《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ》འགྲེམ་སྟོན་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-13


        སྤྱི་ཟླ་7པའི་ཚེས་12ཉིན་གྱི་སྔ་དྲོར། ཀྲུང་གུང་དཀར་མཛེས་ཁུལ་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་སི་ཁྲོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། སི་ཁྲོན་དཔེ་སྐྲུན་ཚོགས་པ་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། དཀར་མཛེས་ཁུལ་རིག་གནས་ལུས་རྩལ་རྒྱང་བསྒྲགས་གསར་འགྱུར་ཅུས་དང་། དཀར་མཛེས་ཁུལ་ཁམས་པ་རིག་གནས་ཞིབ་འཇུག་ཁང་། དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་སྒྲུབ་འགན་འཁུར་བའི་༼རིག་གནས་ཀྱི་དཀར་མཛེས། ངོ་མཚར་བའི་གཟི་བྱིན་ལྷམ་མེར་བཀྲ༽ཞེས་པའི་དཀར་མཛེས་ཁུལ་གྱི་དངོས་མིན་ཤུལ་བཞག་རིག་གནས་བརྗོད་བྱ་བྱས་པའི་འགྲེམ་སྟོན་དེ་སི་ཁྲོན་ཞིང་ཆེན་མཛེས་རྩལ་ཁང་དུ་གཟབ་རྒྱས་ངང་འཚོགས།

        ཐེངས་འདིའི་འགྲེམ་སྟོན་དུ་གླིང་སྒྲུང་བརྗོད་བྱ་བྱས་པའི་ཤུལ་བཞག་རིག་གནས་འགྲེམ་སྟོན་དང་། ཁམས་པའི་རིག་གནས་ཀྱི་གསར་བྱུང་ཐོན་རྫས་གཙོ་བྱས་པའི་དཀར་མཛེས་ཁུལ་གྱི་སྒྱུ་རྩལ་འགྲེམ་སྟོན། དེ་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་བརྗོད་བྱ་བྱས་པའི་གསར་ཐོན་བརྩམས་ཆོས་བཅས་ནང་དོན་ཁག་གསུམ་དུ་དབྱེ་སྟེ་དཀར་མཛེས་ཁུལ་གྱི་ལོ་རྒྱུས་རིག་གནས་ཕུན་སུམ་ཚོགས་པའི་སྒོ་ནས་འགྲེམ་སྟོན་བྱས་སྟབས། ལྟད་མོ་བ་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ།
         འགྲེམ་སྟོན་དུ་གླིང་རྗེ་གེ་སར་རྒྱལ་པོའི་སྐོར་གྱི་འགྲེམ་སྟོན་ལ་གླིང་སྒྲུང་གི་གནའ་དཔེ་དང་ཞལ་ཐང་སོགས་ཡོད་ལ། དེ་ལས་དམིགས་བསལ་ལྟད་མོ་བ་ཀུན་གྱི་ཡིད་དབང་འཕྲོག་པ་ནི་པོད་སུམ་བརྒྱ་ཡི་བདག་ཉིད་ཅན་གྱི་《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ》ཞེས་པའི་དཔེ་ཚོགས་དེ་ཡིན་ཞིང་། འདི་ནི་སི་ཁྲོན་དཔེ་སྐྲུན་ཚོགས་པས་མ་དངུལ་གྱི་མཐུན་རྐྱེན་སྦྱར་ཞིང་། ཧི་མ་ལའི་རིག་གནས་སྒྱུ་རྩལ་ལྟེ་གནས་ཀྱིས་དཔེ་འཚོལ་ཕྱོགས་བསྒྲིགས་གནང་འོག །སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་སི་ཁྲོན་མཛེས་རྩལ་དཔེ་སྐྲུན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་དཔེ་སྐྲུན་བྱས་པ་ཡིན། འདི་ཉིད་ནི་ཕྱོགས་ཡོངས་དང་མ་ལག་ཚང་བའི་སྒོ་ནས་འཚོལ་བསྡུ་དང་། ཕྱོགས་བསྒྲིགས། པར་སྒྲིག །དཔེ་སྐྲུན་བཅས་བྱས་པའི་སྔར་བྱུང་མ་མྱོང་བའི་རིག་གནས་ཀྱི་ལས་གཞི་ཞིག་ཡིན་ལ། ཡིག་འབྲུ་བསྡོམས་པས་ཁྲི་བརྒྱད་སྟོང་དང་། གླིང་སྒྲུང་རིགས་སྣ་ཚོགས་སུམ་བརྒྱ་བདུན་ཅུ་ལྷག་གི་མ་དཔེ་ཕྱོགས་བསྡུས་ཀྱིས་པོད་སུམ་བརྒྱ་ལྷག་བསྒྲིགས་ནས་དཔེ་སྐྲུན་བྱས་ཡོད་པས། མིག་སྔར་ཆེས་ཆ་ཚང་བའི་《འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་།》གི་དཔེ་མཛོད་དུ་གྲུབ་ཡོད།
 

