གཙོ་ངོས།>> རྩོམ་རིག>>སྒྲུང་གཏམ།

རྡོ་རྗེ་འཇིགས་བྱེད། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༧ཚེས་༡༨ཉིན།

༄༅།། རེ་སྨོན།

ཁྲི་ཀ རྡོ་རྗེ་འཇིགས་བྱེད།
        དུས་ཚོད་ཀྱིས་བསྒུལ་བའི་ཅོང་བརྡ་སྙན་མོ་བར་མེད་དུ་གྲགས་པ་ན། ང་རང་གཏན་འཁེལ་བྱས་པའི་རང་ཉིད་ཀྱི་འདུག་སྟེགས་སུ་ག་ལེར་བསྡད་པ་ཡིན། དེ་མ་ཐག་རྒྱུགས་རྟོག་དགེ་རྒན་གྱིས་རྒྱུགས་ཤོག་མཆན་གང་བཙིར་ནས་རྒྱུགས་རའི་ནང་དུ་སླེབས་ཤིང་འཚབ་འཚུབ་ཀྱི་ངང་རྒྱུགས་ཤོག་དཀར་སེང་ངེ་བ་དུ་མ་ཞིག་ང་ཚོ་སློབ་མ་རེ་རེའི་མདུན་དུ་བཀྲམ།
        སློབ་གྲོགས་ཚོས་ཚམ་ཚོམ་མེད་པར་རྒྱུགས་ཤོག་གཡོན་ཟུར་གྱི་ཐིག་གིས་བཅད་པའི་བར་སྟོང་དུ་རང་རང་གི་འཛིན་གྲྭ་དང་མིང་སོགས་ཆེས་བྱང་ཆ་ལྡན་པའི་ངང་ནས་འབྲི་བཞིན་འདུག་ལ། ངས་ཀྱང་དེ་ནི་རྒྱུགས་ཤོག་འདིའི་སྟེང་དུ་ཆེས་འདྲིས་ཆ་ལྡན་ཞིང་རང་ཉིད་ལ་ཐོགས་རེག་བྲལ་བའི་ཁ་སྐོང་དེ་ཡིན་བསམས་ཏེ་དེ་ཉིད་སྐོང་མགོ་བརྩམས།
        “མིང་། བཀྲ་ཤིས་རྡོ་རྗེ། འཛིན་གྲྭ། ཀ་བ། ”ཞེས་བྲིས་མ་ཐག་ཏུ་རང་ཉིད་ཀྱི་སེམས་ཀྱི་ཟབ་ས་ཞིག་ཏུ་ཤིན་ཏུ་དོགས་མི་བདེ་བའི་ཚོར་བ་ཞིག་གིས་ཁྱབ་པར་གྱུར་པས་སླར་ཡང་ཞིབ་ལྟ་ཞིག་བྱས་པ་ན། མ་གཞི་རང་ཉིད་ཀྱི་འཛིན་གྲྭ་བྲིས་པ་ནོར་འདུག འཛིན་གྲྭ་ཀ་བ་ནི་ལོ་རིམ་འདིའི་རིག་ཚན་གྱི་ཧྲག་བསྡུས་འཛིན་གྲྭ་ཡིན་ཞིང་རང་ཉིད་ད་ལྟ་འཛིན་གྲྭ་ཁ་བ་སྟེ་འཛིན་གྲྭ་དཀྱུས་མའི་སློབ་མ་ཞིག་ཡིན་པ་ཡིད་ལ་ཝ་ལེར་དྲན། དེ་མ་ཐག་ཀ་བ་ཞེས་པའི་སྟེང་དུ་སྨྱུ་གུས་རྟགས་ཤིག་བརྒྱབ་ཅིང་ཡང་སྣོག་སྣོག་འགའ་བྱས་རྗེས་མས་སུ་ཁ་བ་ཞེས་པའི་ཡིག་འབྲུ་གཉིས་གསལ་པོར་བྲིས།
