ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་187.6བཏང་ནས་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་བྱ་ཤུགས་ཆེ་རུ་བཏང་བ།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 07-10



       གསར་འགོད་པར་ནོར་སྲིད་པུའི་ཞིང་ལས་སི་ནས་གནས་ཚུལ་ཤེས་རྟོགས་བྱུང་བར། རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་དེ་བས་སྐུལ་འདེད་གཏོང་ཆེད། 2018ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་རེས་སྐོར་གསར་པའི་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་བྱ་དགའ་སྒོར་དུང་ཕྱུར་187.6བཏང་སྟེ། ཕྱུགས་བཀག་མུའུ་དུང་ཕྱུར་12.06བྱ་རྒྱུར་རྒྱབ་སྐྱོར་བྱས་པ་དང་། རྩྭ་ཕྱུགས་རྒྱ་ཁྱོན་མུའུ་དུང་ཕྱུར་26.05དོ་སྙོམས་ཡོང་བ་བྱས་པ་དང་སྦྲགས་ལས་དོན་འབུར་དུ་ཐོན་པ་དང་གྲུབ་འབྲས་མངོན་གསལ་དོད་པའི་ས་ཁུལ་ལ་བྱ་དགའ་སྤྲད་པ་དང་། ས་གནས་སྲིད་གཞུང་གིས་སྤྱི་འདོམས་ཐོག་་རྩྭ་ཐང་བདག་སྐྱོང་དང་འབྲོག་ཁུལ་གྱི་ཐོན་སྐྱེད་རྣམ་པ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུར་སྤྱད་པ་དེའི་ནང་ཕྱུཌ་བཀག་ཁ་གསབ་དང་རྩྭ་ཕྱུགས་དོ་སྙོམས་བྱ་དགའི་ཐད་ས་གནས་ཁག་གིས“ཁ་གཏད་ཁ་གསལ་དང་། ཁ་གསབ་ལུགས་མཐུན། གཤམ་སྤྲོད་གནད་འཕིགས། དོན་དངོས་དང་མཐུན་པ”བཅས་ཀྱི་རྩ་དོན་གཞིར་བཟུང་། ཁ་གསབ་བྱ་དགའི་ཚད་གཞི་དང་དངུལ་འབོར་མཐོ་ཤོས་དང་དམའ་ཤོས་ཀྱི་ཚད་གཞིའི་ཐོག་ནས་དུས་ཐོག་ཏུ་དངུལ་གྲངས་འདང་ངེས་བཞིན་གཤམ་སྤྲོད་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། མ་དངུལ་གཤམ་སྤྲོད་བྱེད་སྐབས་གྲོང་ཚོ་རིམ་པའི་སྤྱི་བསྒྲགས་ལམ་ལུགས་ལག་བསྟར་བྱས་ནས་མང་ཚོགས་ཀྱི་ལྟ་སྐུལ་རྒྱ་ཁྱབ་ངང་དང་ལེན་བྱས་པ་རེད། ལས་རྗེས་གདེང་འཇོག་བྱ་དགའ་དེ་སྤྱི་འདོམས་ཀྱི་ཐོག་ནས་ཕྱུགས་བཀག་ཁ་གསབ་དང་རྩྭ་ཕྱུགས་དོ་སྙོམས་བྱ་དགའི་རྨང་གཞིའི་ལས་དོན་དོན་འཁྱོལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་དུས་མཚུངས། ས་གནས་ཁག་གིས་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་འཛུགས་སྐྱོང་དང་འབྲོག་ལས་འཕེལ་རྒྱས་ཐད་སྤྱོད་པའི་བསྡུར་ཚད་70%ལས་མི་དམའ་བ་བྱེད་དགོས་པ་དང་སྦྲགས། ཡུལ་བབ་དང་བསྟུན་ནས་རྩྭ་ཐང་འབྲོག་ལས་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་བཏང་ནས་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པས་དེང་རབས་ཀྱི་རྩྭ་ཐང་འབྲོག་ལས་གཉེར་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
        གོམ་སྟབས་རྗེས་མར་ཀྲུང་དབྱང་ནོར་སྲིད་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཕྱོགས་ཡོངས་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱས་ཏེ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ནོར་སྲིད་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་ཕྱོགས་ཡོངས་ནས་རྩྭ་ཐང་གི་ཕྱུགས་བཀག་དང་རྩྭ་ཕྱུགས་དོ་མཉམ་ལམ་ལུགས་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ནས་ནུས་ཤུགས་ཡོད་རྒུས་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྣོད་བཅུད་ཁོར་ཡུག་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དེ་བས་ནུས་ལྡན་གྱི་འདེགས་སྐྱོར་བྱ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1