བྱ་བ་དང་དོ་བདག་གི་ཁེ་ཕན།ཡང་ན་ལག་བསྟར་གྱི་བྱ་བར་འདང་མ་བརྒྱབ་པར་རང་གི་ལག་ཐོག་གི་བྱ་བ་མཇུག་སྒྲིལ་ཐབས་ཁོ་ན་དམིགས་ཡུལ་དུ་བཟུང་ནས།ཡུལ་དངོས་བརྟག་དཔྱད་དང་ཞིབ་འཇུག་མི་བགྱི་བར་གཞུང་སྒྲུབ་ཁང་དང་ཁྲིམས་ར་ཁོ་ན་ནས་བསྡད་དེ་ཁྲིམས་ཐག་ལས་སླ་བོ་བཅད་ན།ལག་བསྟར་བྱ་བ་ལྡབ་གཅིག་གིས་ཁ་སྣོན་བྱེད་ཀྱིན་ཡོད།དཔེར་ན།དོ་བདག་ཁོ་ནའི་ངག་ལ་ཉན་ཏེ་རྒྱུ་ནོར་བགོ་བཤའ་དང་ས་མཚམས་ཐག་གཅོད་བྱས་ན།ལག་བསྟར་བྱེད་སྐབས་སུ་དོན་དངོས་དང་མི་མཐུན་པའམ་ཡང་ན་བཅད་ཁྲ་ལས་གོ་བརྡ་གསལ་བོ་སྤྲོད་དཀའ་བའི་གནས་ཚུལ་འབྱུང་བ་ལྟ་བུ།

གཉིས།  ལག་བསྟར་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱེད་དགོས་ན་དོ་བདག་གི་ཡིད་རྟོན་ནུས་པ་དང་ཁྲིམས་ཀྱི་འདུ་ཤེས་ཇེ་མཐོར་གཏོང་དགོས།
        སྤྱིར་བཏང་དུ་དོ་བདག་གིས་ཁྲིམས་ཁང་ལ་ཞུ་གཏུག་བྱེད་དགོས་པའི་རྒྱུ་མཚན་ཡང་མང་ཤོས་མི་ལ་ཡིད་རྟོན་མེད་པ་དང་ཁྲིམས་ཀྱི་འདུ་ཤེས་མི་ལྡན་པར་ཐུག་ཡོད་པར་འདོད།སྔར་བོད་རང་ལ་མཚོན་ན་མནའ་དང་རྒྱུ་འབྲས།ཁྲེལ་དང་ངོ་ཚ་སོགས་ལ་བརྟེན་ནས་མི་དང་མིའི་བར་གནད་དོན་མང་པོ་ཞིག་རང་ཤུགས་ཀྱིས་ཐག་གཅོད་བྱེད་ཀྱིན་ཡོད་མོད།འོན་ཀྱང་སྤྱི་ཚོགས་འཕེལ་བ་དང་བསྟུན་ནས་དེ་དག་གི་ནུས་པ་ཡང་ཡལ་ཏེ།ད་ལྟ་བཅའ་ཁྲིམས་ཁོ་ནས་མིའི་ཀུན་སྤྱོད་དང་བྱ་སྤྱོད་ལ་གཅུན་སྡོམ་དང་ལམ་སྟོན་བྱེད་དགོས་བྱུང་།སྤྱི་དམངས་ཤིག་ཡིན་ཕྱིན་ངེས་པར་དུ་རྒྱལ་ཁབ་གང་དེའི་ཁྲིམས་སློབ་པ་དང་ཁྲིམས་ཤེས་པ།ཁྲིམས་སྲུང་བ་དང་ཁྲིམས་བཀོལ་རྒྱུ་ནི་སྤྱིའི་འགན་འཁྲི་ཡིན་པས།དེ་ལས་ལྡོག་ན་ད་གཟོད་ཁྲིམས་ཁང་དུ་མི་འགྲོ་ཐབས་མེད་རེད།སོང་ནའང་བཙན་ཤེད་དང་འུ་ཐུག་གིས་ལག་བསྟར་བྱེད་དགོས་བྱུང་བ་རེད།གལ་ཏེ།སྤྱི་དམངས་ཀྱི་ཡིད་རྟོན་ནུས་པའམ་འབྱུང་སྤུས་དང་ཁྲིམས་ཀྱི་འདུ་ཤེས་ཇེ་མཐོར་སོང་བ་ཡིན་ན་ངང་ངམ་ཤུགས་ཀྱིས་ཁྲིམས་ཁང་གི་ལག་བསྟར་བྱ་བ་ཡང་ཇེ་ཡང་ནས་ཁྲིམས་སྐྱོང་དུ་འགྱུར་ངེས་སོ། །