        སྐབས་དེར་ངའི་སེམས་སུ་ལོ་ངོ་གཅིག་དང་ཕྱེད་ཀའི་ཡུན་དུ་རང་ཉིད་ཀྱི་འཛིན་གྲྭ་ཐེངས་གསུམ་དུ་བརྗེས་པ་དེ་ཡིད་ལ་དྲན་པས་ཡིད་སེམས་བློང་བློང་པོར་གྱུར། ཐོག་མར་རང་ཉིད་སློབ་གྲྭ་འདིར་སླེབས་མ་ཐག་འཛིན་གྲྭ་ཀ་བའི་ནང་དུ་བགོས་པ་དང་། ཉིན་འགའི་རྗེས་སུ་ཅི་ཡིན་འདི་ཡིན་མེད་པར་དགེ་རྒན་གྱིས་འཛིན་གྲྭ་དཀྲུགས་སྡེབ་བྱ་དགོས་ཞེས་ང་རང་འཛིན་གྲྭ་ཁ་བའི་ནང་དུ་བགོས་བྱུང་། དེ་ཡང་ཡིན་སྲིད་དེ་རང་ཉིད་ཀྱི་འབྲིང་རྒྱུགས་སྐར་འབྲས་དེ་འདྲ་ལེགས་པོ་མིན་པས་འཛིན་གྲྭ་ཀ་བ་ལྟ་བུའི་སློབ་སྦྱོང་ཤིན་ཏུ་ལེགས་པའི་སློབ་མ་ཚོའི་གྲས་སུ་སྡོད་རྒྱུ་མི་འོས་ཀྱང་སྲིད་མོད། ཡིན་ཡང་ང་ལ་མཐོ་འབྲིང་ནི་དམའ་འབྲིང་ལས་སློབ་སྦྱོང་གི་ཁོར་ཡུག་ལེགས་ཤིང་འདྲ་མཉམ་གྱི་གར་སྟེགས་ཆེན་པོ་ཞིག་ཡིན་སྲིད་པའི་འཆར་ཡན་རྒྱུད་ལ་སྐྱེས་མྱོང་བས་འདིར་སླེབས་པ་ནས་བཟུང་རང་ཉིད་ཀྱིས་སློབ་སྦྱོང་ལ་ཧུར་ཐག་བྱས་ཏེ་ཕ་མ་དང་དགེ་རྒན་གྱི་རེ་བ་སྟོང་ཟད་དུ་མི་གཏོང་བའི་དམ་བཅའ་བརྟན་པོ་ཞིག་བཀོད་མྱོང་།
        རང་ཉིད་འཛིན་གྲྭ་ཁ་བར་བགོས་ནའང་ནམ་ཡང་སློབ་སྦྱོང་གི་བརྩོན་སེམས་ལྷོད་མ་མྱོང་། སློབ་གྲྭས་འཛིན་གྲྭ་ཀ་བ་གཙིགས་སུ་འཛིན་པའི་ཤུགས་ཆེ་སྟེ་དགེ་རྒན་ཉམས་མྱོང་ཅན་དང་སློབ་ཁྲིད་ཀྱི་བྱང་ཆ་ལྡན་པའི་དགེ་རྒན་ཐམས་ཅད་འཛིན་གྲྭ་དེར་བཀོད་སྒྲིག་བྱེད་ཅིང་། ང་ཚོའི་འཛིན་གྲྭ་ལ་དེ་ལས་ལྡོག་ཅིང་བསླབ་ཚན་རེ་གཉིས་ལ་དགེ་རྒན་མེད་པའི་སྐབས་ཀྱང་མང་དུ་མཆིས། དེ་ནི་གོ་ཐོས་སུ་རྩེ་གྲས་ཀྱི་སློབ་མས་སློབ་སྦྱོང་གི་ཐོན་ཁུངས་ལེགས་པོ་བེད་སྤྱོད་བྱ་དགོས་པ་རེད་ཟེར་ཞིང་། ཧྲག་བསྡུས་འཛིན་གྲྭ་ནི་སློབ་གྲྭའི་སྙན་གྲགས་ཀྱི་བ་དན་གནམ་ལ་འཕྱར་བའི་ཏོག་ལྟ་བུ་རེད་ཟེར།
