བག་མ་སློང་བ།

རྩོམ་སྒྲིག་པ།སྒྲོལ་མ་ཚེ་བརྟན།ཡོང་ཁུངས། དམངས་ཁྲོད། སྤེལ་དུས། 06-18




གནའ་སྔ་མོ་ཡུལ་ཞིག་ལ་རྒྱུ་ནོར་དབུལ་ཞིང་ཕོངས་པའི་ཁྱིམ་ཚང་ཞིག་ཡོད་པ་དེར་ལང་ཚོ་སྨིན་པའི་བུ་གཅིག་ཡོད། དེ་ལ་ཕ་མ་གཉིས་པོས་མགྱོགས་པར་ཉེ་འཁོར་ནས་འཚམས་པའི་བུ་མོ་ཞིག་མནའ་མར་སློང་རྒྱུའི་སེམས་འཚབ་བྱེད་པ་དང་དམིགས་ཡུལ་ཡུན་རིང་བཅངས་ཀྱང་གཞན་ཚོས་ཁྱིམ་ཚང་གི་སྐྱིད་སྡུག་ཁོ་ནར་བལྟས་ནས་ཨ་ཙི།  ད་གང་དྲག་ཟེར་ཁོའི་ཕ་མ་གཉིས་པོའི་ངལ་བ་འབྲལ་མེད་དང་རེ་བ་སྟོང་ཟད་དུ་བྱས།གང་མཚམས་ཞིག་ནས་བུའི་གཉེན་དོན་གྱིས་སེམས་བཅོམ་པའི་ཕ་དེས་ཡུལ་དེར་བལྟ་རྒྱ་མཐོང་རྒྱ་ཆེ་ལ་རྣམ་རིག་བཀྲ་བའི་ཚོང་གཉེར་རིག་འཛིན་ཟེར་བ་ཞིག་ཡོད་པ་དེའི་གམ་དུ་བཅར་ནས་འ་ཆད་འུ་ཐུག་ངང་སེམས་ནང་གི་སྡུག་བསྔལ་མཐའ་དག་ལྷུག་པོར་བརྗོད་ནས་ཚོང་དཔོན་ཆེན་པོས་རང་ཉིད་ཀྱི་རེ་དོན་དེ་བསྒྲུབ་རྒྱུའི་ཞུ་བ་ཡང་ནས་ཡང་དུ་འཐེན།  རིག་འཛིན་ཡང་ཕ་རྒན་དེར་སྙིང་རྗེ་ལྷག་པར་སྐྱེས་ནས་དོན་དེ་ཁས་བླངས།ནམ་ཞིག་རིག་འཛིན་ཐག་རིང་གི་ཡུལ་གྲུ་ཞིག་ལ་ཚོང་བསྐོར་དུ་འགྲོ་སྐབས་འོན་གསང་བྱེད་པ་བཞིན་དེ་གའི་ཁྱིམ་ཚང་ཞིག་ལ་རང་ལོ་བཅོ་བརྒྱད་ལ་སླེབས་པའི་བུ་མོ་ཁམས་འབྲས་མཚར་ལ་ལས་སྟངས་བཟང་བ་ཞིག་ཡོད་ཚུལ་གོ་ཐོས་བྱུང་བས་དེར་བཅར་ཏེ་ཁྱིམ་དེའི་ཕ་མ་ཟུང་ལ་ཕར་ནང་གི་བུ་དེ་བཟང་བའི་བཟང་ཚུལ།  འདི་ནང་གི་བུ་མོ་དང་འཚམ་པའི་འཚམ་ལུགས།  ཁོ་གཉིས་བཟའ་ཟླ་བསྒྲིག་ན་ལེགས་པའི་ལེགས་ཚུལ་སོགས་ཀྱི་གནས་ལུགས་རྒྱུ་མཚན་ལུང་པ་གང་བགྲངས་ནས་མག་པར་སྟེར་རྒྱུའི་རེ་བ་བཅངས།  དེས་ན་ཕ་དེས་ངོ་གདོང་ལ་ཡིད་དགའ་བའི་རྣམ་འགྱུར་དང་བློ་སྒམ་པའི་རང་ཚུགས་ཅིག་ཅར་ངུ་སྟོན་གྱིན་བུ་མོ་ལོངས་ན་འཇིག་རྟེན་མི་སྒོ་འགྲིམ་རྒྱུ་ནི་དུས་ཚོད་སྔ་ཕྱི་ཙམ་ཡིན་མོད།  ཡིན་ནའང་ད་ཆ་ཉེ་འགྱངས་ག་ས་ག་ནས་གཉེན་པོ་རྒྱུན་ཆད་མེད་པར་ཡོང་བཞིན་འདུག་པས་གང་བཟང་གང་ངན་གྱི་གདམ་ག་ཡང་དཀའ་བར་འདུག  མ་ཟད་ད་ལྟ་ཁྱེད་རང་གིས་གསུང་པའི་ཁྱིམ་ཚང་དེའི་སྐྱིད་སྡུག་ཇི་འདྲ་ཡོད་མིན་ཡང་ཆ་མ་འཚལ་ཞེས་ཁ་མཁས་ཚིག་འཇམ་གྱིས་སེམས་ནང་གི་དོགས་གཞི་སེལ་རྒྱུར་བརྗོད།  དེ་ན་རིག་འཛིན་གྱིས་ལམ་སེང་ཐེ་ཚོམ་མེད་པར་ཁོང་ཚོའི་འཚོ་བའི་ཆ་རྐྱེན་ལ་ཟེར་དགོས་གང་ཡང་ཡོད་པ་མ་རེད།  ཁོང་ཚོའི་ཁྱིམ་ལ་ར་མ་རྒྱ་བཞར་ནི་ཡོད་པ་རེད། དམར་པོ་རྩིད་སྒྲོག་ནི་ཡོད་པ་རེད།  དཀར་པོ་ལ་སྦྱར་ནི་ཡོད་པ་རེད་ཅེས་མཛུབ་གྲངས་རྒྱག་བཞིན་རང་ཉིད་ཀྱང་ཧ་ལས་མདོག་དང་ཧང་སང་མདོག་གིས་བཤད།  
ཁྱིམ་དེའི་བཟའ་མི་གཉིས་པོས་ཚོང་དཔོན་གྱིས་མིང་བགྲངས་པའི་དངོས་པོ་དག་ཡང་སྙིང་ཅི་ཡིན་པ་མགོ་མ་འཚོས་ཀྱང་གང་ལྟར་ཁོ་པའི་རྣམ་འགྱུར་ལ་བལྟས་ན་ངེས་པར་གྲོང་པ་ཕྱུག་པོ་ཞིག་ཡོད་པ་འདྲ་སྙམ་ནས་བུ་མོ་སྟེར་རྒྱུའི་མོས་མཐུན་བྱས་ཤིང་ག་དུས་བསུ་སྐྱེལ་བྱེད་མིན་གྱི་གཏན་འཁེལ་དུས་མཁོ་བརྒྱབ།གཉེན་སྟོན་རན་མཚམས་སུ་ཁྱིམ་ཚང་དབུལ་པོ་དེའི་ནང་གི་མི་རྣམས་ཡར་རྒྱུགས་མར་རྒྱུགས་དང་ད་རེས་སྐུ་མཁྱེན་རང་ཟེར་གྱིན་ཁྱིམ་མཚེས་ཆེ་བའི་ས་ནས་གདན་ཅོག་ནས་རྩིས་པའི་སྒྲིག་ཆས་ཆ་ཚང་བར་གཡར་པོ་ཞུས།  
ཆང་སའི་རྟེན་འབྲེལ་གྲོལ་བ་དང་བག་མ་སྐྱེལ་མི་ཚོའང་རང་ཡུལ་དུ་ལོག  ཤར་ལྷོ་ནུབ་བྱང་གི་མི་ཚང་ག་གེ་མོའི་དངོས་པོ་དག་ཀྱང་ནག་རྣོག་དང་བཅག་བཅོག་མེད་པར་རིམ་བཞིན་ཕར་སྤྲོད་བྱས།  ཧ་ལམ་རྫ་ཆས་སྒྲིག་ཙམ་ཕུད་དངོས་པོ་དབེན་ཞིང་ཁང་ཆུང་དེའང་སྟོང་ལྷང་ངེར་གྱུར་བའི་ཡ་ངའི་སྣང་ཚུལ་དེ་མཐོང་དུས་བག་མར་ཡིད་ཆེས་དཀའ་བ་དང་བསམ་བརྗོད་ལས་འདས་པའི་སྐྱོ་གདུང་ཤུགས་ཀྱིས་སྐྱེས་ཀྱང་སོ་སོའི་ལས་བསྐལ་དམན་པར་བསམས་ནས་སྡུག་རུས་དང་བཟོད་སྒོམ་བྱས་ནས་མི་སྒོར་སྡོད་རྒྱུ་ལས་ཐབས་མ་རྙེད།  རྗེས་སུ་མོས་ཕ་ཡུལ་དུ་འགྲོ་མཁན་འབྲུལ་པར་ཨ་མར་གང་མགྱོགས་བུ་མོར་བསྐོར་བ་གཅིག་རྒྱག་པར་ཕེབས་རོགས་ཟེར་ཁ་ལན་གཅིག་རྗེས་གཉིས་མཐུད་བསྐུར་སྟབས་མི་འགྱངས་བར་བུ་མོའི་ཨ་མ་སླེབས་པ་དང་ད་གཟོད་གཞི་ནས་ཁྱིམ་ཚང་དེའི་འཚོ་བའི་གནས་ཚུལ་སྐྱོ་པོ་ཡིན་པ་ཚོང་དཔོན་རིག་འཛིན་ཟེར་མཁན་ཧམ་ཆེན་དེས་རང་བཟའ་ཟླ་གཉིས་ལ་མགོ་བསྐོར་བཏང་བ་གསལ་རྗེན་དུ་ཤེས་རྟོགས་བྱུང་ཡང་ཚང་མ་ཕྱི་དྲག་པའི་ལས་ཡིན་པས་རང་བཟའ་འཚོ་གཉིས་པོས་མུན་ནག་སྦར་ཡུལ་གྱི་རྟོགས་དཔྱོད་ལ་བརྟེན་ནས་བུ་མོའི་མི་ཚེ་གཅིག་གི་དོན་ཆེན་ཐག་གཅོད་བྱས་པར་བློ་འགྱོད་སྐྱེས་པ་དང་འབྲེལ་གཉེན་པོ་རིག་འཛིན་ལ་དེ་བས་ཁོང་ཁྲོ་ཆེར་པོ་ལངས།ཉིན་ཞིག་གི་ཞོགས་པ་བུ་མོའི་ཨ་མ་གཅིག་པུར་ལག་ཏུ་ཕྲེང་བ་ཞིག་ཐོགས་ནས་སྡེ་བསྐོར་ལ་འགྲོ་བ་དང་ཐག་རིང་ཙམ་ནས་ཚུར་ཡོང་བའི་རིག་འཛིན་མཐོང་བ་དང་རང་གི་བུ་མོའི་བྱ་བ་འཕྱུག་ཟིན་ཡང་ངས་ཁོ་ལ་གདོང་ཐུག་ནས་བདེན་དོན་ཞིག་མ་རྩོད་ན་འགྲིག་ཐབས་མེད་བསམ་བཞིན་འགྲོ་བ་དང་ཁོ་དང་འཕྲད།  བུ་མོའི་ཨ་མས་ཨ་ཙི།  ངེ་འདྲའི་ཚོང་དཔོན་ལགས་ཀྱི་ཐབས་སྡུག་ལ་ངའི་བུ་མོ་ཁ་ཐལ་བར་སྦྱར་སོང་།  ཁྱོད་རས་མི་ཉམས་ཆུང་ལ་རྫུན་གཏམ་གྱིས་མགོ་བསྐོར་གཏོང་བ་དཔེ་སྲིད་དམ་ཞེས་དབུགས་ཐེངས་གཅིག་ལ་བཤད་མཚམ་དེར་རིག་འཛིན་གྱིས་ངག་དལ་པོས་ཨ་ཙི་ཨ་མ་ལགས། ཁྱེད་རང་མི་དཀར་ལ་ཞྭ་ནག་གཡོགས་པ་མ་གནང་དང་།  མ་གཞི་ང་མི་བཟང་པོ་ཞིག་མིན་ཏེ་ངས་ཁྱེད་ཚོར་རྫུན་བཤད་ནས་མགོ་བསྐོར་གཏོང་རྒྱུ་རྩ་བ་ནས་མ་བྱུང་།  ངས་མི་ཚང་དེར་ར་མ་རྒྱ་བཞར་ཡོད་པ་རེད་ཟེར་བ་བཞིན་ཁོང་ཚོའི་སྒོ་རྭའི་ནང་ར་རྒྱ་མོ་མིག་བཞར་བ་ཞིག་མི་འདུག་གམ།  དམར་པོ་རྩིད་སྒྲོག་ཡོད་པ་རེད་ཟེར་མི་ཚང་གི་ཨ་ཕར་སྟོད་ཕོར་དམར་པོ་གས་པ་སྐེད་པ་རྩིད་སྐུད་ཀྱིས་བསྡམས་པ་ཞིག་དང་དཀར་པོ་ལ་སྦྱར་ཡོད་པ་རེད་ཟེར་མི་ཚང་གི་ཨ་མའི་ལག་མགོ་གཡོན་མར་དུང་སྒོར་གས་པ་ལ་ཆས་སྤྱར་བ་ཞིག་བརྒྱུས་ནས་ཡོད་པའམ་ཁྱེད་རང་གིས་གཟིགས་ཡོད་ངེས་རེད།  མ་གཞི་ནས་མནའ་མ་མག་པ་སློང་སྐབས་མི་སུ་ཡིན་ནའང་ཡོད་རྐྱང་རྐྱང་མ་གཏོགས་མེད་ཞུ་མཁན་ག་པར་ཡོད་པ་རེད་ཅེས་རང་ལ་བདེན་པ་སྒྲུབ་པས་མ་རྒན་དེ་ཡང་ག་བྱེད་འདི་བྱེད་དང་ག་ཟེ་འདི་ཟེ་མེད་པར་ངོ་ཚས་ཁ་སྐྱེངས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1