གཙོ་ངོས།>> ཞིབ་འཇུག>>ཆོས་ལུགས།

བསོད་ནམས་དབང་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༧ཚེས་༡༧ཉིན།

༄༅།། བླ་ཆེན་དགོངས་པ་རབ་གསལ་དང་འབྲེལ་བའི་དཔྱད་གླེང་ཕྲན་བུ།

བསོད་ནམས་དབང་རྒྱལ།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་འབྲེལ་ཡོད་ལོ་རྒྱུས་ཡིག་ཆ་རྨང་གཞིར་བྱས་ཐོག    བླ་ཆེན་དགོངས་པ་རབ་གསལ་གྱི་འཁྲུངས་འདས་ལོ་ཚིགས་དང་།  འཁྲུངསཡུལ།   མཛད་རྣམ་བཅས་ཀྱི་སྐོར་ལ་དཔྱད་གླེང་ཕྲན་བུ་བགྱིས་ཏེ་རང་ཉིད་ཀྱི་ལྟ་བ་བཏོན་ཡོད།
[གནད་འགག་མིང་བརྡ།] བླ་ཆེན་དགོངས་པ་རབ་གསལ། ལོ་ཚིགས། འཁྲུངས་ཡུལ། མཛད་རྣམ།   
དང་པོ།  བླ་ཆེན་དགོངས་པ་རབ་གསལ་གྱི་འཁྲུངས་ཡུལ་གྱི་སྐོར།
    བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ཏུ་བླ་ཆེན་དགོངས་པ་རབ་གསལ་གྱི་འཁྲུངས་ཡུལ་སྐོར་ལ་བཞེད་པ་མི་མཐུན་པ་གཉིས་འདུག་སྟེ།  གཅིག་ནི་《མྱང་ཆོས་འབྱུང》དུ་བླ་ཆེན་འཕན་ཡུལ་གཞོང་པ་རུ་མུ་སུ་གསལ་འབར་ཞེས་བྱ་པའི་བོན་པོ་གཅིག་གི་སྲས་མུ་སུ་དགེ་འབར་ཞེས་སུ་འཁྲུངས ① ཅེས་པ་དང་།   (ནེའུའི་ཆོས་འབྱུང་སྔོན་གྱི་གཏམ་མེ་ཏོག་ཕྲེང་བ》ལས།   འཕན་ཡུལ་ཞོགས་པ་ན་མུ་ཟུ་གསལ་འབར་ཞེས་བྱ་བའི་བོན་པོ་གཅིག་ལ་བུ་མུ་ཟུ་གསལ་འཕན②ཞེས་པ་དང་། (རྒྱལ་རབས་གསལ་མེའི)ནང་དུ་ཆོས་སྣུབས་ནས་ལོ་དྲུག་ཅུ་ལོན་པ་ན། འཕན་ཡུལ་ཞོག་ན་རྨུ་གསལ་གཤེན་འབར་བྱ་བའི་བོན་པོའི་བུ།    རྨུ་ཟ་འཕན་བྱ་བའི་བྱིས་པ་ཅིག་གིས་རང་སྲོག་ལ་མ་བལྟས་པར་ཁམས་སུ་ཕྱིན་ཏེ་རབ་ཏུ་བྱུང་བས་མིང་ཡང་བླ་ཆེན་དགོངས་པ་རབ་གསལ་དུ་གྲགས ③ཅེས་འཁོད་པ་ལྟར་མཛད་པ་པོ་གང་དེའི་ སྐྱེས་ཡུལ་དབུས་གཙང་ནས་ཡིན་པའི་ཆོས་འབྱུང་འགར་བླ་ཆེན་དགོངས་པ་རབ་གསལ་དབུས་ཀྱི་འཕན་ཡུལ་ཏེ།  ད་ལྟའི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་བྱང་ངོས་འཕན་ཡུལ་ངན་ཆུའི་ཆུ་རྒྱུད་དུ་འཁྲུངས་པར་བཞེད་པ་དང་།  གཅིག་ཤོས་ནི་《མདོ་སྨད་ཆོས་འབྱུང》དུ་ཙོང་ཁ་བདེ་ཁམས་ཀྱི་དམུ་ཟུ་གསལ་འབར①ཅེས་པ་དང་། 《དཔག་བསམ་ལྗོན་བཟང》དུ་བསྟན་པ་སྣུབས་པ་ལས་ལོ་དགུས་སྔ་བའི་ཆུ་བྱི་ལོར་ཙོང་ཁ་བདེ་ཁམས་སུ་བོན་པོ་ཞིག་གི་བུར་བལྟམས་ཏེ་མིང་མུ་གསལ་འབར་དུ་བཏགས②ཅེས་པ། དེ་བཞིན་ཐུའུ་བཀྭན་ཆོས་ཀྱི་ཉི་མས་ཆུ་ཕོ་བྱི་བའི་ལོ་ཙོང་ཁ་བདེ་ཁམས་སུ་བོན་པོ་བཟའ་མི་གཉིས་ཀྱི་བུར་སྐུའི་སྐྱེ་བ་བཞེས། ཕ་མས་མུ་ཟུ་གསལ་འབར་ཞེས་བོན་མིང་བཏགས③ཅེས་གསུངས་པ་ལྟར་ཆོས་འབྱུང་གང་དེའི་མཛད་པ་པོ་མདོ་སྨད་ནས་ཡིན་པ་ཕལ་ཆེར་བླ་ཆེན་གྱི་འཁྲུངས་ཡུལ་མདོ་སྨད་ཙོང་ཁ་བདེ་ཁམས་ཏེ།   དེང་གི་མཚོ་སྔོན་ཕྱོགས་ཡིན་པར་བཞེད་པ་རེད།    བཞེད་ཕྱོགས་གཉིས་ཀས་བླ་ཆེན་བོན་པོ་ཞིག་གི་ཁྱིམ་དུ་འཁྲུངས་པར་ཁ་མཚུངས་མོད།   འཁྲུངས་ཡུལ་ཐད་གཅིག་གིས་དབུས་ཀྱི་འཕན་ཡུལ་དང་།  གཅིག་ཤོས་ཀྱིས་མདོ་སྨད་ཙོང་ཁ་བདེ་ཁམས་སུ་ངོས་འཛིན་པའི་རྩ་བ་ནས་མི་མཐུན་པའི་བཞེད་དགོངས་གཉིས་ཡོད་པ་དེ་གྲུབ་མཐའི་ཕྱོགས་རིས་སུ་འཁྱེར་བའམ་ཡང་ན་ཡུལ་ཕྱོགས་ཀྱིས་ཁྱེར་ཏེ་རང་རང་གི་ཆེ་བ་བརྗོད་པ་ལས་བྱུང་བ་ཨེ་ཡིན་སྙམ།  བཞེད་ཕྱོགས་དང་པོས་བླ་ཆེན་འཁྲུངས་པའི་གནས་དབུས་ཀྱི་འཕན་ཡུལ་དུའདོད་པ་ནི་མ་དག་པ་སྟེ། དབུས་ཀྱི་འཕན་ཡུལ་ཕྱོགས་སུ་མདོ་སྨད་ལྟར་བླ་ཆེན་གྱི་འཁྲུངས་ཡུལ་དུ་ངོས་འཛིན་པའི་གནས་མཇལ་རྒྱུ་མེད་ལ་དེའི་སྐོར་གྱི་ངག་རྒྱུན་ཡང་མེད་པས་སོ།   འོ་ན་བླ་ཆེན་གྱི་འཁྲུངས་ཡུལ་ཡང་སྙིང་གནས་གང་ལ་ངོས་འཛིན་དགོས་པ་རེད་ཟེར་ན་འདི་ལྟ་སྟེ། ཚེ་ཏན་ཞབས་དྲུང་ལགས་ཀྱི་ཁོ་ཨ་མདོ་མཚོ་སྔོན་ཕྱོགས་སུ་ཙོང་ཁའི་སྐྱེས་རི་ལྟེ་བར་བཀོད་པའི་རྨ་ཆུ་ཙོང་ཆུ་ཀླུ་ཆུ་གསུམ་འདྲེས་པའི་མདོ།  མཆོད་རྟེན་དཀར་པོ་ལེ་ལག་དང་བཅས་པའི་ལྗོངས་ལ་ཙོང་ཁ་བདེ་ཁམས་ཞེས་བརྗོད་པའི་ཤར་ལྷོའི་ཆར།  རྒྱལ་བུ་དོན་གྲུབ་ཀྱི་མདོར་རྒྱལ་བའི་ལུང་གིས་ཟིན་པའི་རི་བོ་དན་ཏིག་དང་ཁད་ཤིན་ཏུ་ཉེ་བའི་རྨ་འགྲམ་དུ་ཆགས་པའི་རྒྱ་ཞུར་གྲོང་ཚོ །  སྔོན་ཆད་འབྲོག་སྦྲ་ནག་ཅན་དུ་ཡོད་པ་དེ་ནི་བླ་ཆེན་པོ་དེ་ཉིད་སྐུ་བལྟམས་པའི་གནས་འཁྲུལ་བ་མེད་པའོ①ཞེས་གསུངས་པ་བཞིན་མདོ་སྨད་མཚོ་སྔོན་ཡ་རྫི་མཁར་གྱི་བྱང་ཕྱོགས་སུ་ཆགས་པའི་རྒྱ་ཞུར་གྲོང་ཚོ་ཡིན་པ་སྟེ།  ཡུལ་དེ་གའི་རྒན་པོ་རྣམས་ཀྱི་ངག་རྒྱུན་ལྟར་ན་རྒྱ་ཞུར་གྲོང་ཚོ་འདི་ནི་སྔོན་བཙན་པོའི་རྒྱལ་རབས་ཀྱི་དུས་མདོ་སྨད་ཀྱི་ཆར་མཐའ་མཚམས་སྲུང་བའི་དམག་གི་གདུང་རྒྱུད་ལས་མཆེད་པར་བཤད་ཅིང་། བླ་ཆེན་རང་གི་གསུང་དུ་ཡང་།   དང་པོ་བུད་མེད་སྒོག་ཚོང་མ།།   བར་དུ་སྟག་སྣ་ཁྲི་སུམ་རྗེ།།    