        དེ་ལྟ་ནའང་ངས་རང་ཉིད་ཀྱི་སློབ་སྦྱོང་གི་བརྩོན་སེམས་མ་ལྷོད་པར་སློབ་སྐབས་གཅིག་གི་རིང་ལ་འབད་པ་གཞན་ལས་ལྷག་པ་བསྐྱེད་པ་ཡིན། ནམ་རྒྱུན་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གོམས་ལོབས་སུ་གྱུར་པས་གནས་སྐབས་སུ་སློབ་སྦྱོང་གི་ཐད་དུ་དཀའ་ཁག་ཆེར་མ་བྱུང་ནའང་། རྨང་གཞིའི་ཤེས་བྱ་དང་བག་ཆགས་ཅུང་སྲབ་པས་སྐབས་ལན་རེར་རང་ཉིད་ལའང་དགེ་རྒན་ཉམས་མྱོང་ཅན་ཞིག་གིས་སློབ་ཁྲིད་ཀྱི་བཅུད་ལ་རོལ་བའི་སྐལ་བ་བྱུང་ན་སྙམ་པའི་བློ་སེམས་འགོག་མེད་དུ་སྐྱེས། དེ་ལྟ་དེ་ལྟར་ངས་སློབ་སྐབས་དང་པོ་དེར་རྒྱུགས་འབྲས་ཕུལ་དུ་བྱུང་བ་ཞིག་བླངས་པས་མཐར་སླར་ཡང་འཛིན་གྲྭ་ཀ་བའི་ནང་དུ་འགྲོ་ཐུབ་པ་བྱུང་།
        གློ་བུར་རྒྱབ་ལོགས་ཀྱི་སློབ་གྲོགས་གཉིད་རྐྱལ་དེ་རྒྱུགས་རྟོག་དགེ་རྒན་གྱིས་ཅོག་ཙེ་བརྡུངས་ཏེ་གཉིད་ལས་བསླངས་པའི་སྒྲ་དེས་ངའི་རྣམ་ཤེས་ཀྱང་གང་ཞིག་ལས་ཕྱིར་བཙན་གྱིས་དྲུད་དེ་རྒྱུགས་རའི་ནང་དུ་བསྡུས། བསམ་གཞིག་གི་རྟ་ཕོ་ཕྱིར་དྲན་གྱི་བྱང་ཐང་དུ་འཁྱམས་པས་ངས་དར་ཅིག་མིག་མདུན་གྱི་རྒྱུགས་ཤོག་སྟེང་དུ་མིང་དང་འཛིན་གྲྭ་ལས་གང་ཡང་བྲིས་མེད་པ་ཚོར།
        དེ་མུར་ངས་རྒྱུགས་ཤོག་གི་ཚན་པ་དང་པོ་སྟེ་གདམ་གསེས་འབྲི་བར་བརྩམས།
        གདམ་གསེས་རེ་རེ་ནི་ང་ལ་མཚོན་ན་གདམ་གསེས་བྱེད་མི་ཐུབ་པའི་གནད་འགག་ཅིག་སྟེ། ཐེངས་འདིའི་མཇུག་རྒྱུགས་འདི་མདོར་དེད་ན་སློབ་སྐབས་རྗེས་མའི་འཛིན་གྲྭ་དཀྲུགས་སྡེབ་དང་འབྲེལ་བ་ཆེན་པོ་ཡོད་དེ། གལ་སྲིད་རྒྱུགས་འབྲས་ལེགས་པོ་བྱུང་ཚེ་འཛིན་གྲྭ་ཀ་བའི་ནང་དུ་འགྲོ་དགོས་པ་དང་། རྒྱུགས་འབྲས་ཞན་ཚེ་འཛིན་གྲྭ་ཁ་བའི་ནང་དུ་སྡོད་དགོས་པས། ང་རང་སོམ་ཉིའི་རྒྱ་རུ་ཚུད་པར་གྱུར།
