གཙོ་ངོས།>> སྐྱེ་ཁམས།>>སྲོག་ཆགས།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༧ཚེས་༠༩ཉིན།

༄༅།། ཁྲི་ཀ་གཡུ་བཟང་རྩྭ་ཐང་གི་བྱེའུ་ཅོ་གའི་བྱ་ཚང་བརྟག་དཔྱད།



          མཚོ་སྔོན་དགེ་ཐོན་སློབ་ཆེན་ཚེ་སྲོག་ཚན་རིག་སློབ་གླིང་གི་གསོ་བ་རིག་པའི་འབུམ་རམས་པའམ་དགེ་རྒན་ཆེན་པོ་གཞོན་པ།ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན།

          གཡུ་བཟང་རྩྭ་ཐང་ནི་ཁྲི་ཀ་རྫོང་མཁར་གི་ལྷོ་ཕྱོགས་དང་བྲག་དཀར་རི་བོའི་བྱང་རྒྱུད་དུ་ཆགས་ཤིང་། ཁྲི་ཀ་རྫོང་མཁར་ནས་ལྷོ་ཕྱོགས་སུ་བལྟས་པ་ན་ཤར་དུ་ཀོ་རའི་ཆུ་དང་ནུབ་ཏུ་ཀབ་རོན་ཆུས་ཆོད་པའི་བར་མཚམས་སུ་ཡོད། 

          ས་བབ་ཆགས་ལུགས་ཀྱི་ཆ་ནས་བྲག་དཀར་རྫ་རིའི་བྱང་རྒྱུད་ནས་རྨ་ཆུ་སྔོན་མོ་ཁྲི་ཀའི་ཡུལ་དུ་འབབ་པའི་མཚམས་སུ་ལྷོ་མཐོ་ཞིང་བྱང་དམའ་བའི་ཚུལ་དུ་ཆགས་ཡོད་པས། སའི་ཉིན་སྲིབ་བམ་གདགས་སྲིབས་སུ་བཀར་བའི་དབང་དུ་བྱས་ནའང་སྲིབས་ཕྱོགས་སུ་གཏོགས་ལ། རྒྱ་མཚོའི་ངོས་ལས་མཐོ་ཚད་ནི་ཐང་སྨད་ལ་སྨི3231mཙམ་དང་ཐང་སྟོད་དུ་སྨི 3364mཙམ་ཡོད་པ་ན་ས་གཤིས་གཤིན་ལ་སྤང་རྩྭ་དང་སྔོ་ལྡུམ་འཛོམས་པའི་རང་བྱུང་རྩྭ་ཐང་ཁོད་ཡངས་པ་ཞིག་ཡིན། 
          བྱེའུ་ཅོ་ག(云雀Alauda arvensis)ནི་སྤྱིར་བཏང་དུ་སྤང་ལྗོངས་དང་། གཞོངས་ཐང་། རི་སུལ། ཞིང་འགྲམ། མཚོ་ཁུག་སོགས་ཡུལ་སྣ་ཚོགས་ཤིག་ཏུ་མཐོང་མོད། འབབ་སྡོད་བྱ་ཡུལ་གཙོ་བོ་ནི་སྤང་ཐང་ཡིན། ཁྲི་ཀའི་གཡུ་བཟང་རྩྭ་ཐང་གི་ས་བབ་དང་། ས་གཤིས། རྩི་ཤིང་གི་ཐོན་ཁུངས་འདི་འདྲ་ནི་བྱེའུ་ཅོ་ག་འབབ་སྡོད་བྱེད་སའི་རང་བྱུང“ཕ་གཞིས”གཙོ་བོ་ཞིག་ཏུ་གྱུར་ཡོད་པ་རེད། ཕྱི་ལོ2014ལོའི་ཟླ་བདུན་པར་ཁོ་བོ་ཕ་ཡུལ་དུ་ཐེངས་ཤིག་ལོག་པ་ན་བྱེའུ་ཅོ་གའི་ཕྲུ་གུ་སྐྱོང་བའི་དུས་སྐབས་དང་ཁེལ་བས་འདབ་ཆགས་འདིའི་བྱ་ཚང(nest)ཐད་དུ་བརྟག་དཔྱད་ཕྲན་ཙམ་བྱས་པ་ཡིན།