ཐ་མ་མུ་ཟུ་དགེ་བ་གསལ།།②ཞེས་རང་ཉིད་ཀྱི་སྐྱེ་བ་སྔ་མ་བོད་ཤར་ཕྱོགས་ཀྱི་དམག་དཔོན་ཆེན་མོ་འབྲོ་སྟག་སྣང་ཁྲི་སུམ་རྗེ་ཞེས་པ་དེ་ཡིན་པར་གསུངས་ཡོད་པ་དང་། འབྲོ་སྟག་སྣང་ཁྲི་སུམ་རྗེ་ནི་བོད་རྒྱལ་ཁྲི་རལ་བ་ཅན་གྱི་དུས་ཆབ་སྲིད་ཀྱི་བློན་ཆེན་ཡིན་པ་མ་ཟད།  མཚོ་སྔོན་ཤར་རྒྱུད་དུ་བོད་བཙན་པོའི་མཐོང་ཁྱབ་ཁྲི་སྡེ་གཙོ་བོ་ཙོང་ཁ་བདེ་བློན་གྱི་ལས་ཁུངས་ཡོད་པ་དེའི་དམག་སྤྱི་ཡིན་ཞིང་། འབྲོའི་ཁྱིམ་ཚང་གི་ལྟེ་བ་མཚོ་སྔོན་ཤར་ཕྱོགས་ཀྱི་མཐའ་ཁུལ་དུ་ཡོད③པ་ཡིན། རྒྱ་ཞུས་ཡང་ཏག་ཏག་མདོ་སྨད་མཚོ་སྔོན་གྱི་ཤར་ལྷོའི་ཆར་གནས་ཡོད་པ་མ་ཟད།    སྐབས་དེར་ཙོང་ཁ་བདེ་བློན་གྱི་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་གཏོགས་པས། རྒྱ་ཞུར་ནི་དམག་དཔོན་དེའི་འབྲོག་རུ་ཨེ་ཡིན་སྙམ་པའི་རྟོག་པའང་སྐྱེ་སྲིད་དོ། །  དེ་མིན་རྒྱ་ཞུར་ཞེས་པའི་མིང་གི་བྱུང་ཚུལ་ལ་ཡང་། བོད་རྒྱལ་བོའི་སོ་སྲུང་བློན་གྱི་གཞི་ཤུལ་ཡིན་པས་རྒྱལ་ཤུལ་དང་། རྒྱལ་བོའི་ཐུགས་རྩིས་ཆེ་བ་རིན་པོ་ཆེ་བྱུ་རུ་ལྟ་བུ་ཡིན་པས་རྒྱལ་བྱུར་ཞེས་པའི་བཤད་ཚུལ་གཉིས་ཡོད་པར་གྲགས་ཅིང་། ད་ལྟའི་རྒྱ་ཞུར་དང་ཉེ་བའི་བྱང་ཕྱོགས་ཀྱི་རི་རྩར་བླ་ཆེན་འཁྲུངས་སའི་སྦྲ་ཤུལ་དུ་ཡུལ་ངོས་འཛིན་པ་དེར་བདག་ཅག་གི་མི་རབས་འདིར་ཡང་རྒྱང་རིང་བོ་ནས་བལྟས་ན་ངེས་པར་སྦྲ་ཕུབ་པའི་མཚེར་ཤུལ་དབྱིབས་གོར་གོང་དུ་མ་སྙོན་མེད་དུ་སྣང་ ④ ཞེས་བླ་ཆེན་པོའི་འཁྲུངས་སར་ངོས་འཛིན་པའི་གནས་དེར་ད་ལྟ་མཆོད་རྟེན་ཞིག་བཞེངས་ཡོད་ཅིང་།   རྒྱ་ཞུར་མ་ཎི་ཁང་དུ་ཡབ་རྗེ་གསེར་ཁང་བས་བླ་ཆེན་གྱི་སྐུ་བརྙན་ཞིག་བཞེངས་ནས་རབ་གནས་མཆོད་འབུལ་མཛད་པའི་རྒྱུན་ད་ལྟའང་ལོ་རེའི་ཟླ་བཞི་བའི་ནང་དུ་དན་ཏིག་གི་གྲྭ་བ་དང་ཡུལ་གྱི་སྐྱེ་ཕོ་མོ་རྒན་གཞོན་ཀུན་ནས་འབུལ་སྲོལ་བཟང་པོ་ཚུགས་པ་མ་ཆད་པར་ཡོད། གཞན་ཡུལ་དེ་གའི་རྒན་པ་ཚོའི་ངག་རྒྱུན་དུ་དམར་གཙང་བྲག་ནི་བླ་ཆེན་གྱི་འཁྲུངས་ཡུལ་རྒྱ་ཞུར་དང་ཆ་འདྲ་བས་ཁོང་དེར་སྐུ་འདས་པར་བཤད་པ་ལས་ཀྱང་བླ་ཆེན་གྱི་འཁྲུངས་ཡུལ་རྒྱ་ཞུར་ཡིན་པར་ར་སྤྲོད་བྱ་ཐུབ་སྙམ།   
གཉིས་པ །   བླ་ཆེན་དགོངས་པ་རབ་གསལ་གྱི་འཁྲུངས་འདས་ལོ་ཚིགས་སྐོར་གྱི་དོགས་དཔྱོད།
     བོད་ཀྱི་ལོ་རྒྱུས་ཐད་ལ་རྒྱལ་པོ་སྲོང་བཙན་སྒམ་པོ་དགུང་ལོ་གྱ་གཉིས་བཞུགས་པ་ཁས་བླངས་མིན་གྱིས་ལོ་དྲུག་ཅུ་ཐམ་པའི་ཆད་ལྷག་གི་གནད་དོན་ཡོད་པས།  བླ་ཆེན་དགུང་ལོ་གྱ་བཞིར་བཞུགས་པ་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཀུན་མཐུན་མོད།   ཁོང་འཁྲུངས་པའི་ཆུ་བྱི་ལོ་དེ་ལ་སྤྱི་ལོ892ལོ་དང་952ལོ་སྔ་ཕྱི་གཉིས་ཡོད་པ་སྟེ། 《དཔག་བསམ་ལྗོན་བཟང》དུ་བླ་ཆེན་བསྟན་པ་སྣུབས་པ་ལས་ལོ་དགུས་སྔ་བའི་ཆུ་བྱི་ལོ①སྟེ་སྤྱི་ལོ892ལོར་འཁྲུངས་པར་བཤད་པ་དང་།  《དེབ་སྔོན》དུ་ཡང།  བླ་ཆེན་པོས་ལོ་བཞི་བཅུ་རྩ་དགུ་ལ་དན་ཏིག་ཏུ་བྱོན།    ལོ་སུམ་ཅུ་རྩ་ལྔ་དན་ཏིག་ཏུ་བཞུགས།   བརྒྱད་ཅུ་རྩ་བཞི་པ་ཤིང་མོ་ཕག་གི་ལོ་ལ་དགའ་ལྡན་དུ་གཤེགས།     ཤིང་ཕག་འདི་བསྟན་པ་བསྣུབས་པའི་ལྕགས་བྱ་ནས་བདུན་ཅུ་རྩ་ལྔ་པ་ཡིན②ཞེས་བླ་ཆེན་དགོངས་པ་རབ་གསལ་འདས་པའི་ཤིང་ཕག་དེ་སྤྱི་ལོ་ལོ975ལོར་ཡིན་པར་བཞེད་པས།   བླ་ཆེན་འཁྲུངས་པའི་ཆུ་བྱི་དེ་སྤྱི་ལོ892ལོ་ཡིན་པར་བཞེད་པ་ཤེས་ཐུབ་མོད།   འོན་ཀྱང་དེབ་སྔོན་རང་དུ་བསྟན་པ་བསྣུབས་པའི་ལྕགས་བྱ་ནས་ལོ་བརྒྱ་དང་བཞི་ཅུ་རྩ་གཅིག་འདས་རྗེས་ཀྱི་ཆུ་ཕོ་རྟ་ལ་ཇོ་བོ་རྗེ་བོད་དུ་ཕེབས③ཞེས་གསུངས་པ་ལས་བསྟན་བསྣུབས་ཀྱི་ལྕགས་བྱ་ནི་ཇོ་བོ་རྗེ་བོད་དུ་ཕེབས་པའི་ཆུ་ཕོ་རྟ་སྟེ་སྤྱི་ལོ1042ལོའི་གོང་གི་ལོ་བརྒྱ་དང་བཞི་ཅུ་རྩ་གཅིག་པ་སྟེ་སྤྱི་ལོ901ལོ་ཡིན་པར་འདོད་པ་ཤེས་ཐུབ་ལ།    སྣ་ནམ་རྡོ་རྗེ་དབང་ཕྱུག་ལོ་གསུམ་བཞེས་པ་ས་ཕོ་སྟག་ལ་འདུལ་བའི་བསྟན་པ་ཁམས་ནས་དབུས་སུ་བྱུང་།  རང་ལོ་བཅོ་བརྒྱད་པ་ཆུ་མོ་སྦྲུལ་ལ་ར་བ་ཟླུམ་པོ་ཞེས་བྱ་བའི་གནས་སུ་ཀླུ་མེས་ལ་རབ་ཏུ་བྱུང་།   ལོ་དེ་གླང་དར་མའི་ལྕགས་མོ་བྱ་ནས་དགུ་བཅུ་རྩ་གསུམ་པ་ཡིན①ཞེས་བོད་ཀྱི་ཆོས་འབྱུང་ཕལ་ཆེར་དང་མཐུན་པར་བསྟན་པ་ཕྱི་དར་མགོ་ཚུགས་པའི་ས་སྟག་དེ་སྤྱི་ལོ978ལོ་ཡིན་པར་བཞེད།  དེ་ལྟར་ན་བླ་ཆེན་དགོངས་པ་རབ་གསལ་མྱ་ངན་ལས་འདས་ནས་ལོ་གསུམ་གྱི་རྗེས་སུ་བསྟན་པ་ཕྱི་དར་གྱི་མགོ་ཚུགས་པར་ཁས་ལེན་དགོས་པས།     ཀླུ་མེས་ལ་སོགས་པའི་དབུས་གཙང་གི་མི་བཅུ་མདོ་སྨད་དུ་བྱོན་ནས་བླ་ཆེན་ལས་བསྙེན་པར་རྫོགས་པའི་ཡོངས་གྲགས་ཀྱི་ལོ་རྒྱུས་རྣམས་དང་བཞེད་པ་མི་མཐུན་པ་མ་ཟད།    བླ་ཆེན་འཁྲུངས་པའི་ལོ་ཆུ་བྱི་སྔོན་མ་སྤྱི་ལོ892ལོ་དང་།   བསྟན་བསྣུབས་ཀྱི་ལོ་ལྕགས་བྱ་ཕྱི་མ་སྤྱི་ལོ901ལོ་དང་བསྟན་པ་ཕྱི་དར་མགོ་ཚུགས་པའི་ལོ་ས་སྟག་ཕྱི་མ་སྤྱི་ལོ978ལོ་ཡིན་པར་བཞེད་པས།   