གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༧ཚེས་༡༣ཉིན།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུར་སྐུལ་འདེད་གཏོང་རྒྱུའི་གྲོས་ཆོད་ལ་བརྡས་ཐག་བཅད་པ་བརྒྱུད་གྲོས་འཆམ་བྱུང་བ།


         ཚེས་10ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུར་ཁྲིམས་ལྟར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་ལ་བརྡས་ཐག་བཅད་པ་བརྒྱུད་གྲོས་འཆམ་བྱུང་བ་རེད།
          གྲོས་ཆོད་ནང་ནན་བཤད་བྱས་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་དོན་དུ་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། རྒྱལ་ཁབ་ཀྱི་ལས་ཁུངས་ཁག་དང་སྤྱི་ཚོགས་ཡོངས་ཀྱིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ཕྱོགས་སྟོན་མཛུབ་ཁྲིད་དང་རྩ་བའི་གཞི་འཛིན་སར་བརྩིས་ཏེ། རང་རྟོགས་ངང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་གཉིས་གཅིག་འདོམས་བྱས་ནས་སྣོད་བཅུད་ཁོར་ཡུག་བློས་བཏང་སྟེ་གནས་སྐབས་དཔལ་འབྱོར་འཕེལ་རྒྱས་ཡོང་ཐབས་བྱ་ཚུལ་མཐའ་གཅིག་ཏུ་དོར་དགོས་པ་དང་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས།
        གྲོས་ཆོད་ནང་བླང་བྱ་བཏོན་དོན། ཏང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་འགོ་ཁྲིད་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་ཏང་ཨུད་ཀྱིས་འགོ་ཁྲིད་དང་། སྲིད་གཞུང་གིས་གཙོ་ཁྲིད། ཁེ་ལས་ཀྱིས་བྱེད་པོ། སྤྱི་དམངས་མཉམ་ཞུགས་བཅས་མཐའ་འཁྱོངས་དང་། གཞོགས་འདེགས་དམ་ཟབ་དང་མཉམ་དུ་ཤུགས་བརྒྱབ་ནས་འགོ་ཁྲིད་ལས་བྱེད་པའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ། ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྩ་ལག་མཉམ་བཅོས་དང་ཕྱོགས་བསྡུས་ཇུས་འདོན་གྱིས་སྣོད་བཅུད་ཤེས་དཔལ་གྱི་མ་ལག་འཛུགས་མགྱོགས་སུ་གཏོང་བ། ལྗང་མདོག་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། སྣོད་བཅུད་ཁོར་ཡུག་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནུས་ལྡན་བཅས་བྱས་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས།
        གྲོས་ཆོད་ནང་ནན་བཤད་བྱས་དོན། ཆེས་ནན་ལ་བཙན་པའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། བཅའ་ཁྲིམས་ཀྱི་འགྱུར་མེད་རང་བཞིན་དང་དབང་གྲགས་རང་བཞིན་བརྟན་པོར་འཛུགས་པ་ལས་གདམ་ག་དང་། བབ་བསྟུན། གཅོག་འཕྲི། ས་གནས་རང་བཞིན་གྱི་སྲུང་སྐྱོང་བཅས་རྩ་བ་ནས་བྱེད་མི་རུང་། ཐོ་འགོད་སྙན་སེང་དང་ཞིབ་དཔྱོད་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་གོང་ཁྲིམས་ཀྱི་གཏན་འབེབས་དང་འགལ་བའི་ཁྲིམས་སྲོལ་དང་། སྒྲིག་སྲོལ། ཁྲིམས་འཛིན་འགྲེལ་བཤད་བཅས་དུས་ཐོག་ཏུ་ཡོ་བསྲང་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་གཅིག་གྱུར་ལ་སྲུང་སྐྱོང་བྱེད་དགོས།
        གྲོས་ཆོད་ནང་བླང་བྱ་བཏོན་དོན། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་ནུས་ལྡན་ཐུབ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཤིང་། རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད“དེ་བས་ཡག་པ་ལས་སྡུག་ཏུ་མི་འགྲོ་བ་བྱ་རྒྱུ”དེ་འགན་འཁྲིའི་མཐའ་ཚད་དུ་བརྩིས་ཏེ། རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་རྒྱུར་ལྟ་སྐུལ་བྱེད་དགོས།
        གྲོས་ཆོད་ནང་མི་དམངས་མང་ཚོགས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ནང་ཧུར་ཐག་ཞུགས་རྒྱུའི་སྐུལ་སློང་རྒྱ་ཁྱབ་ཏུ་བྱེད་དགོས་ཤིང་། ཏང་གི་འགོ་ཁྲིད་འོག་ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་རྒྱ་ཁྱབ་ཏུ་བྱས་ཏེ་ཚང་མས་ཇུས་ཤུགས་མཉམ་འདོན་དང་མཉམ་འགོག་མཉམ་བཅོས་ཀྱིས་སྦགས་བཙོག་འགོག་བཅོས་འགག་སྒྲོལ་གྱི་མི་དམངས་དམག་འཐབ་ཡག་པོ་རྒྱག་དགོས། སྤྱི་དམངས་ཀྱི་ལྟ་སྐུལ་ལམ་སྲོལ་དང་། ཐེར་འདོན་བརྡ་ལན་ལམ་སྲོལ། བྱ་དགའ་ལྕག་སྐུལ་ལམ་སྲོལ་བཅས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐེར་འདོན་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་། མང་ཚོགས་ལ་བཅའ་ཁྲིམས་ཀྱི་མཚོན་ཆ་ལ་བརྟེན་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུའི་ལྕག་སྐུལ་བཅས་བྱས་ནས་སྣོད་བཅུད་ཤེས་དཔལ་གོང་དུ་བཀུར་བ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་ཡག་པོ་ཞིག་ཆགས་པར་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1