        སློབ་སྐབས་གཉིས་པའི་མགོ་ཚུགས་མ་ཐག་ཏུ། ང་རང་འཛིན་གྲྭ་ཀ་བའི་སློབ་མ་རེད་ཅེས་འཛིན་བདག་གིས་བཤད་པ་ན་དེ་མ་ཉིད་དུ་དགའ་སྣང་གིས་མྱོས་ཤིང་། རང་གི་ཅ་དངོས་ཡོད་ཚད་ལ་བདག་དམ་ལེགས་པོ་ཞིག་བྱས་རྗེས་འཛིན་གྲྭ་དེའི་ནང་དུ་ཕྱིན། ཡིན་ཡང་འཛིན་གྲྭ་དེའི་སྒོ་ནང་དུ་ཐོག་མར་ཡར་འགྲོ་དུས་ནས་ཆ་རྒྱུས་མེད་པའི་མིག་ཟུང་མང་པོས་ང་ལ་ཅེར་ནས་འདུག་པས། ང་རང་ཤིན་ཏུ་མི་བདེ་བའི་སྣང་བས་ཁེངས་པར་བྱས་པ་དང་། གནས་སྐབས་སུ་སློབ་ཁང་གི་ཆེས་རྗེས་མའི་འདུག་སྟེགས་དེར་བསྡད།
        རྒྱུས་མེད་ཀྱི་མིག་ཟུང་དེ་དག་ནི་གཏན་དུ་ང་དང་འདྲིས་ལོབས་སུ་མ་གྱུར་ཏེ། སློབ་ཐུན་གྲོལ་ཐེངས་རེར་ང་རང་གཅིག་པུ་གཏན་དུ་འགྲིམ་མ་མྱོང་བའི་འཇིག་རྟེན་གཞན་ཞིག་ཏུ་སླེབས་པ་དང་འདྲ་སྟེ་ང་ལ་དོ་སྣང་བྱེད་མཁན་དང་ང་ལ་སྐད་ཆ་བཤད་མཁན་གཅིག་ཀྱང་མེད་པར། གོམས་ལོབས་སུ་གྱུར་པའི་ཁོ་རང་ཚོས་རང་རང་གི་འདུག་གྲོགས་སོགས་ལ་ཀུ་རེ་རྩེད་མོ་སོགས་རྩེ་ནའང་ང་ཁོ་ན་ནི་ལྷིང་འཇགས་དང་ཁེར་རྐྱང་གི་འཇིག་རྟེན་དེ་ནས་གཉོམ་ཆུང་གི་ངང་ནས་སྡོད་དགོས་བྱུང་།
        མི་ནི་མ་གཞི་ནས་ཚོགས་པའི་རང་བཞིན་ཅན་གྱི་སེམས་ཅན་ཞིག་ཡིན་ཕྱིར། ཚོགས་པ་གང་རུང་ཞིག་ནས་ཁ་བྲལ་ཏེ་ཚོགས་པ་གཞན་ཞིག་ཏུ་ཕྱིན་ཚེ་སེམས་ཀྱི་མཐིལ་ངོས་གང་རུང་ཞིག་ནས་མི་ལོབས་པའི་སྣང་བ་འབྱུང་བ་ནི་ཆོས་ཉིད་ཅིག་ཏུ་འཁུམས་ནའང་། ང་རང་སློབ་མ་ཞིག་ཡིན་པའི་ཆ་ནས་དུས་ཚོད་སྐར་ཆ་རེ་རེའང་གསེར་ལས་དཀོན་པས། དེ་ལྟའི་སེམས་འགྱུས་ངའི་སློབ་སྦྱོང་ལ་གེགས་རྐྱེན་མི་དམན་པ་ཞིག་བཟོས་པ་འདྲ་སྟེ། གོམས་ལོབས་སུ་གྱུར་ལ་མ་གྱུར་པའི་ཚོགས་པ་གསར་པ་དེ་དང་དེའི་ཡོད་ཚད་ལ་འདྲིས་ཆ་ལྡན་པར་བྱས་པའི་ཁྲོད་ནས་སློབ་སྐབས་གཅིག་གི་དུས་ཚོད་ཤེས་མེད་ཚོར་མེད་ངང་འདས་སོང་།
