༄༅།།རྒྱའི་གནའ་བོའི་སྙན་ངག་བོད་འགྱུར་མ་བཅུ།

རིན་སྤུངས་ཉི་མ་དོན་གྲུབ་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།བོད་ཀྱི་རྩོམ་རིག་སྒྱུ་རྩལ། སྤེལ་དུས། 07-17



རིན་སྤུངས་ཉི་མ་དོན་གྲུབ་ཀྱིས་བསྒྱུར།

མཚན་མོའི་ལྷིང་འཇགས་ཀྱི་དྲན་འཆར།
རྩོམ་པ་པོ།  ལེ་པེ།  (ཐང་རྒྱལ་རབས)
མལ་ཁྲིའི་མདུན་གྱི་ཁྲ་མར་ཟླ་འོད་འཕྲོ། །
བ་མོས་ས་གཞི་བཀླུབས་པའི་འཆར་སྣང་ཞིག །
ཡར་ལ་འདྲེན་བྱེད་ཟླ་བར་འཕེན་པས་ན། ། 
རང་ཡུལ་དབང་མེད་དྲན་པས་མགོ་བོ་དུད། །

 
དཀར་གསལ་ཟླ་བ་ནམ་ཞིག་འཆར། 
རྩོམ་པ་པོ།  སུའུ་ཧྥུའུ།  (སུང་བྱང་མ)  

དཀར་གསལ་ཟླ་བ་ནམ་ཞིག་འཆར་རམ་ལགས། །
བདག་གིས་ཆང་དཀར་བཏེགས་ནས་ནམ་མཁར་དྲིས། །
ཨ་སྔོན་དགུང་གི་ལྷ་ཡི་ཕོ་བྲང་དུ། །
འདི་ལོ་དུས་ཀྱི་འཁོར་ལོ་ཅི་ཙམ་ཡིན། །
བདག་ནི་རླུང་གི་གཤོག་པའི་འཕུར་ལྡིང་ཐོག །
དག་ཞིང་ལྷ་ཡི་ཡུལ་དུ་ལོག་བསམས་ཀྱང་། །
གཡུ་དཀར་ལྷ་ཡུལ་ཕོ་བྲང་རབ་གྲང་བས། །
གདུང་བ་བཟོད་པར་དཀའ་བར་ཅུང་ཙམ་སྐྲག །
ལྷ་ཡི་ཡུལ་དུ་རང་དགའི་རྩེད་འཇོར་རོལ། །
ད་ལྟའི་མི་ཡུལ་འདི་དང་ཅི་ལ་འདྲ། །
ཟླ་འོད་བར་ཁྱམས་དམར་པོའི་གཡས་གཡོན་ལས། །
རིམ་གྱིས་ཁང་པའི་ཁྲ་མར་འཁྱུད་བཞིན་དུ། །
གཉིད་ཡུར་མི་ཡི་ལུས་ལ་ཤིན་ཏུ་འཕྲོ། །
ཟླ་བ་བདག་ལ་སྡང་སེམས་ཡོད་དམ་ཅི། །
སྐྱོ་གདུང་གཉེན་ཉེ་འབྲལ་དུས་ལྷག་ཏུ་ཟླུམ། །
མི་ལ་དགའ་སྐྱོ་འདུ་བྲལ་ཆོས་ཉིད་དང་། །
ཟླ་བར་མུན་དྭངས་ཉ་རྒྱས་ཉ་གང་ཡོད། །
བྲལ་བའི་མི་ལ་ནད་མེད་བདེ་ཐང་ཤོག
ལེ་དབར་སྟོང་ནས་ཟླ་འོད་མཉམ་དུ་རོལ།

 

 

དཔའ་མཛངས།
རྩོམ་པ་པོ།  ཡུའེ་ཧྥེ།  (སུང་རྒྱལ་རབས)