རང་ལུགས་ལ་ལོ་དྲུག་ཅུ་སྐོར་གཅིག་གི་སྔ་ཕྱིས་ནང་འགལ་གྱི་སྐྱོན་ཤོར་ཡོད།  གཞན་བོད་ཀྱི་ཆོས་འབྱུང་རྣམས་སུ་འབྲོམ་སྟོན་པས་ཇོ་བོ་མངའ་རིས་ནས་ལྷ་ས་ཕྱོགས་སུ་གདན་འདྲེན་དུ་སྐུལ་བའི་བོད་ཀྱི་བཤེས་གཉེན་ཆེན་པོ་ལ་བསྐུར་བའི་འཕྲིན་ཡིག་ཏུ།     དང་པོའི་དགེ་སློང་ལུགས་འབྱིན་དཔོན།། བཙུན་ཆེན་ཡི་ཤེས་བློ་གྲོས་དང་།།    ཞེས་ཇོ་བོ་རྗེ་བོད་དུ་ཕེབས་དུས་བླ་ཆེན་པོའི་དངོས་སློབ་དབུས་གཙང་གི་མི་བཅུར་གྲགས་པ་ལས་སུམ་པ་ཡེ་ཤེས་བློ་གྲོས་བཞུགས་ཡོད་པར་གསལ་ལ།   གལ་ཏེ་བླ་ཆེན་གྱི་འཁྲུངས་ལོ་ནི་ཆུ་བྱི་སྔ་མ་སྟེ་སྤྱི་ལོ892ལོ་ཡིན་པའི་དབང་དུ་བྱས་ན།   སྤྱིར་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་པར་མ་མཐར་ཡང་དགུང་ལོ་ཉི་ཤུ་ལོན་དགོས་ལ།   དབུས་གཙང་གི་མི་བཅུས་977ལོར་བླ་ཆེན་ལས་བསྙེན་པར་རྫོགས་པ་ནས་ཇོ་བོ་རྗེ་བོད་དུ་ཕེབས་པའི་1042ལོའི་བར་ལོ་ངོ་རེ་ལྔ་ཕྱིན་ཡོད་པས། །   ཇོ་བོ་རྗེ་བོད་དུ་ཕེབས་དུས་སུ་སུམ་པ་ཡེ་ཤེས་བློ་གྲོས་མ་མཐར་ཡང་དགུང་ལོ་བརྒྱ་དང་ལྔ་བཅུར་ལོན་དགོས་པས་འགྲེལ་བ་ཧ་ཅང་བྱེད་དཀའ་འོ།   དེས་ན་མདོ་སྨད་ཆོས་འབྱུང་ལྟར་དུ་ས་རྟ་ལ་ལོ་ཆེན་རིན་ཆེན་བཟང་པོ་འཁྲུངས་ནས་ལོ་ཉེར་གཅིག་པ་ས་སྟག་བླ་ཆེན་གྱི་ཉེར་བདུན་པ་ལ་ཕྱི་དར་མགོ་ཚུགས།   ས་སྟག་དེ་ནས་རེ་ལྔ་བ་ཆུ་རྟ་ལ་ཇོ་བོ་རྗེ་བོད་དུ་བྱོན②ཞེས་ཇོ་བོ་རྗེ་བོད་དུ་ཕེབས་པའི་ཆུ་ཕོ་རྟ་སྟེ་སྤྱི་ལོ1042ལོའི་གོང་གི་ལོ་རེ་ལྔ་བ་ས་སྟག་སྤྱི་ལོ978ལོ་ལ་བསྟན་པ་ཕྱི་དར་གྱི་མགོ་ཚུགས་པ་དང་།  ས་སྟག་དེའི་་དང་གི་ལོ་ཉེར་བདུན་པ་སྟེ་སྤྱི་ལོ952ལོ་དེ་བླ་ཆེན་གྱི་འཁྲུངས་ལོ་ཡིན་པར་ངོས་བཟུང་ན། དང་ལྟར་གྱི་སྤྱི་འགྲོས་དང་མི་མཐུན་པའི་གནད་དོན་འབྱུང་མི་སྲིད་ལ།  བསྟན་པ་ཕྱི་དར་གྱི་བྱུང་རིམ་སྐོར་གྱི་ཡོངས་གྲགས་ ལོ་རྒྱུས་དང་མཐུན་པ་མ་ཟད།  དམར་གཙང་བྲག་སྐོར་གྱི་དམངས་ཁྲོད་བཤད་རྒྱུན་དང་ཡང་ཁྲིགས་སེར་འགྲིག་འདུག་གོ  
གསུམ་པ།  བླ་ཆེན་དགོངས་པ་རབ་གསལ་གྱི་མཛད་འཕྲིན་གྱི་སྐོར།
 གཅིག བསྟན་པའི་མེ་རོ་བསླངས་པ།   
བླ་ཆེན་དགོངས་པ་རབ་གསལ་ནི་སྤྱི་ལོཏྲ་852ལོར་ད་ལྟའི་མཚོ་སྔོན་ཞིང་ཆེན་ཡ་རྫི་རྫོང་གི་རྒྱ་ཞུར་གྲོང་ཚོའི་ཡབ་རྨུ་གཟུ་གསལ་བཟང་ཟེར་བའི་བོན་པོ་ཞིག་གི་བུར་འཁྲུངས་ནས།  མིང་རྨུ་གཟུ་གསལ་འབར་དུ་བཏགས།   ནར་སོན་པའི་ཚེ་ན་སྔོན་དར་མ་འུ་དུམ་བཙན་གྱིས་དབུས་གཙང་དུ་འདུལ་སྡེ་བཅོམ་པའི་དུས་དེར་དཔལ་ཆུ་བོ་རིའི་སྒོམ་གྲྭ་ན་བཞུགས་པའི་གཙང་རབ་གསལ་དང་།   གཡོ་དགེ་འབྱུང་།  དམར་ཤཱཀྱ་མུ་ནེ་གསུམ་རིམ་གྱིས་མདོ་སྨད་དན་ཏིག་ཏུ་བྲོས་བྱོན་དུ་བྱོན་ནས་བཞུགས་པར།  རྒྱ་ཞུར་རྨ་ཆུ་ཁའི་ཕྱུགས་རྫི་རྣམས་ཀྱིས་མཐོང་ནས།   དགོང་ཁར་གྲོང་མི་རྣམས་ལ་དེའི་སྐོར་གྱི་གཏམ་སྨྲས་པ་ན།  རྨུ་གཟུ་གསལ་འབར་ཕྱི་ཉིན་བལྟ་བར་ཕྱིན།  ད་ལྟའི་སྒོམ་ཆེན་ཟེར་བའི་བྲག་ཕུག་དེར་དམར་གཡོ་གཙང་གསུམ་བཞུགས་པ་མཐོང་ནས་རབ་ཏུ་བྱུང་བར་ཞུས་པས།   ཁོང་རྣམ་པ་གསུམ་གྱི་དངོས་ཀྱི་སློབ་དཔོན་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བའི་འདུལ་བའི་ལས་ཆོག་ཀརྨ་ཤཱ་ཏཾ་གྱི་དཔེ་ད་ལྟ་བཀའ་འགྱུར་གྲས་སུ་བཞུགས་པ་འདི་གཏད་ནས་འདི་ལྟར་ནུས་ན་རབ་ཏུ་བྱུང་ཆོག་གསུངས།   བལྟས་པས་ཆེས་ཆེར་དད་ནས་འདི་བཞིན་ཅིས་ཀྱང་ནུས་པས་རྗེས་སུ་གཟུང་དུ་གསོལ་①ཞེས་ཞུས་ནས།  དགུང་ལོ་བཅུ་དགུ་སྟེང་གཙང་རབ་གསལ་གྱིས་མཁན་པོ་བྱས། གཡོ་དགེ་འབྱུང་གིས་སློབ་དཔོན་དང་། དམར་ཤཱཀྱ་མུ་ནེས་གསང་སྟོན་བྱས་ཏེ་རབ་ཏུ་བྱུང་ཞིང་དགེ་ཚུལ་དུ་བསྒྲུབས་ནས་མཚན་ལ་དགེ་བ་རབ་གསལ་དུ་བཏགས། དེའི་ཕྱི་ལོ་སྔར་གྱི་མཁན་སློབ་ཀྱིས་མཁན་པོ་དང་ལས་སློབ་བྱས།  དམར་གྱིས་གསང་སྟོན།  ལྷ་ལུང་དཔལ་རྡོར་གྱིས་རོགས་བྱས་ཏེ་བཙལ་བའི་རྒྱའི་ཧྭ་ཤང་ཀེ་ཝང་དང་གྱི་ཕན་ཟེར་བ་གཉིས་ཀྱིས་ཁ་སྐོང་མཛད་དེ་དགེ་སློང་ལྔ་ཚོགས་ཀྱི་སྒོས་བླ་ཆེན་དགོངས་པ་རབ་གསལ་བསྙེན་པར་རྫོགས།  དེ་ནས་བླ་ཆེན་དགུང་ལོ་ཉེར་ལྔ་བ་ལ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ།   འབྲིང་ཡེ་ཤེས་ཡོན་ཏན།  རྦ་ཚུལ་ཁྲིམས་བློ་གྲོས།  རག་ཤི་ཚུལ་ཁྲིམས་འབྱུང་གནས།    སུམ་པ་ཡེ་ཤེས་བློ་གྲོས་ཏེ་དབུས་པ་ལྔ་དང་།   ལོ་སྟོན་རྡོ་རྗེ་དབང་ཕྱུག    ཚོང་བཙུན་ཤེས་རབ་སེང་གེ     བོ་དོང་བ་ཨུ་དཀར་དེ་ལྦ་སྟེ་གཙང་གི་གསུམ།  མངའ་རིས་པ་འོད་བརྒྱད་སྤུན་གཉིས་བཅས་དབུས་གཙང་གི་མི་བཅུས་མདོ་སྨད་དུ་བྱོན་ཏེ།  བླ་ཆེན་གྱིས་མཁན་པོ་དང་།  གཙང་དང་གཡོས་ལས་སློབ་དང་གསང་སྟོན།  དམར་དང་ཧྭ་ཤང་གིས་ཁ་སྐོང་བྱས་ཏེ་མི་བཅུ་བོ་བསྙེན་པར་རྫོགས་ཤིང་།    དེའི་ཕྱི་ལོ་བོད་ས་སྟག978ལོར་དབུས་གཙང་དུ་འཛོམས་ཏེ་སོ་སོས་གནས་གཞི་དང་གཙུག་ལག་ཁང་བཟུང་།  རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་རྒྱུན་སྤེལ་ཏེ་བསྟན་པ་ཕྱི་དར་གྱི་མགོ་ཚུགས་པ་དང་།  བསྟན་པ་ཕྱི་དར་ཞེས་གྲགས་པའི་ཐོག་མ་ནི་བླ་ཆེན་པོ་ལས་བྱུང་བ་ཡིན་པས་བླ་ཆེན་གྱི་མཚན་སྙན་བོད་མཐའ་དབུས་ལྗོངས་ཀུན་ཏུ་ཁྱབ་ཅིང་།  བཀའ་དྲིན་འདི་བོད་གངས་ཅན་གྱི་མི་རྣམས་ལ་ནི་ནམ་ཡང་གཞལ་དུ་བྲལ་བའོ། །  