        སློབས་སྐབས་འདི་མགོ་ཚུགས་དུས་ང་རང་སླར་ཡང་འཛིན་གྲྭ་ཁ་བའི་སློབ་མར་གྱུར་འདུག
        ངའི་སློབ་སྦྱོང་གི་སྐར་འབྲས་ཇེ་ཞན་དུ་གྱུར་པས་ང་རང་ཤིན་ཏུ་སྡུག་པོ་བྱུང་སོང་། སྤྱིར་དེ་ནི་གཞན་གང་ཞིག་ལན་པ་མིན་པར་རང་ཉིད་ཀྱི་ནམ་རྒྱུན་གྱི་བྱས་འབྲས་རེད་བསམས་ནའང་། ང་ལ་ཀ་བ་དང་ཁ་བའི་བཙིར་གནོན་ཐེབས་པ་ལྟ་བུའམ་ཀ་བ་ཁ་བས་སྤྲུགས་འཐེན་བྱས་པ་འདྲ་བའི་མི་སྐྱིད་པའི་ཉམས་སྣང་འགོག་མེད་དུ་སྐྱེས།
        ཁ་སང་གི་ཚོགས་འདུར་དགེ་རྒན་གྱིས་ང་ཚོར་བཤད་རྒྱུར། འཛིན་གྲྭ་ཁ་བ་འདི་འཛིན་གྲྭ་དཀྱུས་མ་ཞིག་ཡིན་པས་འདིའི་ནང་དུ་ཡུན་རིང་ལུས་པ་ནི་རེ་བ་མེད་པའི་རྟགས་ཡིན་ཞིང་། འཛིན་གྲྭ་ཀ་བ་ནི་འབྲིང་རྒྱུགས་ཀྱི་སྐར་འབྲས་བཟང་བའི་སློབ་མ་རྐྱང་རྐྱང་ཡིན་པས། རྗེས་མར་སློབ་ཆེན་དུ་འགྲིམ་པའི་གོ་སྐབས་ཀྱང་ཆེས་བཟང་བ་ཡིན་ལ། སློབ་གྲྭའི་ངོ་གདོང་ལ་གསེར་བྱུགས་མཁན་ཡང་ཁོ་ཚོ་ཡིན། ཁོ་ཚོས་རྗེས་མར་སློབ་ཆེན་ལ་རྒྱུགས་སྤྲོད་པའི་སྐར་འབྲས་བཟང་ངེས་པ་དང་། དེས་མཐོ་གཅིག་གི་སློབ་མའི་ཡོང་ཁུངས་ཏེ་སྐར་འབྲས་ལེགས་པའི་སློབ་མ་རྣམས་སྡུད་ལེན་བྱེད་པའི་སྐལ་བ་བཟང་པོ་འབྱུང་། དེ་ལྟར་བྱས་ན་སློབ་གྲྭའི་མ་འོངས་པའི་འཕེལ་རྒྱས་དང་ཁ་ཕྱོགས་ཀྱང་ཤིན་ཏུ་ལེགས་ཟེར། སྐད་ཆ་དེ་ཐོས་མ་ཐག་ཏུ་ངས་གཟའ་ཉི་མར་ཁྲོམ་ལ་འགྲོ་དུས་ཚོང་ཁང་ག་གེ་མོའི་ནང་དུ་ཚོང་རྫས་ཉོ་རུབ་བྱེད་པའམ་དེའི་བརྡ་ཁྱབ་སྒྲོག་སྤེལ་བྱེད་པ་དང་འདྲ་བའི་ཚོར་བ་ཞིག་བྱིན།
        བསམ་གཞིག་གི་ཕུང་པོ་ནི་འགོག་ཐབས་བྲལ་ཡང་རྒྱུགས་ཤོག་ནི་སློབ་མའི་མདུན་ལམ་ཐག་གཅོད་བྱེད་ཀྱི་ཚད་གཞི་ཉག་གཅིག་ཡིན་པས་ངས་མུ་མཐུད་དུ་རྒྱུགས་ཤོག་ངོས་ཀྱི་ཁ་སྐོང་བྲིས།