ཁོང་ཁྲོའི་མེ་ལྕེ་གདོང་ལ་མངོན་ནས་མགོ་བོའི་ཞྭ་ཡང་ཕུད་ལ་ཉེ། །
ཁེར་པོར་མཐོན་པོའི་རྭ་སྐོར་ལོགས་ནས་རྒྱང་རིང་ཕྱོགས་སུ་ལྟ་བའི་སྐབས། །
དྲག་ཏུ་འབབ་པའི་ཆར་པ་དེའང་མཚམས་འདིར་ཡོངས་སུ་ཆད་ནས་འདུག །
རང་སེམས་གདུང་བའི་མགོ་བོ་འདེགས་བཞིན་དབང་མེད་དབུགས་རིང་ཤོར་བཞིན་དུ། །
རང་རྒྱལ་འདི་ལ་ལེགས་སྐྱེས་འབུལ་བའི་སྙིང་རྩ་དྲོན་མོ་ལྷག་ཏུ་འཕགས། །
མི་ལོ་སུམ་ཅུའི་བགྲང་བྱའི་ནང་དུ་བྱས་རྗེས་ཅུང་ཙམ་བཏོད་ན་ཡང་། །
དེ་དག་རྒྱལ་ཁབ་སྐྱོབ་པའི་བྱ་བར་རྒྱ་མཚོའི་ནང་གི་ཆུ་ཐིགས་བཞིན། །
གཞི་ཁྱོན་ཆེ་བའི་ལྷོ་ནུབ་དམག་ནང་བདག་གི་མི་ཚེ་དགའ་སྐྱོས་ཁེངས།
ད་ནི་ང་ལ་སྙིང་རུས་ཡོད་ན་རྒྱལ་ཁབ་སྐྱོབ་པའི་དུས་ལ་བབས། །
རྒས་ཤིང་འདས་པའི་ལང་ཚོ་བསམས་ཚེ་ཐམས་ཅད་སྟོང་བར་ཤིན་ཏུ་ཕངས། །
ཅིང་ཁང་ཟིང་ཆའི་དམག་འཁྲུག་ངོ་ཚ་ནམ་ཡང་བདག་གིས་བརྗེད་པར་དཀའ། །
བློན་འབངས་ཁྲོ་ཞིང་སྡང་བའི་འཁུན་སྒྲ་ཡུན་རིང་འཇགས་པའི་ཐབས་ཤིག་མེད། །
ང་ཡིས་དམག་གི་འཐབ་སར་བསྐྱོད་ནས་ཧ་ལན་རི་བོར་དཔུང་འཇུག་བྱེད། །
ཧ་ལན་རི་བོ་དེ་ཡང་མི་ཞོག་སྙོམས་པའི་ཐང་དུ་གཏོང་ངེས་ཡིན། །
ང་ཡི་བྲང་ཁ་དཔའ་ཡིས་ཁེངས་ཤིང་ལྟོགས་ཚེ་དགྲ་བོའི་ཤ་ཞིག་ཟ། །
དམག་གི་འཐབ་སར་སྐོམ་པ་བྱུང་ཚེ་དགྲ་བོའི་དམར་ཁྲག་ཧུབ་ཀྱིས་འཐུང་། །
སྔར་སོང་ཤོར་བའི་རི་ཀླུང་ས་གཞི་སླར་ཡང་དབང་དུ་བསྡུས་པའི་རྗེས། །
རྒྱལ་ཁ་ཐོབ་པའི་གཏམ་བཟང་ཁྱེར་ནས་རྒྱལ་པོའི་དྲུང་དུ་སྙན་སེང་ཞུ། །

 

 

སྐྱོ་གདུང་།

རྩོམ་པ་པོ།  ལི་ཡུས།  (ཐང་ལྷོ་མ)