གཉིས།  སློབ་གཉེར་མཛད་ཚུལ། 
དེ་ཡང་བླ་ཆེན་གྱི་སློབ་གཉེར་མཛད་པའི་ཚུལ་ནི། (ལྡེའུ་ཆོས་འབྱུང་)ལས། སྐྱ་བོའི་མིང་ཀ་ར་འཕན།  བོན་བསླབས་པས་བོན་པོའི་མིང་མུ་ཟུ་གསལ་འབར།  མེ་རོ་བསླངས་པས་བླ་ཆེན།  མཁན་སློབ་ཀྱི་མཚན་ལས་དྲས་པས་དགོངས་པ་གསལ་དང་བཞིའོ ① ཞེས་བླ་ཆེན་གྱི་མིང་གི་རྣམ་གྲངས་བརྗོད་སྐབས་བླ་ཆེན་མཁས་པ་མི་གསུམ་ལས་རབ་ཏུ་མ་བྱུང་གོང་བོན་བསླབས་པར་གསུངས་ཡོད།  གང་ལྟར་བླ་ཆེན་ནི་བོན་པོ་ཞིག་ཡིན་པར་རྩོད་པ་མེད་ཀྱང་། དེས་བོན་སུ་ཞིག་གི་དྲུང་ནས་བོན་བསླབ་ཚུལ་དང་བསླབ་གཞི་གང་ཡིན་པ་དག་བོད་ཀྱི་ཆོས་འབྱུང་རྣམས་སུ་ཁ་མི་གསལ་བས་མུ་མཐུད་བརྟག་དགོས་པའི་གཞིར་ལྷག་ཅིང་། (སྲིད་པ་རྒྱུད་ཀྱི་ཁ་བྱང་》ལས། ལྷ་ལུང་དཔལ་གྱི་རྡོ་རྗེ་ཡིས་ཐབས་དང་སྤྲུལ་པའི་མཚོན་གྱིས་བསད།   ཆོས་ཀྱི་བསྙེན་ཆོས་སྡོམ་པ་ཉམས། དམུ་ཆོས་འདུལ་ཁྲིས་བརྒྱུད་པ་ཆད།    དེ་རྒྱབ་ཆོས་ཀྱི་སྡོམ་པའི་བརྒྱུད་སོག་འདན་དྲུམ་༣་རྒྱུད་ལ་ནི། བླ་མུ་དུར་དགོངས་གསལ་ཞེས་བྱ་བ་བཞུགས།   གཉོས་བཙུན་ཨ་རིན་བྱ་བས་ཞུས།།  བོན་མི་ནུབ་པའི་རྟགས་བཞི་དང་གཙང་མ་གཙུག་ཕུད་ཀྱི་འདུལ་ཁྲིམས་དང་།  སོ་སོར་ཐར་བའི་སྡོམ་པ་བན་དེ་རྣམས་ལ་འབོག②ཞེས་བླ་ཆེན་ནི་བོན་གྱི་མཁན་བུའམ་བོན་གྱི་འདུལ་བ་དང་འཛིན་པའི་རབ་བྱུང་བ་ཞིག་ཡིན་པར་བརྗོད་ཡོད།   དེབ་སྔོན་དུ་བཀོད་པ་ལྟར་ན།  བླ་ཆེན་རབ་ཏུ་མ་བྱུང་གོང་དུ་ནོན་འཇམ་དཔལ་བྱ་བ་ལས་བཟླས་ལུང་བླངས།  ཁང་རིན་ཆེན་རྡོ་རྗེ་བྱ་བ་ལ་སེམས་བསྐྱེད་ཞུས།  སྐྱི་རྒྱལ་བའི་གཙུག་ཏོར་ལས་དབུ་ཚད་ཀྱི་བསྟན་ བཅོས་དང་། ནམ་དགའ་ལྡན་བྱང་ཆུབ་ལ་ཡོ་ག་ལ་སོགས་པའི་ཆོས་གསན①པར་བཤད། དེ་ནས་དབུས་གཙང་གི་མི་བཅུ་བསྙེན་པར་རྫོགས་རྗེས། བླ་ཆེན་མི་ཉག་གྲྭ་སྟེ་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་འབྲོང་ཡུལ་ས་ཆ་རུ་བྱོན་ཏེ་གོ་རོང་སེང་གེ་གྲགས་ལ་འདུལ་བ་གསན་པས་ལུང་སྡེའི་བཞིའི་བསྟན་བཅོས་དང་བཅས་པ་གནང་། དེའི་རྗེས་ཤར་ཕྱོགས་ལྷ་རྩེ་བྷིག་ཏིག་ཅེས་བྱ་བ་སྔོན་གྱི་ལྷ་རྟེན་མང་དུ་བཞུགས་པའི་དགོན་གནས་ཤིག་ཏུ་ཀ་འོད་མཆོག་གྲགས་པ་དང་མཇལ།    དེའི་དྲུང་ནས་ལོ་བཅུ་གཉིས་ཀྱི་རིང་ལ་ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བྱང་ས་ལ་སོགས་པའི་ཐེག་པ་ཆེན་པོའི་ཆོས་རྒྱ་ཆེར་གསན།   མདོར་ན།  བླ་ཆེན་གྱིས་སྐབས་དེའི་མདོ་སྨད་ཕྱོགས་སུ་གནས་པའི་མཁས་པ་དུ་མའི་དྲུང་ནས་འདུལ་བ་དང་མངོན་པ་སོགས་གསན་ཅི་ཐུབ་མཛད་ནས་མཁས་པའི་དབང་པོར་གྱུར་ཅིང་། ཇོ་བོ་རྗེ་ཨ་ཏི་ཤས་བླ་ཆེན་གྱིས་མཛད་པའི་མདོ་མཆོད་བྱ་བ་གཟིགས་ནས་བོད་ཀྱིས་འདི་ལྟ་བུ་ག་ལ་ཤེས།   པཎྜི་ཏས་མཛད་པ་ཞིག་ཡིན་འདུག་ཅེས་གསུང་པའི་བསྟོད་པ་ལས་ཀྱང་བླ་ཆེན་ནི་སྡེ་སྣོད་གསུམ་ལ་བྱང་ཆུབ་པའི་མཁས་དབང་ཞིག་ཡིན་པར་གདོན་མི་ཟའོ། །                             གསུམ།  སློབ་བུ་བསྐྱངས་ཚུལ།    
བླ་ཆེན་བསྙེན་པར་རྫོགས་ནས་ཡུན་རིང་བོ་མ་ལོན་པའི་ཚེ་ན་བླ་ཆེན་གྱི་སློབ་མ་སྔ་བ་ཁམས་ཀྱི་ཟོག་པོ་མི་དྲུག་སྟེ། སྤ་དང་ཡེ་ཤེས་གཡུང་དྲུང་།  པ་ར་རིན་ཆེན་གསལ།  འགལ་བ་རྡོ་རྗེ་དབང་ཕྱུག    སྣུབས་བག་ཤི་ཏ།  ཇོ་བོ་ཡེ་ཤེས་སེང་གེ   ཅོག་རོ་ཤེས་རབ་དབང་ཕྱུག་རྣམས་ཀྱིས་མཁན་སློབ་ཆ་མ་ཚང་པས་བཙུན་པའི་ཆ་བྱད་བླངས་ནས་འདུལ་བ་ལ་སོགས་པའི་ཆོས་རྣམས་གསན།  དེ་ནས་བླ་ཆེན་བསྙེན་པར་རྫོགས་པའི་ལོ་ལྔ་བར་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་སོགས་དབུས་གཙང་གི་མི་བཅུ་ལ་བསྙེན་རྫོགས་ཀྱི་སྡོམ་པ་གནང་།  དེ་ནས་རེ་ཞིག་ཤར་ཕྱོགས་ལྷ་རྩེ་བྷིག་ཏིག་ཅེས་བྱ་བའི་གནས་སུ་བཞུགས་པར།  སྐབས་དེའི་དན་ཏིག་ཕྱོགས་ཀྱི་དད་ལྡན་སྐྱེ་བོ་གང་རུང་གིས་གདན་ཞུས་ལྟར་དན་ཏིག་ཏུ་ཕེབས་ནས་ཅིག་ཅར་འཇུག་པའི་ཧ་ཤང་གི་རིགས་མང་དུ་ཡོད་པ་འདུལ་བའི་ཕྱིར་ལྷ་ཁང་དང་མཆོད་རྟེན་མང་དུ་བཞེངས་ནས་འདུས་བྱས་ཀྱི་དགེ་བའི་བྱ་བ་མང་དུ་མཛད་པས།   སྤ་གོང་ཡེ་ཤེས་གཡུང་དྲུང་དང་པར་གནས་བརྟན་གྲགས་པ་སྟེ་སྤ་པར་གཉིས། ཇ་བ་གྲགས་པ་དང་བཙུན་ཆེན་ཤེས་རབ་འབྱུང་གནས་ཏེ་ཇ་ཅོག་གཉིས། བཞད་དཔལ་གྱི་རྡོ་རྗེ་དང་སྲགས་རྒྱ་མཚོ་སྟེ་བཞད་སྲགས་གཉིས། འལ་པ་རྡོ་རྗེ་དབང་ཕྱུག་དང་བསྣུབས་ལབ་ཤི་དཔལ་གྱི་དབང་ཕྱུག་སྟེ་འལ་བསྣུབས་གཉིས།   ཟོང་མཆོག་ཆོས་སྐྱོང་དང་འཚུར་ཤེས་རབ་མཆོག་སྟེ་ཟོང་འཚུར་གཉིས་བཅས་བཅུ་བསྙེན་པར་རྗོགས།  དེ་མིན་བླ་ཆེན་སྐུ་ཚེ་སྨད་དུ་དམར་གཙང་བྲག་ཏུ་བཞུགས་རིང་དགེ་འདུན་གྱི་སྡེ་བཙུགས་པར་གྲགས། དེ་ལྟ་ན་བླ་ཆེན་གྱི་སློབ་བུ་བོད་མདོ་དབུས་ཁམས་གསུམ་དུ་ཁྱབ་ཅིང་། དེ་དག་སོ་སོས་ཀྱང་རང་རང་གི་གནས་གཞི་དང་གཙུག་ལག་ཁང་བཟུང་། དགེ་འདུན་གྱི་སྡེ་བཙུགས་ནས་བསྟན་པ་སྤེལ་ཞིང་བོད་ཀྱི་རིག་གནས་འཕེལ་རྒྱས་བྱུང་བའི་རྒྱུ་གལ་ཆེན་ཞིག་ཏུ་གྱུར་ཡོད་དོ། །
