སྡེ་དགེའི་ཞིང་འབྲོག་པའི་བྱིས་པ་རང་ཉིད་ཀྱི་སྒོ་ཁར་ཡོད་པའི་བྱིས་བཅོལ་ཁང་དུ་འགྲོ་ཆོག

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 07-16



        སྤྱི་ཟླ7པའི་ཚེས2ཉིན། གསར་འགོད་པ་སྡེ་དགེ་རྫོང་མདའ་མ་གྲོང་རྡལ་སྒམ་ཁང་གྲོང་སྡེར་བཅར་འདྲི་བྱེད་དུ་ཕྱིན་སྐབས། ཐག་རིང་ས་ནས་ཕྲུ་གུ་ཚོའི་དགོད་སྒྲ་ཐོས་རྒྱུ་འདུག བྱིས་པ་ཁང་དུ་སླེབས་སྐབས། གྲོང་སྡེ་དེའི་བྱིས་པ་ཁང་གི་དགེ་རྒན་འཆི་མེད་དཔལ་མོ་དང་བཀྲ་ཤིས་ཆོས་མཚོ། འཇམ་ལྷ་བཅས་ཀྱིས་ཕྲུ་གུ་ཚོ་སྒྲིག་འཛུགས་བྱས་ཏེ་བྱེད་སྒོ་སྤེལ་ཁང་དུ་རྩེད་མོ་རྩེ་རུ་འཇུག་བཞིན་པའི་རྣམ་པ་དེ་གསར་འགོད་པའི་མཐོང་ཆོས་སུ་གྱུར།
        སྒམ་ཁང་གྲོང་སྡེའི་བྱིས་པ་ཁང་གིས་སྒམ་ཁང་གྲོང་སྡེའི་ཨུ་ལྷན་གཉིས་ཀྱི་བྱེད་སྒོ་སྤེལ་ཁང་དེ་བེད་སྤྱོད་བཏང་ཡོད་ཅིང་། གཞི་ཁྱོན་སྨི་གྲུ་བཞི་མ150ལས་མེད་པའི་བྱེད་སྒོ་སྤེལ་ཁང་དེའི་སློབ་ཁང་གཉིས་དང་། བྱེད་སྒོ་སྤེལ་ཁང་གཅིག གཞུང་ལས་ཁང་གཅིག་བཅས་བཀོད་སྒྲིག་བྱས་ཡོད་རེད། བྱེད་སྒོ་སྤེལ་ཁང་དེ་གཞི་ཁྱོན་དེ་ཙམ་ཆེན་པོ་མེད་ནའང་བཀོད་སྒྲིག་བྱེད་སྟངས་ནི་སྐྱིད་སྣང་སྟེར་ཞིང་གཙང་སྦྲ་ཡག་པོ་ཡོད་ཅིང་། ཁང་པའི་ནང་དུ་བརྙན་འཕྲིན་དང་། ཀང་ཆིན(རོལ་ཆ་ཞིག)། གློག་རྡུལ་སྦྱང་ཤིང་སོགས་སྒྲིག་ཆས་ཆ་ཚང་ཞིང་ཁོར་ཡུག་གཙང་མ་ཡིན་པ་རེད།
        གསར་འགོད་པས་བྱིས་པ་ཚོའི་རྩེད་མོ་རྩེ་སར་ལྟ་སྐབས། བྱིས་པའི་ཁྱིམ་བདག་འགས་རང་གི་ཕྲུ་གུར་དོ་ཁུར་བྱེད་བཞིན་པའི་རྣམ་པ་མཐོང་བྱུང་།
        ཁྱིམ་བདག་ཚེ་རིང་གིས་ད་ལྟར་གྲོང་སྡེར་བོད་རྒྱ་སྐད་རིགས་གཉིས་འཁྲིད་བཞིན་ཡོད་པའི་བྱིས་པ་ཁང་བསྐྲུན་པར་བརྟེན། ཕྲུ་གུ་ཚོ་བྱིས་པ་ཁང་དུ་མངགས་རྗེས་གཏན་ནས་མི་འདྲ་འདུག བོད་སྐད་བཤད་པའི་རྨང་གཞིའི་ཐོག་རྒྱའི་སྤྱི་སྐད་ཀྱང་བཤད་ཤེས་པར་མ་ཟད། གུས་ལུགས་གུས་ཞབས་ཡོད་མཁན་རེད་འདུག ད་དུང་ཟ་མ་མ་ཟོས་པའི་སྔོན་དུ་ལག་པ་འཁྲུད་པ་དང་ཆུ་གྲང་མོ་མི་བཏུང་བ། འཚོ་བ་རང་མགོ་ཐོན་པ། གོམས་གཤིས་ཡག་པོ་ཆགས་ཡོད་པས་སློབ་དུས་རྗེས་མར་སླེབས་སྐབས་སློབ་ཆུང་དུ་འགྲོ་རྒྱུའི་གྲ་སྒྲིག་ཡག་པོ་བྱས་ཡོད་ཅེས་བཤད་པ་རེད།