དང་པོ། བྱ་ཚང་བཟོ་བའི་དུས་དང་བཟོ་སའི་གནས།
          འདབ་ཆགས་ཕལ་མོ་ཆེས་འཁྲིག་སྦྱོར་བྱས་པའི་རྗེས་ལ་གཞི་ནས་བྱ་ཚང་བཟོ་ཞིང་། སྐོར་ཞིག་གིས་བྱ་ཚང་བཟོས་རྗེས་འཁྲིག་སྦྱོར་ལ་ཞུགས་པ་ཡིན། བྱེའུ་ཅོ་གའི་འཁྲིག་སྦྱོར་གྱི་དུས་ལ་ཞིབ་ཏུ་བརྟག་དཔྱད་བྱ་མ་ཐུབ་མོད། བྱ་ཚང་བཟོ་བའི་དུས་ནི་སྤྱིར་བཏང་དུ་ཕྱི་ཟླ4-8བར་ཡིན། དེ་ཡང་འདབ་ཆགས་རིགས་མི་མཐུན་པ་ལ་བྱ་ཚང་གི་བཟོ་སའི་གནས་ཀྱང་གཅིག་མཚུངས་མིན་ཏེ། དཔེར་ན། ཐང་དཀར་སྨུག་གཉིས་དང་། གོ་བོ་སོགས་ཀྱིས་བྲག་ཐེམ་དུ་བྱ་ཚང་བཟོ་ཞིང་། སྐྱ་ཀ་དང་། འུག་པ། བྱ་རོག་སོགས་ཀྱིས་སྡོང་བོའི་རྩེ་དང་ཡང་ན་ཁོང་སྟོང་བ་ཡིན་པའི་སྡོང་པོའམ་ཡལ་གའི་ཁོག་དང་། བྲག་ཁུང་བཅས་སུ་ཚང་བཟོ་བ་ཡིན། བྱ་ཝང་གིས་ནགས་གསེབ་དང་རྩྭ་གསིང་བཅས་སུ་བྱ་ཚང་བཟོ་བ་དང་། ཁང་བྱེའུ་ལྟ་བུར་མཚོན་ན་ཁང་བའི་ལྕམ་འོག་སོགས་སུ་ཚང་བཟོ་བ་ཡིན། བྱེའུ་ཅོ་གའི་ཚང་བཟོ་སའི་གནས་ནི་ཆར་ཆུ་དང་ཉི་འོད་ཀྱིས་ཐད་ཀར་དུ་གནོད་སྐྱོན་མི་ཐེབས་པ་དང་མི་དང་སྲོག་ཆགས་གཞན་གྱིས་ཅུང་མཐོང་དཀོན་པའི་ཐང་མ་ལྡུམ་ཚོམ་བུར་སྐྱེས་པའི་བར་གསིང་དང་། ས་ཕུང་དང་རྡོ་ཕུང་གི་སྐྱིབས། ཨ་བྲའི་ཁུང་བུ་རྙིང་བའི་སྐྱིབས་སོགས་ཡིན། ཐེངས་འདིར་གཡུ་བཟང་ཐང་སྟོད་དུ་ཁོ་བོས་མཐོང་བའི་བྱ་ཚང་མང་པོ་ཞིག་སྔོ་སྨན་རེ་ལྕག་པ་དང་རི་ཤོ་སོགས་ཚོམ་བུར་སྐྱེས་པའི་བར་གསིང་དུ་བཟོས་ཡོད།
གཉིས་པ། བྱ་ཚང་བཟོ་བྱེད་ཀྱི་རྒྱུ་ཆ་གཙོ་བོ།