བཞི།  དགོན་སྡེ་བཙུགས་ཏེ་བོད་ཀྱི་རིག་གནས་སྤེལ་ཚུལ།   
བོད་ཁ་བ་ཅན་གྱི་ལྗོངས་འདིར་ཆ་བཞག་ནས་བརྗོད་ན། དགོན་སྡེ་གང་ཡིན་རུང་དགོན་པ་རང་སྟེང་དུ་ཆོས་ཕྱོགས་ཀྱི་བྱ་འགུལ་ཁོ་ན་ཙམ་སྤེལ་བ་མ་ཡིན་པར།  དེ་ལས་ལྷག་པའི་ནུས་པ་ནི་བོད་ཀྱི་རིག་གནས་ཀྱི་གདག་གཞི་ཡིན་པས། དགོན་པ་བརྒྱུད་དེ་བོད་ཀྱི་སྒྱུ་རྩལ་དང་། རང་བྱུང་ཚན་རིག  རྩོམ་རིག འཛུགས་སྐྲུན་སོགས་དར་སྤེལ་གཏོང་བ་ཡིན། དེ་བོད་ཀྱི་སློབ་གསོའི་གནས་གལ་ཆེན་ཞིག་ཡིན་པའི་ཆ་ནས་རང་མི་རིགས་ཀྱི་སྐད་དང་ཡི་གེ་དར་ཁྱབ་ཏུ་གཏོང་བ་མ་ཟད།   ལོ་རྒྱུས་ཀྱི་དུས་རིམ་ངེས་ཅན་ཞིག་གི་ནང་དགོན་པས་ས་དེ་གའི་མང་ཚོགས་བློ་ཁ་གཅིག་ཏུ་ཕྱོགས་ཏེ་མིག་སྔར་གྱི་དཀའ་ངལ་སེལ་བ་དང་མི་རིགས་ཀྱི་སེམས་ཁམས་གཅིག་གྱུར་ཡོང་བར་ནུས་པ་གལ་ཆེན་ཐོན་གྱིན་ཡོད་པ་དང་། དེ་མིན་མི་རྣམས་ཀྱི་རྒྱུན་ལྡན་གྱི་འཚོ་བའི་དང་ས་སྲོལ་དང་བསམ་བློའི་འཁྱེར་སོ་སོགས་ཕྱོགས་གང་ཐད་ནས་ཡར་རྒྱས་གོང་འཕེལ་འགྲོ་བར་དགེ་མཚན་ཆེན་པོ་ཐོན་གྱི་ཡོད་པ་རེད། བླ་ཆེན་གྱིས་ཀྱང་དགོན་སྡེ་བཙུགས་ཏེ་བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་བོད་ཀྱི་རིག་གནས་དར་སྤེལ་བཏང་བ་ཡིན་སྟེ། 《སྲིད་པ་རྒྱུད་ཀྱི་ཁ་བྱང》ལས།  ཁྲི་སྲུངས་ལྡེ་བཙན་ཚུན་ཆད་དུ་བོན་རྟགས་གསས་ཁང་དང་མཆོད་རྟེན་མེད་པ་ནི་བོན་བསྣུབ་པའི་དུས་སུ་བཤིག་ཅིང་བསྣུབ་པ་ཡིན་ནོ།  ཆོས་རྟགས་གཙུག་ལག་ཁང་མཆོད་རྟེན་ནི་ཁྲི་སྲོང་མན་ཆད་དུ་བྱུང་བ་ཡིན།   དེ་ཚུན་ཆད་ལ་འགྲོ་དོན་༢་ལ་བརྟེན་པ་ཙམ་མོ ① ཞེས་གསུངས་པ་ལྟར བོད་ཀྱི་ལོ་རྒྱུས་ལ་ཕྱི་མིག་ཙམ་བལྟས་ཚེ་བསམ་ཡས་སོགས་དགོན་པ་རེ་གཉིས་བོད་བཙན་པོའི་རྒྱལ་རབས་སྐབས་སུ་བཞེངས་པ་མ་གཏོགས།   ད་ལྟའི་དགོན་པ་ཕལ་ཆེར་ནི་བསྟན་པ་ཕྱི་དར་གྱི་རྗེས་ནས་བཞེངས་པ་ཤ་སྟག་ཡིན།  བསྟན་པ་སྔ་དར་གྱི་སྐབས་མདོ་སྨད་ཕྱོགས་འདི་ན་བཤད་སྒྲུབ་ཀྱི་གྲྭ་རེ་གཉིས་ཙམ་ལས་དགོན་སྡེ་ཆེར་མེད་ཅིང་ནང་བསྟན་གྱི་ཁྱབ་རྒྱ་ཆེན་པོ་མེད བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོན་སྡེ་དར་བ་ནི་བླ་ཆེན་གྱི་རྗེས་ནས་ཡིན་ཏེ། བླ་ཆེན་གྱིས་དན་ཏིག་དང་དམར་གཙང་བྲག་ཏུ་དགོན་སྡེ་བཙུགས་པ་ནི་མདོ་སྨད་ཕྱོགས་ཀྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོན་སྡེ་སྔ་ཤོས་ཡིན་པ་དང་།   དེའི་ཕྱིས་སུ་མཁས་པ་མི་གསུམ་དང་བླ་ཆེན་གྱི་རྗེས་འཇུག་པ་དག་གིས་ཁོང་རྣམ་པ་ཚོའི་བཞུགས་གནས་སམ་རིམ་གྱིས་གནས་གཞན་དུ་དགོན་སྡེ་བཙུགས་ནས་བོད་རྒྱུད་ནང་བསྟན་ཆོས་ལུགས་དང་བོད་ཀྱི་རིག་གནས་སྤེལ་བ་ཡིན།  ང་ཚོས་མཁས་པ་མི་གསུམ་དང་བླ་ཆེན་ལ་འབྲེལ་བའི་དགོན་སྡེ་རི་ཁྲོད་དག་གི་ལོ་རྒྱུས་ལས་དགོན་སྡེ་རི་ཁྲོད་དེ་དག་ནི་བསྟན་པ་ཕྱི་དར་གྱི་གནས་འགངས་ཆེན་ཡིན་པ་མ་ཟད། མདོ་སྨད་ཕྱོགས་ཀྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོན་སྡེ་སྔ་ཤོས་ཡིན་པ་ཤེས་ཐུབ།   བླ་ཆེན་དན་ཏིག་ཏུ་ཡུན་རིང་བཞུགས་ནས་སྐུ་ཚེ་སྨད་དུ་མཁན་སློབ་ཀྱི་ཞབས་རྗེས་འབྲངས་ཏེ་དམར་གཙང་བྲག་ཏུ་བྱོན།  གནས་དེར་གཙུག་ལག་ཁང་དང་རྟེན་གསུམ་མང་དུ་བཞེངས་ལ། དགེ་འདུན་གྱི་སྡེ་བཙུགས་ནས་དགུང་ལོ་བརྒྱད་ཅུ་རྩ་བཞི་བཞེས་པ་སྤྱི་ལོ1035ལོར་སྐུ་མྱ་ངན་ལས་འདས་སོ།   སྐུ་མྱ་ངན་ལས་འདས་པའི་སྐུ་གདུང་རིལ་པོ་ལ་ཕྱི་ནས་སྨན་འདམ་གྱིས་བྱུགས་ཏེ་སྐུ་བརྙན་བཞེངས ①ཞེས་བླ་ཆེན་གྱི་དམར་གདུང་དེ་གའི་བྲག་ཕུག་ཏུ་བཞུགས་པ་ལ། དུས་ཕྱིས་བྲག་ཕུག་བརྡིབས་ཀྱང་སྐྱོན་ཅུང་ཟད་མ་བྱུང་། དེ་ནས་བླ་ཆེན་གྱི་རྗེས་འཇུག་པ་རྣམས་ཀྱིས་གཙུག་ལག་ཁང་བཞེངས་ནས་དེར་བཞུགས་སུ་གསོལ་བར་ཡུལ་དེ་གའི་རྒན་པ་ཚོས་གླེང་། བླ་ཆེན་རྣམ་ཐར་དུ།    སྐུ་བརྙན་དེ་ཉིད་ཀྱིས་སྐྱེས་བུ་དམ་པ་འགའ་ཞིག་ལ་གསུང་བྱོན་པ་དང་།  ལས་དག་པ་འགའ་ཞིག་ལ་མཐོང་སྣང་ཡ་མཚན་ཅན་བྱུང་བ་དང་། སྐབས་འགའ་ཞིག་ཏུ་ཞལ་མདངས་ནག་པོར་གྱུར་པ་དང་།   སྐུ་ལ་རྡུལ་ཐོན་པ་ལྟ་བུ་བྱུང་སྐབས་དམག་འཁྲུགས་སོགས་མི་ལེགས་པ་དང་།  