དུས་ཀྱི་སྐོར་བ་ནམ་ཞིག་རྫོགས་སམ་འདས་པའི་ལོ་ཟླ་ཅི་ལ་ཟློག །
མདང་ནུབ་སླར་ཡང་དཔྱིད་རླུང་ལྡང་དུས་ཕ་ཡུལ་དྲན་པས་ལྷག་ཏུ་སྐྱོ། །
ནན་ཐང་རང་ཡུལ་སྔར་བཞིན་གནས་ཀྱང་ས་སྐྱོང་ལས་དབང་ངར་མ་མཆིས། །
བདག་ལ་སྐྱོ་སེམས་དེ་ཙམ་ཡོད་མེད་མ་འདྲི་ཤང་ཤང་རྒྱུག་པའི་ཆུ་བོ་བཞིན། །

 

 

སྟོན་དུས་ཀྱི་དྲན་འཆར།
རྩོམ་པ་པོ།  མ་ཀྲེ་ཡོན།  (ཡོན་རྒྱལ་རབས)

ཡལ་འདབ་རེངས་པའི་ཤིང་རྒན་ཐོག་ལ་ས་སྲོས་ཕོ་རོག་ཚང་དུ་ཉལ། །
ཟམ་ཆུང་འོག་གི་ཆུ་མོའི་གཞུང་ལ་ཐར་ཐོར་གྲོང་པ་རེ་གཉིས་ཙམ། །
གྲང་རླུང་ཁྲོད་དུ་གནའ་ལམ་བགྲོད་ཅིང་ཤེད་མེད་རྟ་རྒན་འཁྲིད་པའི་ང་། །
སྲོས་ཀྱི་ཉི་ཟེར་ཐང་དུ་བབས་ཀྱང་ལོག་པའི་ཡུལ་ཞིག་གང་དུ་ཡོད། །



བཙུན་མོའི་ཕོ་བྲང་གི་སྙན་ངག
རྩོམ་པ་པོ།  པེ་ཅུའུ་དབྱི།  (ཐང་རྒྱལ་རབས)
སྐྱོ་གདུང་མིག་ཆུས་ལག་རས་བརླན་ཞིང་མཚན་གྱི་རྨི་ལམ་ཡོངས་སུ་བཅོམ། །
ནམ་གུང་རྒྱལ་པོའི་ཕོ་བྲང་ཕྱོགས་ནས་ཀུན་རྣམས་མྱོས་པའི་གླུ་སྒྲ་ཐོས། །
ལྕམ་ཆུང་དགའ་མ་ལང་ཚོས་བརྒྱན་ཀྱང་རྒྱལ་པོའི་བརྩེ་བ་ཆད་པས་ན། །
བདུག་གཟེབ་གམ་དུ་མཚན་གང་མི་ཉལ་གོང་མས་ཨེ་འབོད་བསྒུགས་ནས་འདུག །