གསུམ།  ལག་བསྟར་བྱེད་དཀའ་བའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས་ན་ཁྲིམས་བསྟར་བྱ་བར་ནན་ཏན་དང་བཙན་ཤེད། དོ་སྣང་བཅས་བྱེད་དགོས།
        དོ་བདག་གིས་མི་དམངས་ཁྲིམས་ཁང་ལ་བཙན་ཤེད་ཀྱིས་ལག་བསྟར་བྱེད་པར་རེ་ཞུ་བྱས་པའི་ལག་བསྟར་བྱ་ཡུལ་ལ་མཚོན་ན། ཁྲིམས་བཅད་འོས་འགན་མི་བསྒྲུབ་པའམ་ཡང་ན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་བརྩི་སྲུང་མི་བྱེད་པའི་མི་ཁྲེལ་མེད་ཅིག་ཡིན་པ་ཕལ་ཆེར་དཔག་ནུས།དེ་བས་ཁྲིམས་བཅད་ཀྱི་འོས་འགན་དུས་ལྟར་མི་བསྒྲུབ་པའི་ལག་བསྟར་བྱ་ཡུལ་ལ་བཙན་ཤེད་ཀྱི་བྱེད་ཐབས་ངེས་པར་སྤྱོད་དགོས།ཁྲིམས་ཀྱི་བཙན་ཤེད་ཀྱི་བྱེད་ཐབས་མ་བཀོལ་ན་ཁྲིམས་ཀྱི་ནུས་པ་ཤོར་ཞིང་རེ་ཞུ་མཁན་གྱི་ཁྲིམས་མཐུན་ཁེ་དབང་བརྩི་སྲུང་མི་ཐོབ་པར་མ་ཟད།ལག་བསྟར་བྱ་ཡུལ་ཡང་ལང་ཤོར་དུ་གྱུར་ནས་མུན་པའི་སྤྱི་ཚོགས་གསར་པ་ཞིག་འཛུགས་པར་ཉེན་ཁ་ཧ་ཅང་ཆེ་བས། རྒྱུ་འབྲས་གནས་ལུགས་མི་བརྩི་བའི་མི་ལ་ཁྲིམས་ལྟར་དགོས་ངེས་ཀྱི་ཆད་གཅོད་ནན་མོ་གཏོང་བ་དང་།སྤྱི་ཚོགས་ཡོངས་སུ་སྤྱི་བསྒྲགས་བྱས་ཏེ་སློབ་གསོ་ཐེབས་པ་དང་ཁྲིམས་ཁང་གི་ཟིལ་ཤུགས་བཏོན་ཏེ་ལག་བསྟར་བྱ་ཡུལ་ལ་གཅུན་སྡོམ་བྱེད་དགོས།ཁྲིམས་ཁང་ནི་ལས་ཁུངས་གཞན་དང་མི་མཚུངས་པས་ལས་དེ་ལ་ཞུགས་མཁན་གྱི་མི་ཞིག་ལ་མཚོན་ནའང་ཁྲིམས་བསྟར་དང་བྱ་བའི་ཐད་ལ་སྒྲིག་ལམ་ནན་སྲུང་བྱེད་མཁན་ཞིག་ཅིས་ཀྱང་ཡིན་དགོས།

བཞི།  ལག་བསྟར་བྱེད་དཀའ་བའི་གནད་དོན་གཙང་སེལ་བྱེད་དགོས་ན་དྲ་རྒྱ་ཡོངས་ཁྱབ་དུ་གཏོང་དགོས།