        ངེད་འཛིན་གྲྭའི་སློབ་གྲོགས་ཁ་ཤས་ཤིག་གཞི་ནས་གཉིད་དུ་ཡུར་འདུག
        འཛིན་གྲྭ་ཁ་བའི་སློབ་གྲོགས་མང་ཆེ་ཤོས་ཀྱི་ཐོག་མའི་སློབ་སྦྱོང་བྱེད་འདོད་ཀྱི་འདུན་པ་དེ་རིམ་གྱིས་སྣུམ་ཟད་ཀྱི་མར་མེ་བཞིན་ཞུ་ནས་ཚར་ལ་ཉེ་སྟེ། ཁོ་ཚོའི་རྒྱུད་ལའང་ངང་ངམ་ཤུགས་ཀྱིས་ང་ཚོ་འཛིན་གྲྭ་ཁ་བའི་སློབ་མ་རྣམས་ནི་སློབ་གྲྭའི་སྒྲིག་ལམ་བཟོ་སྤྱད་དང་མི་གྲངས་ལོངས་བྱེད་ཙམ་ལས། ང་ཚོའི་འབྲིང་རྒྱུགས་ཀྱི་སྐར་གྲངས་ཞན་ཞིང་རྨང་གཞིའང་མི་ལེགས་པས་སློབ་སྦྱོང་ནི་རིམ་གྱིས་ཉིན་མོའི་སྐར་མ་བཞིན་དགེ་རྒན་ཚོའི་མདུན་དུ་སྤྲེའུས་གར་འཁྲབ་པ་ཙམ་གྱི་ཚུལ་དུ་ལྷག
        ངས་མཚམས་ལན་རེར་རང་གི་སློབ་གྲོགས་ལ་ལར་ང་ཚོའི་མདུན་ལམ་ནི་རང་ཉིད་ཀྱི་ལག་ཏུ་གནས་པས་ཇི་ལྟར་འབད་ན་དེ་ལྟའི་འབྲས་བུ་འབྱུང་བ་རེད་ཅེས་སྨྲས་ནའང་། སྐབས་སྐབས་སུ་རང་ཉིད་ཀྱི་སེམས་པའི་སྒོ་ངོས་སུའང་དེ་ལྟའི་སྒྱིད་ལུག་པར་བྱེད་པའི་བསམ་པ་ཞིག་འགོག་མེད་དུ་སྐྱེས་འོངས། ལན་རེར་རང་ཉིད་འཛིན་གྲྭ་འདིར་མེད་ཀྱང་ཆོག་ལ། འཛིན་གྲྭ་འདིའང་སློབ་གྲྭ་འདིར་མེད་ཀྱང་འོས་སྙམ་ཡོང་།
        མིང་འགྲེལ་དང་དྲི་བ་དྲིས་ལན་སོགས་ཀྱང་རང་ཉིད་ཀྱིས་ཇི་ལྟར་བྲིས་པ་མི་ཤེས་མོད། མཉམ་འཇོག་ཅིག་བྱ་དུས་ཡིན་མིན་གང་ཡིན་ཆ་མི་འཚལ་བ་དག་གིས་ཤོག་ངོས་སྐྱ་བོའི་སྟེང་དུ་ཁེབས་པར་བྱས་འདུག
        དུས་ཚོད་ལ་ལྟ་དུས་ད་ནི་དུས་ཡུན་ཆུ་ཚོད་ཕྱེད་ཀ་ལས་ལྷག་མི་འདུག་པས། ངས་མྱུར་བར་རྒྱུགས་ཤོག་འདིའི་སྟེང་གི་སྐར་གྲངས་ཆེས་མཐོ་བའི་ཆ་སྟེ་རྩོམ་ཡིག་འབྲི་མགོ་བརྩམས།