ཞལ་མདངས་བཟང་བའི་དུས་སུ་ཡུལ་ཕྱོགས་སུ་བཀྲ་ཤིས་བ་འབྱུང་བ་དང་།  ཡང་སྡུག་བསྔལ་ཀྱིས་ཉམ་ཐག་པ་འགའ་ཞིག་གིས་ཕྱག་མཆོད་སོགས་བྱས་པས་ཉེར་འཚེ་ལས་ཐར་ལ་སོགས་ཀྱི་ལོ་རྒྱུས་ཆེས་མང་ཞིང་། རྒྱུན་དུའང་ཞལ་རས་ཀྱི་མདངས་མི་འདྲ་བར་འགྱུར་བ་དང་། ཐུགས་ཀའི་ཐད་དུརེག་ན་སྐུ་བྱིན་དང་མི་འདྲ་བའི་དྲོད་ཡོད་པ་ལྟ་བུ་དང་།   ན་བཟའ་ཕུལ་བ་ལ་སྐྱི་ཆགས་ཤིང་སྐབས་འགའ་ཞིག་ཏུ་སྐུ་ལ་འབྱར་འགྲོ་བ་དང་།  དུས་བཟང་རྣམས་སུ་ཚུལ་ཁྲིམས་ཀྱི་དྲི་ངད་ཀྱིས་གཙུག་གལ་ཁང་གི་ཕྱི་ནང་ཐམས་ཅད་ཁྱབ་པ་སོགས་ཀྱི་ཡ་མཚན་ད་ལྟའི་བར་དུ་དངོས་སུ་སྣང་ངོ་②ཞེས་གསུངས་པར་གཞིགས་ན། དེར་རྣམ་ཐར་རྩོམ་པ་པོ་ཐུའུ་བཀྭན་ལགས་ཆོས་ལུགས་སམ་གྲུབ་མཐའི་ཕྱོགས་ཞེན་གང་རུང་གི་དབང་གིས་ཆེ་བ་བརྗོད་པའམ་རྟོག་བཟོའི་ཚུལ་གྱིས་བླ་ཆེན་གྱི་སྐུ་བརྙན་དེ་མི་གསོན་པོ་ལས་གསོན་པར་བརྗོད་ཡོད་པས་ཡིད་རྟོན་བྱེད་དཀའ་ནའང་།  གང་ལྟར་ཐུའུ་བཀྭན་ཉིད་འཚོ་བཞུགས་བྱེད་པའི་སྐབས་སུ་དེ་དུང་གནས་ཡོད་པ་རྟོགས་ཐུབ།  དེ་ནས་དུས་རབས་བཅུ་དགུ་པའི་མཇུག་ཙམ་དུ་ཧོས་འཁྲུག་སོགས་ཀྱིས་ལན་འགར་ཆག་འཇིག་བྱུང་སྟབས་ཕྱིས་སུ་གདུང་རུས་ཙམ་དུ་ལུས་པ་སྙིང་བོར་ཕུལ་བའི་སྐུ་བརྙན་དེ་སྤྱི་ལོ༡༩༥༡ལོའི་བར་དུ་བཞུགས་པ་དང་།  རབ་རྒྱལ་ས་ཁྱི་སྤྱི་ལོ༡༩༦༦ལོར་གདུང་རུས་ཀྱང་གཞན་ཞིག་ཏུ་སྦས་སྐུང་བྱ་དགོས་བྱུང་བས་ཕྱིས་སུ་བཙལ་ཀྱང་ལག་ཏུ་མ་ཆུད་པར་སྣང་། ①ད་ལྟ་སྔར་གྱི་ལྷ་ཁང་དུ་བླ་ཆེན་གྱི་སྐུ་བརྙན་ཞིག་གསར་བཞེངས་བྱས་ནས་དྲན་རྟེན་དུ་བཀོད་ཡོད་དོ། །
ལྔ།  བན་བོན་འབྲེལ་བ་སྔར་བས་དམ་ཟབ་ཏུ་བཏང་བ། 
 སྤྱིར་རིག་གནས་སྣང་ཚུལ་གང་དེའི་བྱུང་བ་དང་གནས་པར་རྒྱུ་མཚན་ངེས་ཅན་ཞིག་ཡོད་པ་ཡིན་ལ།  དེས་ལོ་རྒྱུས་ཀྱི་དུས་རབས་མི་འདྲ་བའི་ནང་སྤྱི་ཚོགས་ཀྱི་དགོས་འདོད་གང་རུང་སྐོང་བཞིན་ཡོད་པ་དང་།   མིའི་རིགས་ཀྱི་འཕེལ་རྒྱས་དང་ལོ་རྒྱུས་ཀྱི་འཕེལ་རིམ་མི་འདྲ་བའི་ནང་དེ་ལའང་འགྱུར་ལྡོག་འབྱུང་བཞིན་ཡོད་པ་རེད།   སངས་རྒྱས་ཆོས་ལུགས་བོད་དུ་དར་ཞིང་འཕེལ་རྒྱས་བྱུང་བའི་གོ་རིམ་ཁྲོད་བོན་ལ་ཆོས་འདྲེས་ཆོས་ལ་བོན་འདྲེས་ནས་རིམ་བཞིན་བོད་རང་གི་ཁྱད་ཆོས་ལྡན་པའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་སུ་གྱུར་པ་ཡིན་ཏེ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ནི་འཛམ་གླིང་ཐོག་ཏུ་བྱུང་བའི་ཆོས་ལུགས་ཡོད་དོ་ཅོག་དང་འདྲ་བར།   དེ་ནི་ཆོས་ལུགས་གནས་སའི་ཡུལ་དེའི་རིག་གནས་གཙོ་བོའམ་བསམ་བློའི་འདུ་ཤེས་གཙོ་བོ་ཞིག་ཏུ་གྱུར་པ་དེས་ཆོས་ལུགས་གང་དེའི་བག་ཆགས་རིག་གནས་སྒྱུ་རྩལ་སོགས་མི་རིགས་ཀྱི་བསམ་པའི་ཁྱབ་ཁོངས་ཡོད་ཚད་ལ་ཁྱབ་ཡོད།  ཆོས་ལུགས་ཀྱི་ཆས་དང་ནི་ཆོས་ལུགས་སམ་གྲུབ་མཐའ་གང་དེའི་ཕྱི་ཚུལ་གྱི་རྣམ་པའམ་མཚོན་རྟགས་ཤིག་ཏུ་གྲུབ་པ་དང་།  དེར་ཆོས་ལུགས་ཀྱི་གོ་དོན་ཟབ་མོ་ཡོད་པ་མ་ཟད།  ཆོས་ལུགས་དེའི་འཕོ་འགྱུར་དང་བསྟུན་ནས་དེ་ཡང་འཕོ་འགྱུར་འབྱུང་དང་འབྱུང་བཞིན་ཡོད་པ་ཡིན་ལ།  བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ངོས་ནས་བརྗོད་ནའང་དེ་ལྟར་དུ་ལགས་ཏེ། 《ཆོས་འབྱུང་མཁས་པའི་དགའ་སྟོན》ལས།   ཀླུ་མེས་ཀྱིས་མཁན་པོ་ལ་ཁོ་བོ་དབུས་གཙང་དུ་འགྲོ་བས་མཆོད་གནས་ཤིག་ཞུ་བྱས་པས་བོན་པོའི་ཞྭ་འོབས་ཞུ་ཕོག་ནས་ས་སེར་བཏབ་པ་གསོལ་འཕྲོ་ཞིག་གནང་ནས་འདི་གོན་ལ་ང་རྗེས་སུ་དྲན་པར་གྱིས་གསུངས་ཏེ་གསོལ་ནས་ཕྱིས་དབུས་སུ་ཚད་པ་ཚ་བས་རྒྱབ་བལྟབ་སྟེ་གསོལ་བས་ཞྭ་སྣ་རིངས་སུ་གྲགས་པ་བྱུང་ལ་དབུས་གཙང་མི་བཅུ་ལས་མཆེད་པ་ཕལ་ཆེར་གྱི་ཞྭ་ཡིན།  ཕྱིས་བཀའ་གདམས་ཀྱི་གཞུང་མན་ངག་པ་གཉིས་ལའང་འདི་ལས་གྱེས་པའི་ཞྭ་ཅུང་ཟད་མི་འདྲ་བ་རེ་ཡོད① ཅེས་ད་ལྟའི་ནང་བའི་ཞྭ་སྣེ་རིང་དེ་བོན་ཞྭ་ལས་བྱུང་བར་གསལ་ལ།  བོན་པོའི་ཞྭ་མོ་ནི་ཕྱི་སྔོན་པོ་དང་ནང་ཤ་དཀར་པོ་ཡིན་པས་དེའི་ཕྱི་ནང་སློག་སྟེ་ཆོས་སེར་བོར་བསྒྱུར་བ་ཞིག་ཡིན་པར་སྣང་།  《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མའི》ནང་བུའང་ཞྭ་སྣེ་རིང་འདིའི་དབྱིབས་དང་རྩེ་མོའི་རྣོ་ཆ་ལྕགས་ཀྱུའི་དབྱིབས་སུ་གནས་པ་སོཊ་གང་ལ་བལྟས་ཀྱང་སྔགས་བོན་གྱི་ཞྭ་ཞིག②ཡིན་པར་གསུངས་ཡོད།  (བསྟན་འབྱུང་དར་རྒྱས་གསལ་སྒྲོན)དུ་བོད་བཙུན་ཀུན་བོན་གྱི་མཁན་བུ་ཡིན་ཏེ།  བོན་གྱི་བཀའ་རྟགས་བཞི་གནང་བ་ནི། འགྲོ་འདུག་གི་དུས་ང་དྲན་པར་གྱིས་གསུངས།   རྟོར་བུ་སྔོན་པོ་བྱེད་པ་དང་། རྟག་ཏུ་ང་སྤྱི་གཙུག་ཏུ་དྲན་པར་གྱིས་གསུངས་ནས། ཞྭའི་མདངས་སྔོན་པོ་བྱེད་པ་དང་།  གསོ་སྦྱོང་གི་དུས་སུ་དྲན་པར་གྱིས་གསུངས།  