      དྲ་རྒྱ་ནི་མེ་ལོང་ལྟ་བུ་དང་སྡོམ་དྲ་ལྟ་བུའི་ཕྱོགས་གཅིག་གི་ཁེ་ཕན་སྲུང་ཞིང་ཕྱོགས་གཅིག་གི་ནག་ཉེས་སྟོན་པའི་རལ་གྲི་ངོས་གཉིས་མ་ཞིག་ཡིན།ད་ལྟའི་གནས་བབ་ལ་བལྟས་ན་ས་ཆ་མང་པོ་ཞིག་ཏུ་གློག་དྲ་ཡོངས་ཁྱབ་དུ་སོང་མེད་རྐྱེན་སྤྱི་དམངས་མང་པོ་ཞིག་གིས་ཁྲིམས་ཀྱི་ཁེ་ཕན་སྲུང་མ་ཐུབ་པར་ཉམ་ཆུང་གིས་འཚོ་ཞིང་གཡོ་ཅན་དང་ཉེས་ཅན་མང་པོ་ཞིག་གི་མགོ་ན་ཉི་མ་ལྡོག་ཤར་དང་ཟླ་བ་ཚེ་གང་ཚེས་བཞིན་ཡོད།མ་ཟད་ས་ཆ་དང་རྒྱུ་ནོར་མང་པོ་ཞིག་གཅིག་བསྡུས་ཀྱིས་དྲ་ཐོག་ལ་བཞག་མེད་པ་དང་འབྲེལ་ཡོད་ལས་ཁུངས་སོ་སོའི་དོ་དམ་འབྲེལ་མཐུད་བྱས་མེད་ཕྱིར་དེའི་སྐོར་གྱི་གྱོད་གཞི་ཞིག་ཡིན་ཚེ་ཐག་གཅོད་ཅི་ལྟར་བྱེད་དགོས་པ་མི་ཤེས་པ་དང་།ཐ་ན་དོ་བདག་ཅིག་བཙལ་དགོས་ཚེ་ཁ་པར་གྱི་བརྡ་རྟགས་ཀྱང་མེད་པས་མི་དམངས་ཁྲིམས་ཁང་གི་ལག་བསྟར་དཀའ་བའི་གནད་དོན་རྩ་བ་ནས་ཐག་གཅོད་ཟེར་ན་ཉིན་མོའི་སྐར་མ་བཞིན་ནོ། །དེ་བས་མི་སྡོད་སའི་རི་ལུང་གང་སར་གློག་དྲ་ཁྱབ་གདལ་དུ་བཏང་ན་ལག་བསྟར་ཀྱི་བྱ་བ་ནི་ཁྱོན་ཡོངས་ནས་ཁྲིམས་ཀྱི་བྱ་བ་རང་ཤུགས་སུ་ཐག་གཅོད་ཐུབ་ངེས་སོ། །

ལྔ།   ལག་བསྟར་བྱེད་དཀའ་བའི་གནད་དོན་འོས་མཐུན་གྱིས་ཐག་གཅོད་བྱེད་དགོས་ན་དོ་བདག་ཕྱོགས་གཉིས་ལ་བཅའ་ཁྲིམས་དང་ལུགས་མཐུན་ཟུང་འབྲེལ་གྱི་སློབ་གསོ་དང་གོ་བརྡ་ཡང་དག་ཅིག་སྤྲོད་དགོས།
        མི་སུ་དང་གང་ཡིན་ཡང་དྲང་བདེན་དང་འདྲ་མཉམ་རྩ་དོན་ཡིན་པའི་སྒོ་ནས་སེམས་ཀྱིས་ཁ་བརྡ་གློད་རྒྱུ་ནི་དོན་ཆེན་ནང་གི་འགངས་ཆེན་ཡིན།རོང་འབྲོག་མང་ཚོགས་ལ་མཚོན་ན་ཁྲིམས་ཀྱི་གོ་རྟོགས་ཧ་ཅང་ཞན་པས།མི་དང་མིའི་བར་དུ་སྐད་ཆ་བརྒྱུད་ནས་སེམས་དང་སེམས་ལ་ཤུགས་རྐྱེན་དང་བག་ཆགས།སློབ་གསོ་ཐེབས་པ་ཡང་མིའི་ཁྱད་ཆོས་གཙོ་བོ་ཞིག་ཏུ་བགྲང་ཆོག དེ་བས་བཙན་ལྷོད་རན་པ་དང་ཁྲིམས་དང་མི་ཆོས་ཟུང་འབྲེལ་གྱིས་དོ་བདག་ལ་ཁྲིམས་ཀྱི་འོས་འགན་དང་ཕན་གནོད་ཀྱི་མཇུག་འབྲས་གསལ་བོར་བཤད་རྒྱུ་ནི་ལག་བསྟར་བྱ་བའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན།མི་རེ་འགར་ཁྲིམས་ཀྱི་གཅུན་ནུས་མཁོ་ཞིང་རེ་འགར་ལུགས་མཐུན་གྱི་ཁ་བརྡ་འཕྲོད་དོ། །