        རྩོམ་ཡིག་གི་ཆ་རྐྱེན་ལ་འདི་ལྟ་སྟེ། མི་ཚེ་ནི་རེ་སྨོན་གྱིས་མཛེས་པར་བྱེད་ཅིང་རེ་སྨོན་གྱིས་མི་ཚེ་མདུན་དུ་སྐུལ་བས། སློབ་གྲོགས་ཚོས་རང་རང་གི་སློབ་སྦྱོང་དང་འབྲེལ་ཏེ་རང་ཉིད་ཀྱི་ཕུགས་བསམ་མཚོན་པའི་རྩོམ་ཡིག་ཅིག་ཕྲིས།
        རྩོམ་ཡིག་གི་ཆ་རྐྱེན་དེ་མཐོང་མ་ཉིད་དུ་ངས་རེ་སྨོན་ཞེས་པ་རྩོམ་གྱི་ཁ་བྱང་དུ་གདམ་འདོད་པའི་འདུན་པ་སྐྱེས་ཤིང་། ཐིག་ཕྲེང་གི་གོང་དཀྱིལ་དུ་རེ་སྨོན་ཞེས་པའི་རྩོམ་བྱང་ཡིག་གཟུགས་ཆེ་བའི་སྒོ་ནས་བྲིས་རྗེས་བརྗོད་བྱ་བྲིས།
        “ ལར་འཇིག་རྟེན་འདིའི་སྟེང་གི་མི་རེ་རེར་རང་རང་གི་རེ་སྨོན་རེ་ཡོད་སྲིད་པ་དང་། མི་རེའི་ལས་གནས་དང་དམིགས་ཡུལ་མི་གཅིག་པ་དང་། རིན་ཐང་གི་ལྟ་ཚུལ་དང་འཇིག་རྟེན་གྱི་ལྟ་ཚུལ་སོགས་མི་འདྲ་བའི་དབང་གིས་མི་རེ་རེའི་རེ་སྨོན་དེའང་མི་གཅིག དེ་བཞིན་ང་ནི་སློབ་མ་ཞིག་ཡིན་པས་ང་ལ་རེ་སྨོན་ཆུང་ཆུང་ཞིག་ཡོད།
        སློབ་གྲྭ་ནི་ང་ཚོའི་ཤེས་བྱའི་ཟེའུ་འབྲུ་ལེན་པའི་མེ་ཏོག་ལྡུམ་ར་ཆེན་པོ་ཞིག་དང་འདྲ་བས། ཕྱི་ཚུལ་གྱི་བཀྲག་མདངས་ཙམ་མ་ཟད། ང་ཚོ་སློབ་མ་རེ་རེ་ལ་རང་ཉིད་ཀྱི་བློ་ཁ་དང་འཚམ་པའི་ཤེས་བྱའི་མེ་ཏོག་རྐང་གཅིག་བྱིན་ན། ང་ཚོ་ལའང་བློ་དང་ཤེས་པ་ཅུང་ཟད་ཙམ་ཡོད་པས་དེ་ཉིད་ཅིས་ཀྱང་གཞིབ་པར་ནུས་པ་དང་། དེ་ནི་ང་ཚོའི་འདོད་བློ་ཡིན།
        སློབ་གྲྭ་འདིའི་སྒོ་ཐེམ་རྡོག་པས་ནོན་དུས། འཛིན་གྲྭ་འདིའི་སློབ་གྲོགས་རེ་རེར་ཡང་སློབ་མ་གཞན་ལས་ལྷག་ཅིག་མིན་ཡང་གཞན་དང་འདྲ་བའི་རང་ཉིད་ཀྱི་ཕུགས་བསམ་ཆེན་པོ་ཞིག་དང་རེ་བ་ནན་མོ་རེ་ཡོད་ཅིང་། དེ་ཉིད་མངོན་འགྱུར་གྱི་སླད་དུ་བརྩོན་པའི་གཤོག་འགྱུའི་སྟངས་སྟབས་ངོམ་རྒྱུའི་དམ་བཅའ་བརྟན་པོ་ཞིག་ཡོད་ནའང་། ལོ་ངོ་གཅིག་དང་ཕྱེད་