༄༅།། ཁྱེད་ལ་ཁ་པར་གྱི་གྲོན་དངུལ་གང་བྱུང་འཐེན་པའི་གནད་དོན་འཕྲད་མྱོང་ངམ།

རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 07-16


        བཟོ་འཕྲིན་པུས་ཉེ་དུས་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བའི་འཕྲིན་གཏོང་ཞབས་ཞུའི་སྐོར་གླེང་མང་བའི་གནད་དོན་ལ་དཔྱད་བསྡུར་བྱས་ཤིང་། ལག་ཐོགས་ཁ་པར་གྱི་གྲོན་དངུལ་གང་བྱུང་དུ་འཐེན་པ་དང་། ཆོ་མེད་འཕྲིན་ཐུང་། སུན་པོ་བཟོ་བའི་ཁ་པར་སོགས་ཀྱི་གནད་དོན་ལ་དམིགས་ཏེ། གློག་འཕྲིན་ཁེ་ལས་ལ་གྲོན་དངུལ་ནོར་ནས་བསྡུ་བའི་བྱེད་སྤྱོད་འཕྲལ་མར་ཡོ་བསྲང་བྱེད་དགོས་པའི་སྐུལ་མ་བཏང་བ་དང་སྦྲགས། ཟླ་རྗེས་མ་ནས་བཟུང་རང་འགུལ་ངང་ཟླ་རེ་བཞིན་འཕྲིན་གཏོང་གི་རྩིས་ཐོའི་ཆ་འཕྲིན་བསྐུར་ནས་ཁ་པར་སྤྱོད་མཁན་གྱིས་ཁ་པར་གྱི་གྲོན་དངུལ་གང་དུ་ཕྱིན་མིན་རྟོགས་ཐུབ་པའི་བླང་བྱ་བཏོན་འདུག 

        འབྲེལ་ཡོད་འཕྲིན་གཏོང་དོ་དམ་ཅུས་དང་རྨང་གཞིའི་གློག་འཕྲིན་ཁེ་ལས་ཁག་སྒྲིག་འཛུགས་བྱས་ནས་ཕྱོགས་གསུམ་ཐད་ཀྱི་ལས་དོན་སྤེལ་བ་སྟེ།  གཅིག་ནི་གློག་འཕྲིན་ཁེ་ལས་ལ་གྲོན་དངུལ་ནོར་ནས་བསྡུ་བའི་བྱེད་སྤྱོད་འཕྲལ་མར་ཡོ་བསྲང་བྱེད་དགོས་པའི་སྐུལ་མ་བཏང་བ་དང་སྦྲགས། རྨང་གཞིའི་གློག་འཕྲིན་ཁེ་ལས་ཀྱིས་ཟླ་རྗེས་མ་ནས་བཟུང་རང་འགུལ་ངང་ཟླ་རེ་བཞིན་འཕྲིན་གཏོང་གི་རྩིས་ཐོའི་ཆ་འཕྲིན་བསྐུར་ནས་ཁ་པར་སྤྱོད་མཁན་གྱིས་ཁ་པར་གྱི་གྲོན་དངུལ་གང་དུ་ཕྱིན་མིན་རྟོགས་ཐུབ་པའི་བླང་བྱ་བཏོན་པ་དང་། གཉིས་ནི་གནས་ཚུལ་སྤེལ་བའི་འབྲེལ་ཡོད་ཞིབ་ཕྲའི་གནད་དོན་དང་དཔེ་མཚོན་གྱི་གྱོད་དཔེ་འཕྲལ་མར་ཞིབ་དཔྱད་བྱས་ནས། ཆོ་མེད་འཕྲིན་ཐུང་སྐུར་མཁན་མཐུད་སྣེ་31བཀག་པ་དང་། མང་ཚོགས་སུན་པོ་བཟོ་བའི་དོགས་གཞི་ཡོད་པའི་ཁ་པར་ཨང་གྲངས་དང་། དེ་བཞིན་དེ་དང་འབྲེལ་ཡོད་ཀྱི་ཨང་གྲངས་82མེད་པར་བཟོས་པ། གནད་དོན་དང་འབྲེལ་བ་ཡོད་པའི་ཁེ་ལས་སྐོང་འདྲི་བྱས་ཏེ་ཕྱོགས་ཡོངས་ནས་རང་བཤེར་དག་ཐེར་བྱེད་དགོས་པའི་བཀའ་བཏང་བ་དང་། གནས་ཚུལ་ཞིབ་བཤེར་གསལ་པོ་བྱུང་རྗེས་ཁྲིམས་ལྟར་སྒྲིག་འགལ་ཁེ་ལས་ཐག་གཅོད་བྱས་པ་དང་། གནད་དོན་དེ་དག་དང་འབྲེལ་བ་ཡོད་པའི་མི་སྣར་འགན་འཁྲི་བདའ་འདེད་བཏང་བ། གསུམ་ནི་གཅིག་ཤེས་ཀུན་གྲོལ་གྱིས་གནད་དོན་འབྱུང་རྐྱེན་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་དོ་དམ་གྱི་ཞན་ཆ་གསབ་ནས། གཉེར་སྐྱོང་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཐོག་རྒྱ་ཆེའི་མི་དམངས་མང་ཚོགས་ལ་སྟབས་བདེ་ཆེན་པོ་བསྐྲུན་ཡོད།

        སྨྱན་སྦྱོར་གྱིས་སྤེལ་བའི་འཛད་སྤྱོད་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཐད་བཟོ་འཕྲིན་པུས་འབྲེལ་ཡོད་སྡེ་ཚན་དང་གཞོགས་འདེགས་ཧུར་ཐག་བྱས་ཏེ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ་ཡིན་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1