རྒྱལ་ཡོངས་ཀྱི་རྩ་འཛུགས་བྱ་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 07-06


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7པའི་ཚེས3དང་ཚེས4ཉིན་གཉིས་ལ།  རྒྱལ་ཡོངས་ཀྱི་རྩ་འཛུགས་བྱ་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པས། ང་ཚོའི་ཏང་ལ་ངེས་པར་དུ་སྣང་བརྙན་གསར་བ་དང་བྱ་སྤྱོད་གསར་བ་ཡོད་དགོས་པ་དང་། གནད་འགག་ནི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བར་རྣམ་པ་གསར་བ་བསྐྲུན་རྒྱུ་དེ་ཡིན། རླབས་ཆེན་འཐབ་རྩོད་དང་རླབས་ཆེན་བཟོ་སྐྲུན། རླབས་ཆེན་ལས་དོན། རླབས་ཆེན་ཕུགས་འདུན་བཅས་ལས་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་པ་ནི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བ་ཡིན། དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་རླབས་ཆེན་སྤྱི་ཚོགས་གསར་བརྗེ་དེ་སྔར་ལས་བཟང་བོར་སྤེལ་དགོས་པ་དང་། ང་ཚོའི་ཏང་གིས་ངེས་པར་དུ་སྤོབས་པ་ཆེན་པོས་རང་ཉིད་གསར་བརྗེ་བྱས་ནས་ཏང་འཛུགས་སྐྲུན་དེ་སྔར་ལས་སྟོབས་ལྡན་དུ་གཏོང་དགོས་ཟེར།

        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་གཉིས་ཀ་གྲོས་ཚོགས་ལ་ཞུགས།
        ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་རྗེས་སུ། ཏང་ཀྲུང་དབྱང་གིས་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་འཐབ་ཇུས་བཀོད་སྒྲིག་གཏན་འཁེལ་བྱས་ཏེ། ཆོད་སེམས་བརྟན་ཞིང་བློ་གྲོས་ཡངས་པར་བྱེད་པར་སྐུལ་འདེད་བཏང་བ་དང་། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་བསྣན་ཞིང་དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་རྒྱུན་འཁྱོངས་དང་། ཏང་གིས་ཏང་ལ་དོ་དམ་དང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་རྒྱུན་འཁྱོངས། ཏང་གི་ཆབ་སྲིད་འཛུགས་སྐྲུན་དེ་གོ་གནས་གལ་ཆེན་དུ་འཇོག་པ་རྒྱུན་འཁྱོངས། བསམ་བློའི་ཏང་འཛུགས་སྐྲུན་དང་ལམ་ལུགས་ཏང་སྐྱོང་མཉམ་དུ་འཛིན་པ་རྒྱུན་འཁྱོངས། དུས་སྐབས་གསར་པའི་ལས་བྱེད་པ་བཟང་བོའི་ཚད་གཞི་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བཅས་བྱས་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་སྐྱེ་ཁམས་མངོན་གསལ་སྒོས་ལེགས་སྒྱུར་བྱས་ཤིང་། ཏང་གི་གསར་སྐྲུན་ནུས་ཤུགས་དང་གཅིག་སྡུད་ནུས་ཤུགས། འཐབ་འཛིང་ནུས་ཤུགས་མངོན་སྒོས་ཇེ་ཆེར་བཏང་བ་དང་། ཏང་དང་མང་ཚོགས་ཀྱི་འབྲེལ་བ་མངོན་གསལ་སྒོས་ལེགས་བཅོས་བྱས་ལ། ཏང་གི་རླབས་ཆེན་གྱི་རང་ཉིད་གསར་བརྗེ་ཡིས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་ལ་སྐུལ་འདེད་བཏང་། ལག་ལེན་ལས་ང་ཚོས་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་འཛུགས་ཆོས་ཉིད་ལ་ངོས་འཛིན་གསལ་བོ་བྱས་པ་དང་། ང་ཚོས་བླངས་པའི་ལག་ལེན་གྲུབ་འབྲས་དང་རིགས་གཞུང་གྲུབ་འབྲས་ངེས་པར་དུ་ཡུན་རིང་ལ་རྒྱུན་འཁྱོངས་བྱེད་པ་དང་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་ཟེར།
        ཞི་ཅིན་ཕིང་གིས་གསུངས་རྒྱུར། རིམ་པ་སོ་སོའི་ཏང་ཨུ་དང་ཏང་རྩ་འཛུགས་ཀྱིས་ཏང་གི་འཛུགས་སྐྲུན་འགོ་ཁྲིད་ལ་ཤུགས་བསྣན་ཏེ་འགན་འཁྲི་གཙོ་བོ་དང་ལེན་བྱེད་པ་དང་ལས་རིགས་གཙོ་བོ་དམ་འཛིན་བྱེད་པ། སྲོག་ཤིང་ནུས་པ་འདོན་སྤེལ་བྱེད་དགོས་པར་མ་ཟད། འཐབ་ཕྱོགས་རེ་རེ་དང་ཁྱབ་ཁོངས་རེ་རེ་སོགས་ཀྱི་ཏང་འཛུགས་བྱ་བ་གཏིང་ཟབ་ཏུ་སྤེལ་དགོས། ཏང་ཨུ་དང་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ནི་འགན་འཁྲི་གཙོ་བོ་འཁུར་མཁན་ཡིན་པའི་ཆ་ནས་ཏང་འཛུགས་འགན་འཁྲི་རིམ་པ་བཞིན་དངོས་འབེབས་བཟང་བོ་བྱེད་པ་དང་ཏང་འཛུགས་བྱ་བ་ནན་ཏན་དང་ཞིབ་ཕྲའི་སྒོ་ནས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཟེར།
        ཚོགས་ཐོག་ཏུ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཁྲིན་ཞི་ཡིས་སྤྱི་སྡོམ་གཏམ་བཤད་སྤེལ་བ་དང་། པེ་ཅིན་གྲོང་ཁྱེར་དང་ཐེན་ཅིན་གྲོང་ཁྱེར། ཧྥུའུ་ཅན་ཞིང་ཆེན། ཆུ་བེད་པུའུ་སོགས་ཀྱི་འབྲེལ་ཡོད་མི་སྣས་བརྗེ་རེས་གཏམ་བཤད་སྤེལ།


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1