          སྤྱིར་བཏང་དུ་བྱེའུ་ཅོ་གས་བྱ་ཚང་བཟོ་བྱེད་ཀྱི་རྒྱུ་ཆ་ལ་ཤིང་ཕྲན་དང་། ལོ་མ་སྐམ་པོ། བྱ་སྤུ། རྩྭ་ལྡུམ། བལ་དང་ཁིལ་ལི། རུས་དུམ། སྦྲུལ་ཤུན་སོགས་སྐམ་པོ་དང་འཇམ་པོ། རུལ་སུངས་སུ་མ་གྱུར་བ། དྲོད་འཛིན་ཐུབ་པ་བཅས་ཀྱི་ཁྱད་ཆོས་ལྡན་པའི་རྒྱུ་ཆའི་རིགས་བསལ་བདམས་བྱས་ཏེ་བཟོ་བར་བྱེད་ཅིང་། ཐེངས་འདིར་གཡུ་བཟང་ཐང་སྟོད་དུ་མཐོང་བའི་བྱ་ཚང་རྣམས་ནི་གཙོ་བོ་རྩྭ་ཕྲན་སྐམ་པོ་དང་ནོར་བལ་ཁུལ་ཉུང་ཙམ་བཀོལ་ནས་བཟོས་ཡོད།
གསུམ་པ། བྱ་ཚང་གི་རྣམ་པ་དང་ཆེ་ཆུང་།
          ༡ བྱ་ཚང་གི་རྣམ་པ། སྤྱིར་བཏང་དུ་འདབ་ཆགས་མང་ཆེ་བ་ཞིག་གིས་སྒོ་ང་དང་བྱེའུ་ཕྲུག་གཉོར་སའི་བྱ་ཚང་བཟོ་ཞིང་། འདབ་ཆགས་རིགས་མི་མཐུན་པ་ལ་བྱ་ཚང་བཟོ་སྟངས་ཀྱང་ཐ་དད་པ་རེ་ཡོད་པ་ཡིན། བྱེའུ་ཅོ་གའི་བྱ་ཚང་གི་རྣམ་པ་ནི་རི་མོ་ལས་མཚོན་པ་ལྟར་དབྱིབས་སྒོར་མོ་ཅན་ཚང་མཐིལ་ལམ་ཞབས་ངོས་ཅུང་ཡངས་ཤིང་ཚང་ཁ་ནི་ཚང་ཞབས་ལས་ཅུང་དོག་པར་བཟོས་ཡོད།
          ༢ བྱ་ཚང་གི་ཆེ་ཆུང་།
          གཡུ་བཟང་རྩྭ་ཐང་དུ་ཡོད་པའི་བྱེའུ་ཅོ་གའི་བྱ་ཚང་ཚང་ཁའི་ཆེ་ཆུང་ལ་ལིའི་སྨི8.83cm-11.26cmཙམ་དང་། ཚང་ཞབས་ལ་ལིའི་སྨི   9.26cm-11.42cmཙམ་ཡོད། སྤྱིར་བཏང་བྱེའུ་ཅོ་གའི་བྱ་ཚང་དུ་སྒོ་ང་5-6ཤོང་ན་ཡང་། ཐེངས་འདིར་མཐོང་བའི་བྱ་ཚང་རྣམས་སུ་སྒོ་ང་ 2-4ཙམ་ལས་མེད། སྤྱིར་ཅོ་གའི་བྱ་ཚང་དུ་སྒོ་ང་ཁ་གས་ཏེ་བྱེའུ་ཕྲུག་རྣམས་ཆེར་མ་རྒྱས་གོང་ལ་གཉེན་བྱ་ཡང་ཚང་དུ་འཛུལ་ནས་བྱ་སྒོང་དང་ཕྲུ་གུ་རྣམས་ལ་ལུས་དྲོད་སྦྱིན་པ་ཡིན་པས་བྱ་ཚང་ནི་ཕྲུ་གུ་ཆེར་མ་རྒྱས་གོང་ལ་མ་བུ་ཀུན་གྱི་ལུས་ལ་འཚམ་པར་བཟོས་པ་ཞིག་རེད།
བཞི་བ། བྱེའུ་ཅོ་གའི་བྱ་ཚང་གི་བྱེད་ནུས།
          བྱ་ཚང་ནི་འདབ་ཆགས་ཀྱི་ཕྲུ་གུ་སྐྱོང་སའི་ཁྱིམ་གཞིས་ཧ་ཅང་གལ་ཆེན་ཞིག་ཡིན་པས། དེར་བྱ་སྒོང་རྣམས་གང་སར་མི་འཐོར་བར་མཉམ་དུ་ཤོང་ཐུབ་པ་དང་། ས་རྗེན་དང་བསྡུར་བས་དྲོད་འཛོམས་པ། བྱ་ཚང་བཟོ་སའི་གནས་དང་ཚང་གི་བཟོ་དབྱིབས་ནི་སྤྱིར་བཏང་དུ་གཞན་གྱིས་མི་མཐོང་ས་དང་མཉམ་མི་འཇོག་པའི་ཚུལ་གྱིས་བཟོས་པས་བྱ་སྒོང་དང་ཆེར་མ་རྒྱས་གོང་གི་བྱེའུ་ཕྲུག་ལ་ཆར་རླུང་དང་ཤ་གཟན་སྲོག་ཆགས་ཀྱིས་གནོད་པ་ཐེབས་ཚུལ་ཉུང་བས་སྲུང་སྐྱོང་བྱེད་ཐུབ་པ་བཅས་ཀྱི་བྱེད་ནུས་ལྡན།