ཁ་བ།
རྩོམ་པ་པོ།  མའོ་ཙེ་ཏུང་།

མེས་རྒྱལ་བྱང་ཕྱོགས་ཡུལ་ལྗོངས་འདི་ནི་ལེ་དབར་སྟོང་གི་འཁྱགས་པའི་དར། །
མུ་མེད་ཐང་ལ་ཁ་བ་བབས་པས་གངས་ཀྱི་འདབ་མ་ལྷབ་ལྷུབ་གཡོ། །
ལྕགས་རི་རིང་པོའི་ཕྱི་ནང་ཀུན་ལ་རབ་དཀར་ཁ་བས་ས་གཞི་བཀླུབས། །
ལང་ལོང་རྒྱུག་པའི་རྨ་ཆུ་དེ་ཡང་སྐབས་གཅིག་ཆུ་སྒྲ་རབ་ཏུ་ཞི། །
མུ་འབྲེལ་རི་བོའི་མཐོ་སྣང་འདི་ནི་སྦྲུལ་ཆེན་གནམ་ལ་མཆོངས་དང་མཉམ། །
ས་མཐོའི་རི་མ་ཐང་གི་ཉམས་བཟང་དཀར་པོའི་གླང་ཆེན་བགྲོད་དང་འདྲ། །
དེ་རྣམས་བརྗིད་པའི་ཉམས་འགྱུར་རིག་པས་དགུང་སྔོན་མཐོ་དང་ཨེ་འགྲན་བསམ། །
ནམ་མཁའ་དྭངས་ཤིང་གསལ་བའི་དུས་ལ་ཉི་འོད་གངས་ལ་འཆར་བས་ན། །
ལྟ་ན་སྡུག་པའི་ཡུལ་ལྗོངས་མཛེས་པས་ཡིད་དབང་འཕྲོག་པ་ཅི་ལས་ལྷག །
རྒྱལ་ཁམས་འདི་ལྟར་མཛེས་པའི་དབང་གིས་སྔོན་བྱོན་དཔའ་བོའི་རྣམ་ཤེས་བརྐུས། །
ཇིན་ཧྲེ་ཧོང་དང་ཧན་ཝུ་ཏི་ཐང་ཐའེ་ཙུང་དང་ཀྲའོ་ཁོན་ཡིད་སོགས། །
པིར་རྩལ་ཟད་པས་བྲིས་པ་ཞན་ཞིང་རྩོམ་པའི་ཐད་ལ་བྱས་རྗེས་ཆུང་། །
འཛམ་བུའི་གླིང་འདིར་སྐད་དུ་གྲགས་པའི་དབང་སྒྱུར་མཁས་པ་ཐེ་མུ་ཀྲན། །
བྱ་གླག་གསོད་པའི་དྲག་རྩལ་ཙམ་ཀྱང་དེ་ཀུན་འདས་པའི་ལོ་རྒྱུས་ཆགས། །
རྒྱལ་སྐྱོང་དཔའ་བོའི་ལེགས་སྐྱེས་གྲངས་ན་དེ་རིང་དུས་འདི་ལྷག་ཏུ་མཛངས། ། 

 

 

 

རྒྱ་མཚོའི་གཞུང་ལ་བགྲོད་པའི་ཐ་མ་སླར་ཡང་མི་ལྡོག་མི་རིག་གམ། །
རྩོམ་པ་པོ།  ཏུའུ་མུའུ།  (ཐང་རྒྱལ་རབས)
དྭངས་གསལ་དུས་ཚིགས་ཉིན་ལ་ཆར་སིམ་བབས། །
ལམ་བཞུད་མི་ཡི་སྐྱོ་གདུང་ལྷག་ཏུ་ཆེ། །
གང་དེར་ཆང་ཁང་ཨེ་ཤེས་དྲིས་པས་ན། །
བྱིས་པའི་མཛུབ་མོས་རྒྱང་རིང་ཤིང་ཧྭ་ན། །



