གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

མར་ཁུ་རྒྱལ་མཚན། རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༧ཚེས་༡༠ཉིན།

༄༅།། སྤོ་བོའི་མཐའ་མཇུག་གི་རེ་བ་དང་དབུས་རྡོ།


མར་ཁུ་རྒྱལ་མཚན།

ཟླ་ངོ་གཅིག་གི་ཡར་སྔོན་ལ།
ང་རང་ཆུང་མ་དང་མཉམ་དུ་ལྷ་སར་འགྲོ་ཁར། ངའི་སྤོ་བོས།
སྐམ་རིད་ཀྱི་ལག་ཟུང་གིས་ངའི་ལག་པར་དམ་པོར་འཇུ་བཞིན།
ལྷ་ས་ནས་ཕྱིར་ཕ་ཡུལ་ལ་ལོག་སྐབས།
ང་ལ་ལྷ་ས་ནས་ཅིས་ཀྱང་དབུས་རྡོ་ཞིག་ཁྱེར་ནས་ཤོག་ཟེར།
སྐད་ཆ་མང་པོ་མང་པོ་ཞིག་བརྗོད་རྒྱུ་ཡོད་ཀྱང་།
སྐད་ཆ་ཡོད་ཚད། མིག་ཆུ་དང་ལྷན་དུ་ཁོག་ལ་བཅུག་ནས།
ཆུང་མ་དང་མཉམ་དུ་ལྷ་སར་བསྐྱོད་པའི་ལམ་ལ་ཞུགས།
མེ་འཁོར་གྱི་སྒེའུ་ཁུང་ལས། ཐེངས་དང་པོར།
ཕོ་བྲང་པོ་ཏ་ལ་མིག་ལམ་ལ་འཆར་འོངས་དུས།
མིག་ཆུ་ཐིགས་པ་གཉིས། རྦབ་རྡོ་བཞིན།
ངའི་མཁུར་མགོ་བརྒྱུད་དེ། རླུང་གིས་འཁྱེར་ནས།
སྒེའུ་ཁུང་གི་ཕྱི་རོལ་ལ་འཕུར་སོང་།
ལྷ་སར་འབྱོར་རྗེས། སྤོ་བོ་ལགས་ལ་ཁ་པར་བཏང་བ་ན།
ཁ་པར་ལས། སྤོ་བོས་ངག་འདར་འདར་གྱིས།
ཁྱོད་གཉིས་བདེ་བླག་ངང་ལྷ་སར་འབྱོར་སོང་བ་དེ་ནི།
ཁྱོད་གཉིས་ཀྱི་སྐྱེ་བ་སྔོན་མའི་ཚོགས་བསགས་རེད་ཟེར།
ཁྱོད་གཉིས་བདེ་བླག་ངང་ཕྱིར་ཕ་ཡུལ་ལ་འབྱོར་རྒྱུ་དེ་ནི།
བཟའ་མི་ཡོངས་ཀྱི་སེམས་གཏིང་གི་རེ་བ་ཡིན་ཟེར།
དེ་ལས་གཞན། ལྷ་ས་ནས་ཕྱིར་ཕ་ཡུལ་ལ་ལོག་སྐབས།
ང་ལ་དབུས་རྡོ་ཞིག་འཁྱེར་འོང་རྒྱུ་དེ་ཡིད་ལ་དམ་པོར་འཇགས་རོགས་ཟེར།
གཟའ་འཁོར་གཉིས་ཀྱི་རིང་ལ། ལྷ་སའི་ཕྱོགས་ཀྱི་གནས་འགངས་ཆེན་དག་ལ་ཕྱིན་ནས།
སྐུ་གསུང་ཐུགས་རྟེན་དག་ལ་ཕྱག་འཚལ་ཞིང་ཐོད་པ་གཏུགས་རྗེས།
སླར་ཡང་ལྷ་སའི་གྲོང་ལ་འབྱོར་སོང་།
ཉིན་གཉིས་གསུམ་ཙམ་གྱི་རྗེས་སུ། སྤོ་བོ་ལགས་ཀྱིས་ཁ་པར་ལས།
ང་ལ་དབུས་རྡོ་ཞིག་འཁྱེར་ཡོང་རྒྱུ་དེ་གཏན་ནས་བརྗེད་མི་ཉན་ཞེས།
ཡང་དང་བསྐྱར་དུ་བརྗོད་བྱུང་།
ངས་ལན་དུ། དོན་ངོ་མར་ལྷ་སའི་རྡོ་ལ་རིན་ཐང་ཅི་ཞིག་ཡོད་ཅེས་སྨྲས་པ་ན།
ཁོས་ཤུགས་རིང་ཞིག་ཕྱུངས་རྗེས། དེང་སང་གི་ལོ་ཆུང་རྣམས་ལ་དེ་ཡི་རིན་ཐང་བཤད་ན།
ཡིད་ཆེས་གཏན་ནས་བྱེད་མི་སྲིད་ཅེས་བརྗོད་བྱུང་།
ཕ་ཡུལ་ལ་ལོག་སྐབས་ཀྱི་ཉིན་སྔོན་མར། ང་རང་ཆུང་མ་དང་མཉམ་དུ།
ཕོ་བྲང་པོ་ཏ་ལར་མཐའ་མཇུག་གི་གྱེས་ཕྱག་འབུལ་དུ་ཕྱིན།
ཕྱིར་ལོག་ཁར། ཆུང་མ་དང་ངེད་གཉིས་དམར་པོ་རིའི་སྟེང་ལ་འགོས་སྟེ།
དབུས་རྡོ་ཞིག་བཙན་གྱིས་བཀོག་ནས་ཁུར་ཁུག་ནང་ལ་བཅུག
སླར་ཡང་མེ་འཁོར་ལ་བསྡད་དེ།
ཉིན་གཉིས་ཙམ་གྱི་རྗེས་སུ་ལྷ་སའི་གྲོང་ནས་ཕ་ཡུལ་ལ་འབྱོར་རྗེས།
བཟའ་མི་རེ་རེར་ཕྱག་མདུད་དང་ཕྲེང་བ་རེ་རེ་ལེགས་སྐྱེས་སུ་བྱིན་ཞིང་།
ཁུར་ཁུག་ལས་དབུས་རྡོ་བླངས་ཏེ་སྤོ་བོ་ལགས་ལ་ཕུལ་པ་ན།
སྤོ་བོ་ལགས་ཀྱིས་དབུས་རྡོ་དེ་ལག་ཟུང་གིས་བཏེགས་ནས།
མིག་ཟུང་བཙུམས་སྟེ་ཐོད་པ་ཐེངས་གསུམ་གཏུགས་རྗེས།
བཟའ་མི་རེ་རེར་ཐོད་པ་གཏུགས་སུ་བཅུག་ཅིང་།
མཆོད་ཁང་གི་ནང་ལ་སོང་སྟེ། ཁ་བཏགས་སེར་པོ་ཞིག་གིས་ལེགས་པར་དཀྲིས་རྗེས།
ལྷའི་སྐུ་མདུན་ལ་བཞག་སོང་།
དབུས་རྡོ་དེ་དངོས་སུ་ལག་ལ་ཐོབ་པའི་ཉིན་མོ་དེ་ནས་བཟུང་སྟེ།
སྤོ་བོ་ལགས་ཀྱི་སྨྲ་བ་ཇེ་མང་དུ་ཕྱིན་འདུག་ཅིང་།
ངས་ཀུ་རེའི་ཚུལ་དུ།