ཐང་བའི་མདངས་སྔོན་པོ་བྱེད་པ་དང་། ལྡང་ཉལ་གྱི་དུས་སུ་དྲན་པར་གྱིས་གསུངས། ཤམ་ཐམས་ཀྱི་ཀ་བ་སྔོན་པོ་བྱེད་པའོ③ཞེས་བླ་ཆེན་དགོངས་པ་རབ་གསལ་དང་བོ་བོན་པོའི་རྒྱུད་ཡིན་པའི་ཐུགས་ཞེན་མཚོན་པའི་ཕྱིར་བན་དེ་རྣམས་ཀྱི་རྟོར་བུ་དང་ཞྭ་ཐེབ་ཀྱི་མུ་འཐུམ་སོགས་སྔོན་པོར་བྱས་པ་གསལ།  རབ་བྱུང་བའི་ན་བཟའི་ཁ་དོག་ཀྱང་བསྟན་པ་ཕྱི་དར་སྐབས་ཀྱི་སེར་པོ་ཡིན་པ་ནས་དམར་སྨུག་ཏུ་གྱུར་པ་ཡིན་ཏེ།  བོད་ཀྱི་ཐོག་མར་རབ་ཏུ་བྱུང་པའི་སད་མི་བདུན་ནི་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་མཁན་ཆེན་པོ་ངྷི་ས་ཏྭས་བོད་མིས་རབ་བྱུང་གི་སྡོམ་པ་སྲུང་ནུས་མི་ནུས་ཚོད་ལྟའི་ཕྱིར་དུ་རྒྱ་གར་སངས་རྒྱས་ཆོས་ལུགས་ཀྱི་ལུགས་བཞིན་རབ་ཏུ་བྱུང་བ་ཡིན་པས། ན་བཟའི་ཚོན་མདོག་ཀྱང་རྒྱ་གར་གྱི་རབ་བྱུང་བ་དང་མཐུན་པར་སེར་པོ་ཡིན་ངེས།  སྦ་བཞེད་ཞབས་བཏགས་མའི་ནང་དུ།  རབ་བྱུང་མ་ཐག་གཅིག་གིའང་ཞབས་སྤྱི་བོར་ལེན། གོས་སེར་པོའི་ལྷན་པ་སྐྱེ་བོའི་ལུས་ལ་འདུག་པ་མཐོང་ཀྱང་དེ་ལ་རྒྱལ་པོ་ཕྱག་མཛད་ཅེས་བཙན་པོའི་རྒྱལ་རབས་སྐབས་བོད་ཀྱི་རབ་བྱུང་བའི་ན་བཟའི་ཚོན་མདོག་སེར་པོ་ཡིན་པ་གསལ་བར་འཁོད་ཡོད་པ་དང་། བླ་ཆེན་ནས་བཟུང་ཞྭ་སེར་གྱོན་པའི་སྲོལ་བྱུང་ལ་ནང་བའི་རབ་བྱུང་བའི་ཆོས་གོས་དེའང་བོན་ལུགས་དང་འབྲེལ་ནས་ད་ལྟའི་འདི་འདྲ་བྱུང་བ་ཡིན།  དེ་ལྟ་ན་བླ་ཆེན་ནས་བཟུང་བན་བོན་གཉིས་མཉམ་དུ་འདྲེས་པའི་ཤུགས་སྔར་ལས་ཇེ་ཆེར་ཕྱིན་ཡོད་པ་ནི། 《སྲིད་པ་རྒྱུད་ཀྱི་ཁ་བྱང》དུ་རྒྱལ་རབ་ཆད་ནས་འབངས་སུ་ལྡོག  བོད་ཁམས་ཐམས་ཅད་སིལ་བུར་ཐོར་ཏེ་སོང་།  དེ་ལྟར་བོན་ཆོས་༢ཀྱི་དད་རྒུད་བརྩི་བ་དང་།   བོན་ཆོས༢སྐབས་སྐབས་སུ་ལྷན་མར་སྤྱོད་ལུགས་སོ།  ཐ་མར་བོན་ཆོས་༢ཀ་ལ་རྟེན་པའོ①ཞེས་གསུངས་པ་དེ་ལེས་ཏོགས་ནུས་སོ། །
 མི་སྣ་རླབས་ཆེན་ཅན་ནི་ལོ་རྒྱུས་ ཀྱི་དུས་རིམ་ངེས་ཅན་ཞིག་གི་ནང་དུ་བྱུང་ཞིང་། ལོ་རྒྱུས་གོང་དུས་རབས་ཀྱིས་སྤྲད་པའི་འོས་འགན་གོང་དུ་བླངས་ནས་དུས་སྐབས་དེའི་སྤྱི་ཚོགས་དང་རིག་གནས་འཕེལ་རྒྱས་སུ་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད་ལ། མི་སྣ་རླབས་ཆེན་ཅན་གང་དེའི་བསམ་སྦྱོར་ཐད་ལའང་མི་རིགས་གོང་དུས་རབས་ཀྱི་ཁྱད་རྟགས་མངོན་ཡོད་པ་ནི་ལྡོག་མེད་ཀྱི་ཆོས་ཉིད་ཅིག་ཏུ་གྲུབ། བླ་ཆེན་དགོངས་པ་རབ་གསལ་ནི་བོད་སིལ་བུའི་དུས་སྐབས་སུ་ཆབ་སྲིད་སྟེང་བདག་མེད་རང་རྐྱ་གནས་པའི་མདོ་སྨད་ཡུལ་དུ་འཁྲུངས་ཤིང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་སླར་གསོའི་བྱ་གཞག་ཁྲོད་མི་ཚེའི་མཐར་བསྐྱལ་བ་ཡིན་ནོ། །
རྩོམ་པ་པོ་ངོ་སྤྲོད། 
བསོད་ནམས་དབང་རྒྱལ།  སྐྱེས་ཡུལ་མཚོ་སྔོན་ཡ་རྫི།   ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པ་ཞིབ་འཇུག་གླིང་གི་2006ལོའི་ཆོས་ལུགས་རིག་གནས་ཆེད་ལས་ཀྱི་ཤེས་རམས་པའི་ཞིབ་འཇུག་སློབ་མ་ཡིན། ད་ལྟ་མི་རིགས་དཔེ་སྐྲུན་ཁང་གི་བོད་ཡིག་རྩོམ་སྒྲིག་ཁང་དུ་བྱ་བ་སྒྲུབ་བཞིན་ཡོད། 
①《མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས་སམ་བསྡུས་མིང་ལ་མྱང་ཆོས་འབྱུང་།》ཇོ་ནང་ཏྭ་ར་ན་ཐས་བརྩམས།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་1983ལོར་པར་དུ་བསྐྲུན། ཤོག་ངོས་150ན་གསལ།
② 《སྔོན་གྱི་གཏམ་མེ་ཏོག་ཕྲེང་བ།》 《བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ།》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་སོགས་ཀྱིས་རྩོམ་སྒྲིག་མཛད།  བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་1990ལོར་པར་དུབསྐྲུན། ཤོག་ངོས་33ནས34བར་ན་གསལ།
③ (རྒྱལ་རབས་གསལ་བའི་མེ་ལོང་།》 ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས་1981ལོར་པར་དུ་བསྐྲུན། ཤོག་ངོས་241ནས242བར་ན་གསལ།
①《མདོ་སྨད་ཆོས་འབྱུང་།》བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས། ཀན་སུའི་མི་རིགསདཔེ་སྐྲུན་ཁངགིས་1982ལོར་པར་དུ་བསྐྲུན། ཤོག་ངོས་17ན་གསལ།
②《ཆོས་འབྱུང་དཔག་བསམ་ལྗོན་བཟང་།》 སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་1992ལོར་པར་དུ་བསྐྲུན། ཤོག་ངོས348ན་གསལ།
③ 《ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར། 》 ཐུའུ་བཀྭན་ཆོས་ཀྱི་ཉི་མས་མཛད།   ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་1989ལོར་པར་དུ་བསྐྲུན། ཤོག་ངོས་17ན་གསལ།
① 《བླ་ཆེན་དགོངས་པ་རབ་གསལ་གྱི་རྣམ་ཐར། 》 ཚེ་ཏན་ཞབས་དྲུང་རྗེ་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ། (གླེགས་བམ་བཅུ་གསུམ) མི་རིགས་དཔེ་སྐྲུན་ཁང་གིས་2007ལོར་པར་དུ་བསྐྲུན། གླེགས་བམ་གསུམ་པའི་ཤོག་ངོས་185ནས་186བར་ན་གསལ།།