སྐྱེམས་ཆང་འདྲེན་པ།
རྩོམ་པ་པོ།  ལེ་པེ།  (ཐང་རྒྱལ་རབས)
རྨ་ཆུའི་ཆུ་མོ་མཐོ་སར་འབབ་ཅིང་རྦ་རླབས་ཐོལ་གྱིས་རྒྱུག་བཞིན་དུ། །
བགྲེས་སོང་ཕ་མས་མེ་ལོང་མདུན་ནས་དབུ་སྐྲ་དཀར་བའི་སྐྱོ་ཤས་ཁྲོད། །
གཞོན་དུས་ནག་གི་སྐྲ་ལོ་འདི་དག་དུང་ལྟར་དཀར་བ་མི་རིག་གམ། །
དགའ་བའི་དུས་སུ་སྐྱིད་སྣང་ཚོར་ནས་སྤྲོ་སྐྱིད་ཅི་དགར་ཚིམ་པར་རོལ། །
གསེར་གྱི་མཆོད་ཞལ་ཆང་གིས་མི་འགེང་སྟོང་པར་བཞག་ན་ཅི་ལ་རུང་། །
སྐྱེ་བོ་ཐམས་ཅད་བལྟམས་པའི་རྗེས་ལ་དོན་ལྡན་ནོར་ཉན་ཡིན་པས་ན། །
དངུལ་སྲང་ཁྲི་སྟོང་སྐད་ཅིག་བརླགས་ཀྱང་སླར་ཡང་བཙལ་ན་མི་ཆོག་ཅི། །
ལུག་ཤ་གཡོས་དང་གླང་ཤ་བཙོས་ནས་དེ་རིང་ལོངས་སྤྱོད་རབ་ཏུ་བྱེད། །
ཆང་ཕོར་སུམ་བརྒྱ་བསྟུད་མར་འཐུང་ཡང་ཧ་ལས་ཧང་སངས་ཅི་ལ་ཡོད། །
ཀ་ཡེ་གྲོགས་པོ་མཆོད་ཞལ་མ་འཇོག་ཞིམ་པོའི་ཨ་རག་ཡར་ལ་མཆོད། །
ཁྱེད་ཀྱིས་རྣ་བས་ཁོ་བོས་ལེན་པའི་ཆང་གླུ་འདི་ལ་གསན་པར་ཞུ། །
ཅོང་སྒྲའི་ཁྲོད་ཀྱི་ཞིམ་ཟས་དག་གི་ལོངས་སྤྱོད་འདི་ལ་སྨོན་དོན་ཅི། །
ང་ནི་ཡུན་དུ་བཟི་བར་སྡོད་ཅིང་སླར་ཡང་དྭངས་རྒྱུ་མེད་ན་བསམ། །
སྔོན་ནས་ད་བར་འཕགས་པའི་སྐྱེས་བུ་ཁུ་སིམ་ཁྲོད་ལས་འཇམ་གྱིས་འཐིམས། །
སྙན་པའི་གྲགས་པ་ས་འདིར་འཇོག་མཁན་ཆང་གིས་མྱོས་པའི་སྐྱེ་བོ་དག །
སྔོན་རབས་རྒྱལ་པོ་ཚའོ་ཀྲེ་ཞུ་བས་གསོལ་སྒྲོན་ཐུགས་སྤྲོ་བཤམས་བཞིན་དུ། །
རང་དང་འཁོར་དང་བཅས་པ་ཁྱུ་ཚོགས་ལོངས་སུ་སྤྱོད་པ་མི་ཤེས་སམ། །
ཨེ་མ་སྦྱིན་བདག་ཁྱེད་ཀྱིས་བདག་ལ་དངུལ་སྲང་མི་འདུག་མ་གསུང་ཞིག །
ཞིམ་པོའི་ཨ་རག་དུ་ཙམ་ཡོད་པ་ཐམས་ཅད་བདག་ལ་ཁྱེར་བས་ཆོག །
བདག་གི་ཅང་ཤེས་རྟ་ཕོ་འདི་དང་གྱོན་པའི་ལྤགས་སློག་རིན་བྲལ་འདི། །
འཁོར་ལ་མངགས་ནས་དེ་ཀུན་ཐམས་ཅད་ཨ་རག་ཞིམ་པོར་བརྗེ་བས་ཆོག །
ཁྱེད་དང་བདག་སོགས་ཐམས་ཅད་ལྷན་དུ་ཇི་སྲིད་ཡིད་ཀྱི་གདུང་བ་སེལ། །

 

 

ལུའུ་ཧྲན་རི་བོའི་རྦབ་ཆུར་རྒྱང་ལྟ། 
རྩོམ་པ་པོ།  པེ་པེ། (ཐང་རྒྱལ་རབས)

ཤང་ལུའུ་རི་བོར་ཉི་ཟེར་འཕྲོ་ཞིང་རླབས་ཀྱི་དུ་རླངས་དགུང་ལ་འཕྱུར། །
རྒྱང་བལྟས་རིང་གི་རྦབ་ཆུ་དེ་ནི་རི་བོར་བཏགས་པའི་གཙང་པོ་འདྲ། །
དྲག་དང་ཤུགས་ཀྱིས་ཐུར་དུ་རྒྱུག་པའི་མཐོན་པོ་ཆུ་ཡི་རྣམ་པ་དེ། །
གནམ་གྱི་སྐ་རགས་དགུང་སྔོན་དབྱིངས་ལས་ས་ལ་ལྷུང་དང་གཉིས་མ་མཆིས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1