ལྔ་བ། བྱེའུ་ཅོ་གའི་བྱེའུ་ཕྲུ་གུ་སྐྱོང་སྟངས།
          ༡ བྱ་སྒོང་རུམ་པ།
          སྤྱིར་འདབ་ཆགས་ཕལ་མོ་ཆེས་བྱ་ཚང་དུ་བྱ་སྒོང་ཁ་གས་ནས་ཆེར་མ་རྒྱས་ཚུན་ལ་གཉེན་བྱས་ལུས་དྲོད་སྦྱིན་ནས་བྱ་སྒོང་དང་བྱེའུ་ཕྲུག་རུམ་པ་ནི་འདབ་ཆགས་ཀྱི་ཕྲུག་སྐྱོང་གི་གཤིས་སྤྱོད་ཐུན་མོང་མ་ཡིན་པ་ཞིག་ཡིན་ཞིང་། འདི་ལ་གཉེན་བྱ་གཉིས་ཀས་རེས་མོས་སུ་རུམ་པ་དང་། མོ་བྱས་རུམ་པ། ཕོ་བྱས་རུམ་པ་བཅས་རྣམ་པ་གསུམ་དུ་མཐོང་མོད། སྤྱིར་བཏང་དུ་མོ་བྱ་ཁོ་ནས་རུམ་པའི་རྣམ་པ་ཅུང་མང་ངོ་། །བྱེའུ་ཅོ་ག་མཚོན་ན་གཉེན་བྱ་གཅིག་གིས་རུམ་པའི་རྣམ་པ་མང་དུ་མཐོང་། བྱེའུ་ཅོ་གའི་སྒོ་ང་ནི་ཉིན8-12བར་ལ་ཁ་གས་པ་དང་། བྱེའུ་ཕྲུག་ནི་ཉིན8-10ཙམ་ལ་བྱ་ཚང་དུ་སྒོར་ཐོན་ཏེ་ཁེར་རྐྱང་གིས་གཟན་འཚོལ་བ་དང་འཕུར་སྐྱོད་བྱ་ཐུབ་པ་ཡིན།
          ༢ བྱེའུ་ཕྲུག་སྐྱོང་སྟངས།
          བྱེའུ་ཅོ་གས་བྱེའུ་ཕྲུག་སྐྱོང་བ་ལ་ཚང་ནང་དུ་སྐྱོང་བ་དང་ཚང་ཕྱིར་སྐྱོང་བའི་གོ་རིམ་གཉིས་ཡོད། གཉེན་བྱ་ཡིས་སྒོ་ང་ཁ་གས་རྗེས་ཉིན་བཅུ་ཡས་མས་སུ་ཚང་ནང་དུ་སྐྱོང་ཞིང་། ཆེར་རྒྱས་ནས་ཚང་ཕྱིར་ཐོན་པ་ན་བྱེའུ་ཕྲུག་རང་ཉིད་ཀྱིས་གཟན་འཚོལ་བ་ལས་གཞན་ཉིན་སྔོན་མ་འགའི་རིང་ལ་ད་དུང་གཉེན་བྱ་ཡིས་བདག་སྐྱོང་བྱེད། བྱེའུ་ཅོ་གས་བྱེའུ་ཕྲུག་ལ་གྲོག་སྦུར་དང་། རྟ་བླ། རྩི་ཤིང་གི་འབྲས་བུ་སོགས་སྦྱིན་པ་ཡིན།

          ༣ བྱེའུ་ཅོ་གའི་རྨ་གསོའི་གཤིས་སྤྱོད།