དྲུག  ལག་བསྟར་བྱེད་དཀའ་བའི་གནད་དོན་ཚན་རིག་དང་མཐུན་པའི་སྒོ་ནས་ཐག་གཅོད་བྱེད་དགོས་ན་ཚད་ལྡན་གྱི་ལག་བསྟར་མི་སྣ་བསྐོ་འཐེན་བྱེད་པར་ཤུགས་སྣོན་དགོས།
        ཚད་ལྡན་གྱི་ལག་བསྟར་མི་སྣ་ཞེས་པ་ནི་དྲང་བདེན་དང་འདྲ་མཉམ་རྩ་དོན་དུ་འཛིན་པ།རང་གཞན་ཀུན་གྱི་བྱ་བར་བློ་དཀར་ཞིང་ཉེ་རིང་མེད་པ།ཁྲིམས་ཤེས་ཤིང་ཁྲིམས་སྐྱོང་བ།ཁྲིམས་འཛིན་ཐོབ་ཐང་ཡོད་ལ་སྤྱོད་པ་གཙང་བ་ཞིག་ངེས་པར་ཡིན་དགོས།ད་སྐབས་རྒྱལ་ཡོངས་སུ་ཚ་ཚ་འུར་འུར་གྱིས་བསྒྲགས་ཀྱིན་པ་ནི་འདྲི་གཅོད་དཀའ་བའི་བྱ་བ་མ་ཡིན་པར་ལག་བསྟར་དཀའ་བའི་གནད་དོན་རེད།དེའི་ཕྱིར་གོང་རིམ་ནས་ཀྱང་ཡོངས་ཁྱབ་ཏུ་ལག་བསྟར་བྱ་བར་གཙིགས་མཐོང་བྱེད་ཀྱིན་ཡོད་ནའང་ནུས་པ་མངོན་གསལ་དུ་ཐོན་དཀའ།རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་བའི་གཏམ་བཟང་གང་སར་འདོན་བཞིན་པའི་སྒང་འདིར་མི་དམངས་ཁྲིམས་ཁང་ནི་བྱ་བ་འདི་སྒྲུབ་པ་པོ་དངོས་ཡིན་པས། མི་དམངས་ཁྲིམས་ཁང་གི་བྱ་བར་གྲུབ་འབྲས་གསར་བ་ལེན་ཐུབ་མིན་དེ་ལག་བསྟར་དཀའ་བའི་གནད་དོན་ཐག་གཅོད་བྱེད་ཐུབ་མིན་ལ་ཐུག་ཡོད་རྐྱེན། སྲིད་གཙང་སྤྱོད་གཙང་གི་ལག་བསྟར་མི་སྣའི་དཔུང་སྡེ་ཞིག་འཛུགས་སྐྲུན་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ།དེ་ལ་མི་གྲངས་ཀྱི་ཐད་ནས་དཔུང་སྡེར་རན་པ་ཞིག་ངེས་པར་དགོས་ཏེ།ལག་བསྟར་མི་སྣ་ནི་དྲང་བདེན་གྱི་དར་ཆ་འཕྱར་ནས་དྲང་བདེན་མ་ཡིན་པའི་མུན་པ་འཇོམས་མཁན་དེ་ཡིན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1