ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 07-16



             ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ་7ཚེས་13ཉིན་གྱི་ཕྱི་དྲོ་ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་འགག་རྩའི་ལག་རྩལ་གཙོ་བོ་ནི་རྒྱལ་ཁབ་ཀྱི་ཆ་རྐྱེན་གལ་ཆེན་ཞིག་ཡིན་པས་རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད་པས་ངེས་པར་དུ་རང་རྒྱལ་གྱི་འགག་རྩའི་ལག་རྩལ་གཙོ་བོ་གསར་གཏོད་ནུས་པ་ཆེ་རུ་ཏན་ཏིག་བཏང་ཐོག་ཚན་རྩལ་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་རང་ཉིད་ཀྱིས་སྟངས་འཛིན་ནན་པོ་བྱས་ཏེ་རང་རྒྱལ་གྱི་འཕེལ་རྒྱས་ཆེད་ཚན་རྩལ་གྱི་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
             ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ལི་ཁེ་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཡིན་པའི་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཡིན་པའི་ཧན་ཀྲེང་བཅས་ཚོགས་འདུར་ཕེབས་པ་རེད།
             ཚོགས་འདུའི་ཐོག་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ཚན་རྩལ་པུའུ། བཟོ་འཕྲིན་པུའུ། ཀྲུང་གོ་ཚན་རིག་ཁང་། ཀྲུང་གོ་བཟོ་སྐྲུན་ཁང་བཅས་ཀྱི་སྙན་ཞུ་གསན་པ་རེད།
             ཚོགས་འདུའི་ཐོག་ད་ཕན་ལོ་ཤས་རིང་རང་རྒྱལ་གྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དང་ཚན་རྩལ་གསར་གཏོད་ནུས་པ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་མོད། འོན་ཀྱང་རང་རྒྱལ་གྱི་ཚན་རྩལ་འཕེལ་རྒྱས་ཀྱི་ཆུ་ཚད་དང་ལྷག་པར་དུ་འགག་རྩའི་ལག་རྩལ་གཙོ་བོ་གསར་གཏོད་ནུས་པ་དེ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དང་བསྡུར་ན་ད་དུང་ཧེ་བག་ཧ་ཅང་ཆེན་པོ་ཡོད་ལ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་བླང་བྱ་དང་ད་དུང་བསྟུན་ཐུབ་ཀྱི་མེད། དགོས་གཏུགས་ཀྱི་བསམ་པ་དང་ཉེན་ཁ་ཚོར་སེམས་ཆེ་རུ་ཏན་ཏིག་བཏང་ནས་ཡིད་ཆེས་བརྟན་པོ་དང་མྱུར་དུ་རྗེས་འདེད་བཏང་སྟེ་དགོས་མཁོའི་སྟོན་ཕྱོགས་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་པ། དམིགས་ཚད་ཀྱི་སྟོན་ཕྱོགས་བཅས་གཞིར་བཟུང་རྒྱལ་ཁབ་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ཏེ་ལག་རྩལ་གསར་གཏོད་ཀྱི་ནུས་པ་མཐོ་རུ་གཏོང་བ་དང་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་གསར་གཏོད་རང་བཞིན་གྱི་ཚད་བརྒལ་གལ་ཆེན་ཐོབ་རྒྱུར་འབད་བརྩོན་བྱེད་དགོས་ཞེས་བསྟན་གནང་བ་རེད།
             ཚོགས་འདུའི་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། ཚན་རིག་མཁས་ཅན་དང་ཁེ་ལས་མཁས་ཅན་གྱི་གསར་གཏོད་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ཏེ་འགག་རྩའི་ལག་རྩལ་གཙོ་བོའི་འགག་སྒྲོལ་ལམ་སྲོལ་ཆགས་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
             ཚོགས་འདུའི་ཐོག་སྲིད་གཞུང་གི་འགན་ནུས་མགྱོགས་མྱུར་གཞན་སྒྱུར་བྱས་ཏེ་ཚན་རྩལ་རྣམ་གྲངས་གལ་ཆེན་འཛུགས་པ་དང་སྒྲིག་འཛུགས་ལག་བསྟར་བྱེད་སྟངས་སྒྱུར་བཅོས་བྱས་ནས་གྲུབ་འབྲས་ཀྱི་སྟོན་ཕྱོགས་ཤུགས་ཆེར་གཏོང་བ་དང་ཚན་ཞིབ་རྣམ་གྲངས་ཀྱི་དོ་དམ་ལས་རིམ་སྟབས་བདེ་རུ་བཏང་སྟེ་ཚན་ཞིབ་ཚན་པ་དང་ཚན་ཞིབ་མི་སྣར་རང་བདག་དབང་ཆ་དེ་བས་མང་བ་སྤྲོད་དགོས། ཚན་ཞིབ་ལས་རྗེས་ཀྱི་ཚོད་སྐོར་ལམ་སྲོལ་སྒྱུར་བཅོས་བྱས་ནས་ཚན་རིག་དང་མཐུན་པའི་རིགས་དབྱེ་དང་ལུགས་མཐུན་རྒྱུ་མང་གི་གདེང་འཇོག་བྱེད་པའི་མ་ལག་བཙུགས་ཏེ་རྒྱལ་ཁབ་ཚན་རྩལ་བྱ་དགའི་ལམ་ལུགས་སྒྱུར་བཅོས་བྱེད་དགོས་ཞེས་བསྟན་གནང་བ་རེད།
             ཚོགས་འདུའི་ཐོག་སྒོ་དབྱེ་དང་། མཉམ་ལས། གསར་གཏོད་བཅས་མཐའ་འཁྱོངས་ཀྱིས་ཚན་རྩལ་ཁྱབ་ཁོངས་ཀྱི་ཕྱི་ཕྱོགས་སྒོ་མོ་དབྱེ་རྒྱ་ཆེ་རུ་གཏོང་བ་དང་རྒྱལ་སྤྱིའི་གསར་གཏོད་ཐོན་ཁུངས་གང་ལེགས་སྤྱད་དེ་རྒྱུ་མང་ཅན་གྱི་མཉམ་ལས་ཐབས་ལམ་འབྱེད་པ་དང་། མཉམ་ལས་ཁྱབ་ཁོངས་གནད་སྨིན་ངང་འདེམས་པ། མཐོ་རིམ་སློབ་གླིང་དང་ཚན་ཞིབ་ཁང་དང་སུའོ་སོགས་ཀྱི་ཕྱི་ཕྱོགས་ཚན་རྩལ་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རོགས་ཟླའི་འབྲེལ་བ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
             ཚོགས་འདུའི་ཐོག་འགག་རྩའི་ལག་རྩལ་གཙོ་བོ་ཚད་བརྒལ་བྱེད་པར་འགག་རྩ་ནི་མིའི་ཧུར་བརྩོན་རང་བཞིན་ནུས་ལྡན་ངང་འདོན་སྤེལ་བྱ་རྒྱུར་ཐུག་ཡོད། “འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་བཏང་ནས་བསམ་པའི་ཉམས་འགྱུར་བཟང་པོ་ཆགས་པ་བྱེད་དགོས་ཞེས་བསྟན་གནང་བ་རེད།
             ཚོགས་འདུའི་ཐོག་ཚན་རྩལ་ལས་དོན་ལ་ཏང་ཀྲུང་དབྱང་གིས་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འགག་རྩའི་ལག་རྩལ་གཙོ་བོ་འགག་སྒྲོལ་བྱེད་པར་སྐུལ་འདེད་གཏོང་བའི་མཉམ་ཤུགས་སྟོབས་ཆེན་ཞིག་ཆགས་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1