          དེ་ཡང་བོད་ཀྱི་སྨན་གཞུང་ཡིག་ཆ་རྩ་ཆེན་ཁག་ཅིག་ཏུ་བྱེའུ་ཅོ་ག་སོགས་སྲོག་ཆགས་རེ་འགའ་ལ་ལས་བྱ་སྒོང་དང་ཕྲུ་ག་ལ་རྨས་ཆག་བྱུང་རྗེས་རྨ་བཅོས་བྱེད་པའི་གཤིས་སྤྱོད་ཐུན་མོང་མ་ཡིན་པ་ཞིག་ཡོད་པར་བཤད་དེ། དར་ལྡིང་གཤེན་སྟོན་ཡེ་ཤེས་བློ་གྲོས་ཀྱིས་མཛད་པའི《རྨ་བཅོས་འཆི་སོས་ལ་ཆུའི་ཞལ་གདམས》ལས།    རྨ་སྨན་བཅད་འབྱོར་ཉི་ཤུ་འདི། །སྲོག་ཆགས་མཚོན་གྱིས་རྨས་པའི་ཚེ། །བཙལ་ནས་རྨ་དང་ཆག་སར་གླན། །མྱུར་དུ་སོས་པ་གཤེན་གྱིས་གཟིགས། །སྲོག་ཆགས་རང་རང་གིས་རྙེད་ཅིང་། །ཆག་པ་འབྱོར་ཞིང་བཅད་སོས་པའི། །ནུས་པ་དེ་ལྟར་ལྡན་པའི་ཕྱིར། །མིང་ཡང་དེ་དང་མཐུན་པར་བཏགས། །ཞེས་པ་དང་། སྲོག་ཆགས་དེ་དག་གིས་ཚུལ་ཇི་ལྟར་རྨ་བཅོས་བྱེད་པའི་ཚུལ་ནི། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་མཛད་པའི་བོད་ཀྱི་སྨན་རྫས་རིག་པའི་བསྟན་བཅོས་ཆེན་མོ《ཤེལ་གོང་ཕྲེང》དུ། “ཕག་ལྡང་བཅད་འབྱོར་མྱུ་གུ་ཤིང་། །འུག་པ་བཅད་འབྱོར་སྟག་ཤ་བ། །གླ་བ་བཅད་འབྱོར་རྒུ་དྲུས་པ། །ཕྱི་བ་བཅད་འབྱོར་བྲག་ལྕམ་པ། །སྤྲེའུ་བཅད་འབྱོར་བོང་དཀར་བ། །སྦྲུལ་ནག་བཅད་འབྱོར་སྲད(སྲད་མ་སེར་ཆེན་རི་ལས་སྐྱེ་བ)སེར་བ།  །ཐང་དཀར་བཅད་འབྱོར་ཡུ་མོ་ཟ(སྔོན་མོ་དུལ་དུལ)། །ཤ་བ་བཅད་འབྱོར་སྲོལ་གོང་པ། །ལྕོ་ག་བཅད་འབྱོར་འབུ་སུ་ཧང་། །གོང་མོ་བཅད་འབྱོར་གང་གཱ་ཆུང་། །གོ་བོ་བཅད་འབྱོར་གབ་སྐྱེས་པ། །

          འདི་དག་ནི་སེམས་ཅན་དེ་དག་སྨས་མ་ཐག་འཚོ་བ་མཐོང་ནས་དྲང་སྲོང་རྣམས་ཐབས་ལ་མཁས་པས་སྨན་དེ་དག་ངོས་འཛིན་པར་བྱ་བའི་ཕྱིར། བྱ་རྣམས་སྒོ་ང་ལ་སྣག་ཚ་དང་གཞན་གྱི་ཕྲུ་གུ་ལ་ཁྲག་གིས་རི་མོ་བྱས་ནས་སྨས་ཆག་གི་ཉམས་བཏོད་ནས་བཞག་པས། སེམས་ཅན་དེ་དག་གི་ཕ་མས་སྨས་པར་སྙམ་ནས། སྔོ་དེ་དག་ཁྱེར་ནས་སྨས་པ་འདྲ་བའི་རི་མོ་ལ་གླན་ཡོད་པས་ངོས་ཟིན། སླར་སྔོ་དེ་བླངས་ནས་རི་མོ་བཞིན་བཅག་པ་དང་། བཅད་ནས་བཞག་ཀྱང་ཡང་སྔོན་བཞིན་མ་ནོར་བར་སྔོ་དེ་བཀབ་ནས་ཆག་པ་འབྱོར། བཅད་པ་སོས་ཡོད་པས་ངོ་མཚར་དང་བཅས་གསང་སྨན་ཁྱད་ནོར་དང་དམ་པའི་མཆོག་ཏུ་གཙིགས་ཆེར་མཛད་པར་གྲགས་སོ། །”ཞེས་བསྟན་ཡོད།