        སྔོན་མར་ཕྲུ་གུ་བྱིས་པ་ཁང་དུ་མངགས་སྐབས་ཧ་ཅང་རྒྱང་ཐག་རིང་བའི་ཤང་གི་ལྟེ་བའི་བྱིས་པ་ཁང་དུ་འགྲོ་དགོས་ལེ་རེད། ལམ་ཐག་རིང་པོར་བསུ་སར་འགྲོ་དགོས་པར་མ་ཟད་ད་དུང་ཉེན་ཁ་ཆེ་བ་རེད། ད་ལྟར་གྲོང་སྡེའི་བྱིས་པ་ཁང་བསྐྲུན་ཡོད་པས་རང་གི་སྒོ་ཁར་ཡི་གེ་སྦྱོང་སར་འགྲོ་ཆོག གོམ་པ་འགའ་ལས་འགྲོ་མི་དགོས་ནས་སློབ་གྲྭར་སླེབས་ཐུབ་པས་ཕྲུ་གུ་ཚོ་ཧ་ཅང་སྐྱིད་པོ་རེད། རྒྱལ་ཁབ་ཀྱིས་ཕྲུ་གུ་ཚོར་འདི་འདྲའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད་པར་བཀའ་དྲིན་ཆེ་ཞེས་གྲོང་མི་སྐལ་བཟང་ཆོས་སྐྱིད་ཀྱིས་དགའ་སྤྲོའི་ངང་དེ་ལྟར་བཤད་པ་རེད།
        དགེ་རྒན་འཇམ་ལྷས་གསར་འགོད་པར་མདའ་མ་གྲོང་སྡེའི་བྱིས་པ་ཁང་དུ་ལོ་ན4ནས6བར་གྱི་བྱིས་པ12ཡོད། དང་པོར་འདིར་སླེབས་སྐབས། ཕྲུ་གུ་ཚོས་ཕལ་ཆེར་རྒྱའི་སྤྱི་སྐད་བཤད་མི་ཤེས་པ་དང་། རང་ཉིད་ཀྱི་འཕྲོད་བསྟེན་གྱི་གནས་ཚུལ་ཡང་ཧ་ཅང་ཞན་པ་རེད། ད་ལྟར་ཕྲུ་གུ་ཚོས་རྒྱའི་སྤྱི་སྐད་བཤད་ཤེས་པར་མ་ཟད། གླུ་ལེན་བྲོ་འཁྲབ་བྱ་རྒྱུ་དང་རང་མགོ་རང་ཐོན་ཐུབ་པ་རེད་ཅེས་བཤད།
        སྡེ་དགེ་རྫོང་གི་ཕྲུ་གུ་ཚང་མར་སློབ་གསོ་ཡག་པོ་རྒྱག་ཐུབ་པ་དང་སློབ་གསོར་བརྟེན་ནས་དབུལ་ཐར་ཡོང་ཐུབ་པའི་ཆེད་དུ། ན་ལོའི་དཔྱིད་ཀར་རྫོང་དེས་གྲོང་སྡེ་རེར་བྱིས་པ་ཁང་རེ་འཛུགས་གཉེར་བྱེད་པའི་འཆར་གཞི་ལག་བསྟར་བྱེད་འགོ་བཙུགས་ནས། སྲིད་འཛིན་གྲོང་སྡེ་ཚན་རེར་བྱིས་པ་ཁང་རེ་བཙུགས་པ་དང་། བོད་རྒྱ་སྐད་རིགས་གཉིས་ཀྱི་སློབ་གསོ་གཙོ་བོར་བྱས་པའི་སློབ་གྲྭར་ཞུགས་སྔོན་གྱི་སློབ་གསོ་བྱ་རྒྱུ་སྒྲིག་འཛུགས་བྱས་ནས། ལོ3ནས6བར་གྱི་བྱིས་པ་ཚང་མ་རིན་པ་མི་དགོས་པར་སློབ་གྲྭ་དང་ཉེ་སར་ཡོད་པའི་སློབ་གྲྭར་ཞུགས་ཆོག་པ་རེད།
        མིག་སྔའི་བར་དུ། རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་སྡེ171ལ་ཁྱོན་བསྡོམས་གྲོང་སྡེའི་བྱིས་པ་ཁང70འཛུགས་གཉེར་བྱས་ཡོད།མ་དངུལ་སྒོར་ཁྲི5618བཏང་ནས་གཞི་ཁྱོན་སྨི་གྲུ་བཞི་མ12330ལྡན་པའི་བྱིས་པ་ཁང་དུ་བྱིས་པ1594ལྷག་ཡོད་པས་བྱིས་པ་སློབ་གྲྭར་ཞུགས་ཚད་བརྒྱ་ཆ54ལ་སླེབས་པ་རེད། ཕྱིན་ཆད་ལོ་གཉིས་ཀྱི་རིང་ལ་རྫོང་དེས་མུ་མཐུད་ནས་གྲོང་སྡེ་རེར་བྱིས་པ་ཁང་རེ་འཛུགས་སྐྲུན་ཇེ་མགྱོགས་བྱས་ནས། ཁྱོན་ཡོངས་ནས་རང་ཉིད་ཀྱི་སྒོ་ཁར་བྱིས་པ་ཁང་དུ་འགྲོ་ཐུབ་པར་བྱ་རྒྱུ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1