རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོ་གྲོང་རྡལ་དུ་བསྒྱུར་བ།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-18


      ཟླ་7པའི་མཎྜལ་རྩྭ་ཐང་ནི་གཡུ་ཡི་མེ་ལོང་ཐང་ལ་བཏིངས་པ་དང་མཚུངས་ལ། རྟ་ནོར་ལུག་གསུམ་ནི་ནམ་མཁའི་སྐར་ཚོགས་དང་གཉིས་སུ་མ་མཆིས་ཤིང་། རི་མཐོ་ས་གཙང་གི་ཡུལ་གྲུ་འདི་རུ་རང་བྱུང་ལྷུན་གྱིས་གྲུབ་པའི་མཛེས་ཉམས་ཤིག་ཤར་འདུག ཟླ་7པའི་ཚེས་11ཉིན། རྔ་བའི་ཡུལ་མི་སྟོང་ཕྲག་ལྷག་གནས་འདི་རུ་འཛོམས་ཏེ། རྨེའུ་རུ་མ་ཡུལ་ཚོ་གྲོང་རྡལ་དུ་བསྒྱུར་བའི་མཛད་སྒོ་དང་2018ལོའི་དབྱར་ཁའི་རྟ་རྒྱུག་འགྲན་བསྡུར་གཟབ་རྒྱས་ངང་འཚོགས། ཁོ་ཚོ་ནི་རྨེའུ་རུ་མའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་གི་དོན་ཆེན་འདི་མངོན་སུམ་མིག་གིས་མཐོང་བའི་དཔང་མི་རུའང་གྱུར།

      མཛད་སྒོ་རུ་རྫོང་ཨུའི་ཧྲུའུ་ཅི་དང་ཁུལ་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་སོགས་འགོ་ཁྲིད་ཞུགས་ཡོད། ཀན་སུའུ་དང་སི་ཁྲོན་གྱི་མཛའ་མཐུན་མཉམ་གནས་ཀྱི་གྲོང་རྡལ་དྲུག་གི་འགན་འཁུར་མི་སྣ་དང་། རྔ་བ་རྫོང་གི་གྲོང་སྡེ་ཉི་ཤུ་དང་རྫོང་རིམ་པའི་ལས་ཁུངས་དང་སྡེ་ཁག་སོ་སོའི་འགན་འཁུར་མི་སྣ། རྨེའུ་རུ་མ་གྲོང་རྡལ་གྱི་སྡེ་བ་རེ་རེའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ལས་བྱེད་པ་དང་འབྲོག་པ་མང་ཚོགས་སོགས་སྐུ་མགྲོན་དུ་ཐོན་ཡོད།

      རྨེའུ་རུ་མ་ནི་རྔ་བ་རྫོང་མཁར་དང་བར་ཐག་སྤྱི་ལེ་33ཡོད་པའི་ཤར་ལྷོའི་ཕྱོགས་སུ་གནས་ཤིང་། འབྲོག་ལས་ཐོན་སྐྱེད་གཙོ་བོར་གཉེར་བའི་འབྲོག་སྡེ་རྣལ་མ་ཞིག་ཡིན། ཤར་རྒྱུད་དུ་གཅའ་རུ་བ་གྲོང་རྡལ་དང་གཅའ་ཁོག་ཕྱུགས་རར་འབྲེལ་ཡོད། ལྷོ་རུ་མཚན་ཉིད་ཡུལ་ཚོ་དང་ལོ་རྟ་ཡུལ་ཚོ། ནུབ་ཕྱོགས་སུ་རྨེ་སྐོར་ཡུལ་ཚོ་བཅས་ཡོད་ལ། བྱང་ཕྱོགས་སུ་ཀན་སུའུ་རྨ་ཆུ་རྫོང་ཆུ་ཁ་མ་གྲོང་རྡལ་སོགས་དང་འབྲེལ་ཡོད། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི735དང་གྲོང་རྡལ་ཡོངས་ཀྱི་ཁོངས་གཏོགས་སུ་སྲིད་འཛིན་གྲོང་སྡེ5དང་རུ་ཆུང33དང་། ཁྱིམ་ཚང་1224དང་མི་གྲངས་5553བཅས་ཡོད། 1974ལོར་རྨེའུ་རུ་མ་ཀུང་ཧྲེ་རུ་བསྒྱུར། 1984ལོར་ཡུལ་ཚོ་རུ་སླར་གསོ་བྱས། 2017ལོའི་ཟླ་12པར། ཞིང་ཆེན་དང་ཁུལ་གྱིས་ཡུལ་ཚོ་ནས་གྲོང་རྡལ་དུ་བསྒྱུར་བའི་ཆོག་མཆན་གནང་།