          ཐེངས་འདིར་ཁོ་བོས་ཀྱང་ཤེལ་གོང་ཕྲེང་དུ་བཀོད་ཡོད་པའི་གོ་རིམ་ཇི་བཞིན་བྱེའུ་ཅོ་གའི་སྒོ་ངའི་ཐོག་ཏུ་སྣག་ཚ་བྱུག་ཏེ་དངོས་བཤེར་ཐེངས་ཁ་ཤས་བྱས་མོད། བྱེའུ་མའམ་གཉེན་བྱས་སྔོ་སྨན་འབུ་སུ་ཧང་ཁྱེར་ནས་རྨ་བཅོས་བྱེད་པའི་ཚུལ་ཅི་ཡང་མ་བྱུང་། ཡིན་ན་ཡང་ཐེངས་འདིའི་དངོས་བཤེར་འདི་ཙམ་གྱིས་གོང་གི་བསྟན་བཅོས་དག་གི་ལྟ་དགོངས་རྩ་བ་ནས་ནོར་འདུག་པ་ར་སྤྲོད་བྱེད་མི་ཐུབ་སྟེ། རྒྱུ་མཚན་ནི་གོང་གི་བཅད་འབྱོར་རྨ་སྨན་གྱི་ཚོད་ལྟའི་ལག་ལེན་དེ་འདྲ་ནི་བོད་མིའི་བསམ་སྤྱོད་ལ་གཡང་དྲུང་བོན་དང་ནང་བའི་བསྟན་པ་གཉིས་པོ་གང་གིས་ཀྱང་ཤན་ཤུགས་ཐེབས་མེད་པའི་ཡ་ཐོག་རིང་མོའི་དུས་ཀྱི་རྔོན་ལས་སུ་ཐུག་ཡོད་པར་སེམས་ཤིང་། མི་ལོ་སྟོང་ཕྲག་ལྔ་དྲུག་གི་དུས་ཡུན་ནང་དུ་མདོ་དབུས་མཐོ་གཞོངས་ཀྱི་ས་གཤིས་ལ་དྲོ་གྲང་གི་འགྱུར་ལྡོག་ཐེངས་དུ་མར་བྱུང་ཞིང་། འཚོ་གནས་ཁོར་ཡུག་གི་ཆ་རྐྱེན་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས་ཡུལ་གྲུ་འདིའི་རྩི་ཤིང་དང་སྲོག་ཆགས་མང་པོར་ཡང་གཞན་འགྱུར་དང་འཕེལ་འགྱུར་འབྱུང་ངེས་པས་གདོད་མའི་དུས་ཀྱི་སྣང་ཚུལ་ཁ་ཤས་ད་ལྟའི་དུས་འདིར་ཇི་བཞིན་དུ་འབྱུང་བའི་ངེས་པའང་མ་མཆིས།
མཇུག་གི་གཏམ།
          ཁོ་བོ་ཆུང་དུས་ཕྱུགས་རྫི་ཡིན་པའི་སྐབས་ལ་གཡུ་བཟང་ཐང་སྟོད་སྨད་ཀུན་ཏུ་སྤང་རྩྭའི་སྐྱེས་སྟོབས་རྫོགས་ཤིང་བྱེའུ་ཅོ་ག་སོགས་འདབ་ཆགས་མང་པོས་སྐད་སྙན་སྒྲོག་པ། ལྷག་པར་དུ་སོས་ཀ་ནས་སྟོན་མཇུག་བར་དུ་ཐང་ཆེན་འདིར་མེ་ཏོག་སྣ་ཚོགས་བཞད་པ་ན་སྦྲང་མ་དང་ཕྱེ་མ་ལེབ་སོགས་མེ་ཏོག་གི་རྩི་བཅུད་ལ་རོལ་བ་སོགས་མདོར་ན་ཀུན་གྱི་ཡིད་དབང་འགུག་པའི་རྩྭ་ཐང་ཉམས་དགའ་བ་ཞིག་ཡིན། ཁོ་བོ་སློབ་འབྲིང་འགྲིམ་སྐབས་དབྱར་གནང་དུས་ལ་སྔར་བཞིན་རང་སྡེ་བའི་ཨ་ཁུ་བཀའ་དྲིན་ཅན་རབ་འབྱམས་པ་ངག་དབང་ཀུན་བཟང་མཆོག་གི་མདུན་དུ་སྐར་རྩིས་སློབ་ཏུ་ཕྱིན་པ་ལ་སློབ་གསེང་གི་དུས་སུ་ཁོང་ཚང་གི་རྒྱབ་ལོགས་ཀྱི་དེའུ་འབུར་སྟེང་དུ་སྡོད་སྐབས་ཁོང་གིས་གཡུ་བཟང་ཐང་གི་ཕྱོགས་ཀུན་ཏུ་རྒྱང་ལྟ་བྱེད་བཞིན་ཕྲན་ལ། “ནེའུ་གསེང་གཡུ་ཡི་མནྜལ་ཕྱིས་འདྲར་སྔོ། །མེ་ཏོག་ཕྲེང་མཛེས་སྐར་ཚོགས་བཞིན་དུ་བཀྲ། །བུང་བའི་མགྲིན་སྒྲ་རྒྱུད་མངས་ལྟར་སྙན་པའི། །དཔྱིད་ཀྱི་དུས་འདི་ལྷ་ཡུལ་ལྟ་བུར་མཛེས། །ཞེས་བརྗོད་པ་ནི་ང་ཚོའི་ཕ་ཡུལ་འདི་ལྟ་བུ་མ་ཡིན་ནམ། རྗེས་སུ་ཁྱོད་ཚོའི་ཐང་འདིའི་མིང་འབྲི་སྐབས‘དབྱིབས་བཟང་ཐང་’ཞེས་དབྱིབས་དང་ཁ་དོག་ཞེས་པའི་སྐབས་ཀྱི་དབྱིབས་མི་འབྲི་བར་‘གཡུ་བཟང་ཐང་’ཞེས་གཡུ་མདོག་གི་‘གཡུ’འདི་ཕྲིས་”ཞེས་སྐུལ་མའང་གནང་མྱོང་།
          དེ་ནས་ལོ་ཁ་ཤས་ཀྱི་རྗེས་སུ་རིམ་གྱིས་གཡུ་བཟང་ཐང་གི་དང་ཐོག་གི་སྦྲ་ནག་གི་མཚེར་ས་དག་ལ་ས་ཁང་དང་རྡོ་ཁང་བཟོས་པ་དང་། ཁང་ཁྱིམ་སོ་སོའི་ཉེ་འཁོར་གྱི་སྤང་ཐང་དག་ལ་ལྕགས་རས་བསྐོར། དུད་ཁྱིམ་དང་རུ་ཁག་ཕན་ཚུན་བར་ལ་གཞུང་ལམ་བཟོས་པས་“བཟོ་སྐྲུན”འདི་དག་གི་རྒྱུ་ཆ་ལ་གཡུ་བཟང་རྩྭ་ཐང་གི་རྩྭ་ས་མང་པོ་ཞིག་བརྐོ་འདྲུ་བྱས། དེ་དང་ཆབས་ཅིག་ཐང་ཆེན་འདིའི་ཐོག་ཏུ་སྔ་གཞུག་ཏུ་ལྕགས་རྟ་དང་། འཕྲུལ་རྟ། རླངས་འཁོར་སོགས་དེང་རབས་ཅན་གྱི་འགྲུལ་བཞུད་ཀྱི་ཡོ་བྱད་སྣ་ཚོགས་ཤིག་ངང་གིས་དར་བས་སྔར་གྱི་ལྷིང་འཇགས་ཀྱི་འབྲོག་ཡུལ་རྣམ་པ་དེ་ཉིད་རྨང་ནས་དཀྲོགས། རིམ་གྱིས་ས་གཤིས་ལ་འགྱུར་ལྡོག་བྱུང་བས་རྩྭ་སའི་བཅུད་བོར་ཞིང་