དོན་ངོ་མར་ལྷ་སའི་རྡོ་ལ་རིན་ཐང་ཅི་ཞིག་ཡོད་ཅེས་འདྲི་ཐེངས་རེར།

ཁོས་ནམ་རྒྱུན་པུས་མོའི་སྟེང་ལ་ཤུགས་ཀྱིས་ཐལ་ལྕག་གིས་ཐེངས་ཤིག་བརྒྱབ་ཏེ།

གད་མོ་ཐག་གེ་བ་ཞིག་བགད་རྗེས།
དེང་སང་གི་ལོ་ཆུང་རྣམས་ལ་དེ་ཡི་རིན་ཐང་བཤད་ན།
ཡིད་ཆེས་གཏན་ནས་བྱེད་མི་སྲིད་ཅེས་བརྗོད་འོངས་ཤིང་།
ངས་སླར་ཡང་ཀུ་རེའི་ཚུལ་དུ།
འོ་ན་ལྷ་སའི་རྡོ་ལ་ཁྱད་ཆོས་ཅི་ཞིག་ཡོད་ཅེས་འདྲི་དུས།
ཁོས་དེ་མ་ཐག ལྐོག་ཏུ་ལྷུང་བའི་མིག་ཟུང་གིས།
ངའི་གདོང་ལ་འབུར་ཚུགས་སུ་བགྲད་བཞིན།
ལྷ་སའི་རྡོ་ལ་རྣམ་ཤེས་ཡོད་པ་རེད་ཅེས་བརྗོད་འོངས།  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1