ཀའི་ཡུན་དུ་ང་ཚོར་གཏན་འཇགས་ཀྱི་འཆར་གཞི་ཞིག་བཟོ་ལོང་མེད་པར་གྱུར་ཅིང་། ངེས་གཏན་གྱི་ཁོར་ཡུག་ཅིག་དང་འདྲིས་ཡོད་ཀྱི་དགེ་རྒན་འགའ་ཡང་དཀོན་པར་གྱུར་པས། ད་ལྟ་སློབ་གྲོགས་མང་ཆེ་བའི་རྒྱུད་ཀྱི་ཐོག་མའི་རེ་བའི་ལྗང་མྱུག་སྐམ་ལ་ཉེ།
        ང་ཚོའང་དྲིན་ཅན་གྱི་ཕ་མ་དུ་མའི་རེ་བའི་མིག་དང་ཁོག་གི་སྙིང་ཡིན་པས་འདིར་དོན་མེད་ཉིན་མཚན་འདའ་རུ་འོངས་པ་ག་ལ་ཡིན་ཏེ་གཏན་ནས་མིན་ཞིང་། རིགས་རྒྱུད་འདིའི་ས་གཞིའི་ཆེན་པོའི་ཆ་ཤས་ཙམ་ཡིན་པས། རེ་བ་དང་ཡིད་ཆེས་འཆང་མི་རུང་བའང་ག་ལ་ཡོད་དེ། དེ་མིན་ནའང་ང་ཚོས་ཤེས་བྱ་ཉུང་ངུ་ཙམ་ཞིག་ཡིན་ཡང་རང་རྒྱུད་ལ་འབྱོར་བའི་རེ་བ་ཤིན་ཏུ་ཆེ་ཞིང་། ཐོག་མའི་ཆ་ལ་དེ་ལྟའི་བརྩོན་སེམས་ཀྱང་ཀུན་དང་འདྲ་བར་ཡོད།
        མཐར་ངའི་སྣང་ངོར་སློབ་གྲྭ་ནི་ཆེས་འདྲ་མཉམ་དང་རྒྱུ་འབྲས་མིག་བཞིན་བསྲུང་བའི་དག་ཞིང་ཅིག་ཏུ་རློམ་ཡོད་པས། གནས་འདི་རུ་ང་ཚོར་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་དང་འདྲ་མཉམ་གྱི་སློབ་གསོ་ཞིག དྲང་བདེན་གྱི་ལམ་བུ་ཞིག་སྟོན་པའི་རེ་བའི་སྨོན་ལམ་ངས་ཉམས་ཆུང་བའི་ཡིག་འབྲུ་དག་ལ་བསྡེབས་ནས་ཚང་མར་ཤེས་སུ་འཇུག་འདོད།
        དེ་ལྟར་བྲིས་མ་ཐག་ཐེངས་འདིའི་རྒྱུགས་གཞིའི་དུས་ཚོད་ཡོངས་སུ་ཚར་ཞིང་རྒྱུགས་རྟོག་དགེ་རྒན་གྱིས་ངའི་མདུན་གྱི་རྒྱུགས་ཤོག་བླངས་མ་འཕྲོག་གིས་ཁྱེར་ཏེ་རྒྱུགས་རའི་སྒོར་བུད།
        ང་ནི་ད་དུང་ཤུལ་དུ་འཛིན་གྲྭ་ཀ་བ་གདམ་མམ་ཁ་བ་གདམ། ཡང་ན་ཀ་བར་འགྲོ་ནུས་སམ་སྔར་བཞིན་ཁ་བར་སྡོད་དགོས་པའི་བསམ་གཞིག་གམ་ཚོད་དཔག་གི་ཀློང་དུ་ཅི་ཡིན་འདི་ཡིན་མེད་པར་ལུས། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1