། བྱ་ཚང་གི་རྒྱུ་ཆ་གཙོ་བོ་སྟེ་རྩྭ་ལྡུམ་ཇེ་ཉུང་ལ་སོང་བས་དེ་སྔ་ཡུལ་གྲུ་འདིར་འབབ་སྡོད་བྱེད་པའི་འདབ་ཆགས་ཁ་ཤས་ཀྱི་འཚོ་གནས་ལ་ཉེན་ཁ་བྱུང་དང་འབྱུང་བཞིན་ཡོད་དེ། ཐེངས་འདིར་བྱ་ཚང་བརྟག་དཔྱད་ལས་བྱེའུ་ཅོ་གའི་བྱ་ཚང་ཡང་སྔར་བས་ཉུང་དུ་ཕྱིན་ཡོད་པར་མ་ཟད།  ནམ་མཁར་སྐད་སྙན་སྒྲོག་པའི་གྲངས་ཀ་ཡང་སྔར་བས་ལྡབ་འགྱུར་གྱིས་ཉུང་ངོ་། །དེ་སྔ་གཡུ་བཟང་ཐང་དུ་གང་སར་མཐོང་ཞིང་བྱེའུ་ཅོ་ག་དང་མཉམ་སྡོད་བྱེད་པའི་ལྷགས་བྱེའུ་སྟེ་ཡུལ་མི་ཚོས་“བྱེའུ་ཁྲ་གོར་མ”ཞེས་འབོད་པའི་བྱེའུ་དེ་ཡང་ད་ལྟ་གཡུ་བཟང་ཐང་ཆེན་དུ་རྩ་མེད་དུ་གྱུར་ཡོད།
          ང་ཚོས་བྱེའུ་འདིའི་འཚོ་བའི་གོམས་གཤིས་དེ་རིགས་ཡུལ་འདིའི་མི་ཕྱུགས་ཀུན་གྱི་འཚོ་གནས་དང་སྦྲེལ་ནས་ཞིབ་ཏུ་དཔྱད་ཚེ། བྱེའུ་ཅོ་གས་ཕྲུ་གུ་སྐྱོང་བའི་དུས་ལ་རྩྭ་སར་གནོད་སྐྱོང་གཏོང་བའི་འབུ་ཐུལ་བ་དང་། ཆ་ག་པའི་འབུ་སྒོང་སོགས་གནོད་འབུ་སྐོར་བསད་དེ་བྱེའུ་ཕྲུག་གི་ཁ་ཟས་བྱེད་པ་དང་། རྩྭ་ཐང་གི་ཐོག་ཏུ་འཐོར་བའི་ནོར་ལུག་གི་བལ་ཁུལ་ཕྲན་བུ་དང་ཕྱུགས་ཟོག་གིས་ཟོས་མ་ཚར་བའི་རྩྭ་རྙིང་རྣམས་ཀྱང་བྱེའུ་འདིས་གཞི་གཅིག་ཏུ་བསྡུས་ཏེ་བྱ་ཚང་གི་རྒྱུ་ཆ་བྱེད་ལ། བྱེའུ་འདིའི་སྐད་སྙན་ཐོག་མར་སྒྲོག་པ་ནི་ཡུལ་གྲུ་འདིའི་ས་ཆུ་དྲོས་ཏེ་སོས་མགོ་ཚུགས་པའི་རྟགས་སུ་ལྟ་བར་བྱེད། མདོར་ན་གཡུ་བཟང་རྩྭ་ཐང་ཆེན་མོར་མི་ཕྱུགས་ཀུན་ལ་ལོབས་འདྲིས་ཆེ་བའི་བྱེའུ་ཅོ་གའི་ཐོན་ཁུངས་ལ་བདག་སྐྱོང་བྱ་རྒྱུ་ནི་གཡུ་བཟང་རྩྭ་ཐང་གི་སྣོད་བཅུད་དོ་མཉམ་ཡོང་བའི་ཐད་ཀྱི་ལས་དོན་གལ་ཆེན་ཞིག་ཏུ་མཐོང་།
ཕྱི་ལོ2014ལོའི་ཟླ7པར་ཐོག་མར་ཡི་གེར་ཕབ་ཞིང་ཕྱི་ལོ2018ལོའི་ཟླ3པར་མ་རྩོམ་ལ་ཡང་བསྐྱར་བཟོ་བཅོས་བྱས།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1