     ཉེ་བའི་ལོ་ཤས་རིང་། རྨེའུ་རུ་མ་གྲོང་རྡལ་གྱིས2020ལོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགསའགྲུབ་པའི་སྤྱིའི་དམིགས་ཚད་ལ་གཞིགས་ནས། ཏང་སྐྱོང་གིས་སྣེ་ཁྲིད་ཅིང་། རང་སྐྱོང་། བྱམས་སྐྱོང་། ཁྲིམས་སྐྱོང་བཅས་མཉམ་འཛིན་སྒོས་རྨང་གཞི་སྲ་བརྟན་དུ་གཏོང་བའི་སྤྱིའི་བསམ་ཕྱོགས་རྒྱུན་བསྐྱངས་ནས། རྨེའུ་རུ་མའི་སྤྱི་ཚོགས་འཆམ་མཐུན་དང་གྲོང་སྡེ་བྱམས་སྐྱོང་། རྒྱུན་མཐུད་བརྟན་འཇགས་ཀྱི་དམིགས་ཚད་རྒྱུན་ཆད་མེད་པར་མངོན་འགྱུར་བྱས་ཤིང་། ཧུར་ཐག་གིས་རྨང་གཞི་སྲ་བརྟན་དུ་བཏང་སྟེ་མཛེས་སྡུག་ལྡན་ཞིང་། འབྱོར་ཕྱུག་དང་འཆམ་མཐུན་གྱི་གྲོང་རྡལ་བསྐྲུན།

      ཡུལ་ཚོ་གྲོང་རྡལ་དུ་བསྒྱུར་བ་ནི་རྨེའུ་རུ་མའི་འཕེལ་རྒྱས་ལོ་རྒྱུས་ཐོག་གི་རྡོ་རིང་ཞིག་ཡིན་ལ། འདི་ནི་མིང་ཙམ་གྱི་འགྱུར་ལྡོག་དང་སྲིད་འཛིན་ས་ཁུལ་དབྱེ་མཚམས་ཀྱི་འགྱུར་ལྡོག་ཁོ་ན་ཞིག་མ་ཡིན་པར། རྫོང་ཡོངས་ཀྱིས་རྨེའུ་རུ་མའི་འགོམ་བརྒལ་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཡུན་རིང་བདེ་འགོད་ཀྱི་འགོ་འཛུགས་ས་གསར་བ་ཞིག་ཀྱང་ཡིན། ཕྱིས་སུ་རྨེའུ་རུ་མས་དོན་འདི་འགག་རྩར་བཟུང་ནས་གྲོང་རྡལ་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་རྣམས་ལ་མཐུན་སྒྲིལ་གྱིད་སྣེ་ཁྲིད་བྱ་རྒྱུ་དང་། བཅོས་བསྒྱུར་གྱི་འདུ་ཤེས་གསར་བ་ལ་བརྟེན་ནས་རྨེའུ་རུ་མ་ནི་ཐོན་ལས་དར་རྒྱས་དང་ཡུལ་སྲོལ་ཡ་རབས། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་གྲོང་རྡལ་གསར་བ་ཞིག་ཏུ་བསྒྱུར་རྒྱུ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1