②《དེབ་ཐེར་སྔོན་པོ།》 (སྟོད་ཆ།)འགོས་ལོ་གཞོན་ནུ་དཔལ་གྱིས་བརྩམས།   སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་1984ལོར་པར་དུ་བསྐྲུན། ཤོག་ངོས་93ན་གསལ།
③ 《མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱི་གསུང་རྩོམ་ཕྱོགས་བསྒྲིགས།》(སྟོད་ཆ།) བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་2007ལོར་པར་དུ་བསྐྲུན། དེབ་སྟོད་ཆའི་ཤོག་ངོས་6ན་གསལ། ④《བླ་ཆེན་དགོངས་པ་རབ་གསལ་གྱི་རྣམ་ཐར།》 ཚེ་ཏན་ཞབས་དྲུང་རྗེ་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ། གླེགས་བམ་བཅུ་གསུམ། མི་རིགས་དཔེ་སྐྲུན་ཁང་གིས་2007ལོར་པར་དུ་བསྐྲུན། གླེགས་བམ་གསུམ་པའི་ཤོག་ངོས་l86ན་གསལ། 
①《ཆོས་འབྱུང་དཔག་བསམ་ལྗོན་བཟང་།》སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་1992ལོར་པར་དུ་བསྐྲུན། ཤོག་ངོས་348ན་གསལ།②《དེབ་ཐེར་སྔོན་པོ།》 (སྟོད་ཆ།) འགོས་ལོ་གཞོན་ནུ་དཔལ་གྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་1984ལོར་པར་དུ་བསྐྲུན། ཤོག་ངོས་93ན་གསལ།
③ 《དེབ་ཐེར་སྔོན་པོ།》 (སྟོད་ཆ།) འགོས་ལོ་གཞོན་ནུ་དཔལ་གྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་1984ལོར་པར་དུ་བསྐྲུན། ཤོག་ངོས་99ན་གསལ།
①《དེབ་ཐེར་སྔོན་པོ།》 (སྟོད་ཆ།) འགོས་ལོ་གཞོན་ནུ་དཔལ་གྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་1984ལོར་པར་དུ་བསྐྲུན། ཤོག་ངོས་117ན་གསལ།
②(མདོ་སྨད་ཆོས་འབྱུང་།》 བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་1982ལོར་པར་དུབསྐྲུན། ཤོག་ངོས19ན་གསལ།
① 《བླ་ཆེན་དགོངས་པ་རབ་གསལ་གྱི་རྣམ་ཐར། 》 ཚེ་ཏན་ཞབས་དྲུང་རྗེ་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ། (གླེགས་བམ་བཅུ་གསུམ) མི་རིགས་དཔེ་སྐྲུན་ཁང་གིས་2007ལོར་པར་དུ་བསྐྲུན། གླེགས་བམ་གསུམ་པའི་ཤོག་ངོས་184ནས་189བར་ན་གསལ།།
①《ལྡེའུ་ཆོས་འབྱུང་།》 མཁས་པ་ལྡེའུས་མཛད།   བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་1987ལོར་པར་དུ་བསྐྲུན།  ཤོག་ངོས་390ན་གསལ། 
②《སྲིད་པ་རྒྱུད་ཀྱི་ཁ་བྱང་རྣམ་ཐར་ཆེན་མོ།》  ཁོད་པོ་བློ་གྲོས་ཐོགས་མེད་ཀྱིས་གཏེར་ལས་བཏོན་པར་འདོད།  ཨ་མདོའི་ཤིང་པར་མ།  དཀྱིས་ལི་སྨི23×ཞེང་ལི་སྨི8
①《དེབ་ཐེར་སྔོན་པོ།》 (སྟོད་ཆ།) འགོས་ལོ་གཞོན་ནུ་དཔལ་གྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་1984ལོར་པར་དུ་བསྐྲུན། ཤོག་ངོས་89ནས་90བར་ན་གསལ།
①《སྲིད་པ་རྒྱུད་ཀྱི་ཁ་བྱང་རྣམ་ཐར་ཆེན་མོ།》  ཁོད་པོ་བློ་གྲོས་ཐོགས་མེད་ཀྱིས་གཏེར་ལས་བཏོན་པར་འདོད།  ཨ་མདོའི་ཤིང་པར་མ།  དཀྱིས་ལི་སྨི23×ཞེང་ལི་སྨི8
① 《མདོ་སྨད་ཆོས་འབྱུང་།) བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་l982ལོར་པར་དུ་བསྐྲུན།  ཤོག་ངོས་54ན་གསལ།
② 《བླ་ཆེན་བྱང་ཆུབ་སེམས་དགོངས་པ་རབ་གསལ་གྱི་རྣམ་པར་ཐར་པ་མདོ་ཙམ་གཏམ་དུ་བརྗོད་པ་རིན་པོ་ཆེའི་ཕྲེང་མཛེས།》 ཐུའུ་བཀྭན་ཆོས་ཀྱི་ཉི་མས་མཛད།  ཐུའུ་བཀྭན་གསུང་འབུམ(ཁ)ཤིང་པར་མ།
① 《བླ་ཆེན་དགོངས་པ་རབ་གསལ་གྱི་རྣམ་ཐར། 》 ཚེ་ཏན་ཞབས་དྲུང་རྗེ་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ། (གླེགས་བམ་བཅུ་གསུམ) མི་རིགས་དཔེ་སྐྲུན་ཁང་གིས་2007ལོར་པར་དུ་བསྐྲུན། གླེགས་བམ་གསུམ་པའི་ཤོག་ངོས་201ན་གསལ།།
①《ཆོས་འབྱུང་མཁས་པའི་དགའ་སྟོན། 》(སྟོད་ཆ། )དཔའ་བོ་གཙུག་ལག་ཕྲེང་བས་བརྩམས།  མི་རིགས་དཔེ་སྐྲུན་ཁང་གིས་1986ལོར་པར་དུ་བསྐྲུན།  (སྟོད་ཆ། )ཤོག་ངོས་473ན་གསལ།
②《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ།》  (དེབ་གསུམ)བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་བསྐྲུན་ཁང་གིས་1990ལོར་པར་དུ་བསྐྲུན།  དེབ་དང་པོའི་ཤོག་ངོས་80ནས་81ན་གསལ། 
③《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ།》 སྤ་བསྟན་རྒྱལ་བཟང་པོས་བརྩམས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་1991ལོར་པར་དུ་བསྐྲུན།  ཤོག་ངོས189ན་གསལ།
④《སྤ་བཞེད་ཞབས་བཏགས་མ།》 སྦ་གསལ་སྣང་གིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1990ལོར་པར་དུ་བསྐྲུན།  ཤོག་ངོས་l86ན་གསལ།
①《སྲིད་པ་རྒྱུད་ཀྱི་ཁ་བྱང་རྣམ་ཐར་ཆེན་མོ།》  ཁོད་པོ་བློ་གྲོས་ཐོགས་མེད་ཀྱིས་གཏེར་ལས་བཏོན་པར་འདོད།  ཨ་མདོའི་ཤིང་པར་མ།  དཀྱིས་ལི་སྨི23×ཞེང་ལི་སྨི8

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1