        《འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་།》ནི་བོད་གངས་ཅན་པས་ཐུན་མོང་གིས་བརྩམས་གནང་མཛད་པའི་རླབས་ཆེ་བའི་དཔའ་བོའི་བྱུང་བ་བརྗོད་པའི་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་ཞིག་ཡིན་ཞིང་།  རྒྱུན་རིང་བའི་ལོ་རྒྱུས་དང་རི་ལྟར་བརྩེགས་པའི་གླེགས་བམ། ཕུན་སུམ་ཚོགས་པའི་ནང་དོན། ཟབ་ཅིང་ཡངས་པའི་ཤེས་རིག་གི་བང་མཛོད་ཅིག་ཡིན་པས། བོད་མི་རིགས་གཙོ་བའི་མདོ་དབུས་མཐོ་སྒང་གི་ཁོངས་སུ་འཚོ་ཞིང་གཞེས་པའི་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་བྱེད་པར་ཤེས་བྱ་ཀུན་འདུས་ཀྱི་རྣམ་པ་ཅན་གྱི་རླབས་ཆེ་བའི་བརྩམས་ཆོས་ཤིག་ཡིན།《འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་།》ནི་སྲུང་སྐྱོང་དང་རྒྱུད་འཛིན་བྱེད་བཞིན་ཡོད་པའི་དཔའ་བོའི་བྱུང་བ་བརྗོད་པའི་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་ཞིག་ཡིན་ལ། ད་ལྟའི་བར་དུ་བོད་མི་རིགས་ཁྲོད་དང་ལྷག་པར་དུ་ཞིང་འབྲོག་མང་ཚོགས་ཁྲོད་དུ་དར་ཁྱབ་ཆེན་པོ་བྱུང་ཡོད་ཅིང་། དེར་སྒྱུ་རྩལ་གྱི་གཟི་ཉམས་དང་འགྲན་དུ་མེད་པའི་གསོན་ཤུགས་རྒྱས་ཡོད། འཛམ་གླིང་ཐོག་བམ་པོའི་གྲངས་ཚད་ཆེས་མང་བའི་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་དེ་ཡིན་ཕྱིན་འཛམ་གླིང་ན་ཆེས་རིང་བའི་དཔའ་བོའི་རྟོགས་པ་བརྗོད་པའི་ལོ་རྒྱུས་ཀྱི་སྙན་རྩོམ་ཞེས་པའི་མཚན་གྱི་སྙན་པ་འབར།

         སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱི་དཔལ་ཡོན་འཕེལ་རིམ་གྱི་མཐོ་ཚད་ནས་《འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་།》ལ་གདེང་འཇོག་བྱས་ཡོད་པ་དང་། རང་རྒྱལ་གྱི་དམངས་སྲོལ་ཆེད་མཁས་པ་གྲགས་ཅན་ཀྲུང་ཅུན་བུན་གྱིས་བོད་རང་ཉིད་ལ་《འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་།》ཡོད་པ་དང་ཁྱབ་སྤེལ་བྱུང་བ་ནི་མི་རིགས་ཀྱི་གཟི་བརྗིད་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ང་རྒྱལ་དུ་རློམ་ཆོག་པར་མ་ཟད། མིའི་རིགས་ཀྱི་རིན་ཐང་བྲལ་བའི་སྒྱུ་རྩལ་གྲུབ་འབྲས་ཀྱི་མངོན་སྟངས་དང་གཟི་བརྗིད་ཅིག་རེད་ཅེས་གསུངས་ཡོད།《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ།》བོད་ཡིག་དཔར་མ་དཔེ་སྐྲུན་གནང་བ་ཡིས་འཛམ་གླིང་ན་ཆེས་རིང་བའི་དཔའ་བོའི་རྟོགས་པ་བརྗོད་པའི་སྙན་རྩོམ་རིང་མོའི་གཟི་མདངས་སྔར་ལས་རྒྱས་པར་བྱས་ཡོད་ལ། མདོ་དབུས་མཐོ་སྒང་ན་འཚོ་ཞིང་གཞེས་པའི་བོད་མི་རིགས་སོགས་མི་རིགས་ཁག་གི་ཀྲུང་ཧྭའི་རིག་གནས་རང་རྟོན་དེ་ངེས་པ་དོན་གྱིས་མཐོར་འདེགས་སུ་གཏོང་ཐུབ་བོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1