མཛོད་དགེ་རྫོང་གི་ཨ་མདོའི་རྟ་རྒྱུག་འགྲན་ཚོགས་ཆེན་མོ་མཇུག་བསྒྲིལ་བ།

རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 07-25


         སྣོད་ལ་དགེ་བཅུའི་མཚན་མ་མངོན་པར་རྫོགས་ཤིང་། བཅུད་ལ་གཡང་གི་མཚོ་མོ་འཁྱིལ་པའི་མཛོད་དགེ་གླིང་དཀར་སྟོད་ནི། བལྟས་པ་ཙམ་གྱིས་ཉམས་དགའ་ལ་ཡིད་ཀྱི་དབང་བོ་ཅིག་ཅར་འཕྲོག་འགྲོ། གནས་འདི་རུ་ཕེབས་དང་།ཟླ་བདུན་པའི་ནམ་མཁའ་དང་རྩྭ་ཐང་གིས་ཁྱོད་ལ་སྔར་མེད་ཀྱི་བློ་སྤོབས་སྦྱིན་ངེས་ལ། མཛེས་སྡུག་གི་སེམས་འདུན་མཐའ་དག་མེ་ཏོག་དང་རྩྭ་ལྗང་བཞིན་དུ་གླུ་རུ་གྱེར་ཆོག

            རྩྭ་ཐང་གི་འབྲོག་པ་ནི་རྟ་འདོ་བའི་བང་རྩལ་དང་མཉམ་དུ་འཚར་ལོངས་བྱུང་བའི་མི་རིགས་ཤིག་སྟེ། རྟ་མཆོག་གི་རྨིག་སྒྲ་ལས་ཁོང་ཚོའི་ལང་ཚོ་དར་ལ་བབས་པའི་དཔའ་གདེང་བསྐྱེད་ཅིང་།ཁོང་ཚོས་གླིང་དཀར་པོའི་གསེར་ཁྲི་དང་སྨན་འབྲུག་མོའི་སྐྲ་བདག་ཀྱང་བང་རྩལ་གྱིས་བརྩད་མྱོང་། དེ་བས་ན་རྟ་རྒྱུག་འགྲན་སྡུར་ནི་ཁོང་ཚོའི་སྲོལ་རྒྱུན་གྱི་ལུས་རྩལ་རྣམ་གྲངས་ཤིག་ཏུ་མ་ཟད། འཚོ་བའི་ཁྲོད་མེད་དུ་མི་རུང་པའི་རྩེད་མོ་ཞིག་ཀྱང་ཡིན། ཐེངས་འདིར་ཡང་ མཛོད་དགེ་རྫོང་ཨ་མདོ་རྟ་རྒྱུག་མི་རིགས་སྲོལ་བཟང་ཡར་སྐུལ་མཐུན་ཚོགས་ཀྱི་སྐབས་དྲུག་པའི་ཨ་མདོའི་རྟ་རྒྱུག་འགྲན་ཚོགས་དེ་ཟླ7པའི་ཚེས19ནས་ཚེས24བར་དུ་གཟབ་རྒྱས་ངང་སྤེལ་བ་རེད། 


        ཉིན་འདི་ཚོར། སི་ཁྲོན་ཞིང་ཆེན་དང་། ཀན་སུའུ། མཚོ་སྔོན་བཅས་ཀྱི་རྫོང་ཁག21གི་རྒྱུག་རྟ730ཡི་རྟ་བདག་དང་། ཕྱོགས་བཞི་མཚམས་བརྒྱད་ནས་འདུས་པའི་ལྟད་མོ་བ་མཛོད་དགེ་གླིང་དཀར་སྟོད་དུ་འཛོམས་ཤིང་། སྐྱི་བསེར་རླུང་གི་དོ་ཟླར་གྱུར་པའི་རྟ་ཕོའི་བང་རྩལ་གྱིས་ལྟད་མོ་བ་ཀུན་གྱི་་མིག་གི་དབང་བོ་ཅིག་ཅར་དུ་འཕྲོག་པར་བྱེད། 



མཛོད་དགེའི་ནང་ཁུལ་གྱི་གཞོན་ནུའི་ལང་ཚོ་འགྲན་སྡུར་གྱི་ཨང་དང་པོ།




རྟ་ཕོའི་སྐྱེས་མཆོག་འགྲན་སྡུར་གྱི་ཨང་དང་པོ།

          ཐེངས་འདིའི་རྟ་རྒྱུག་འགྲན་ཚོགས་སྐབས་སུ་མཛོད་དགེའི་ནང་ཁུལ་གྱི་གཞོན་ནུའི་ལང་ཚོའི་འགྲན་སྡུར་དང་རྟ་ཕོའི་སྐྱེས་མཆོག་འགྲན་སྡུར་ཡང་སྤེལ་བ་རེད།

         རྟ་རྒྱུག་འགྲན་སྡུར་སྐབས་སུ། སྒྲ་སྙན་རྒྱུད་སྐུད་ལ་བརྒྱུས་པའི་སྨོན་འདུན་གྱི་དབྱངས་རྟ་རེ་རེ་དང་། སྙན་མོ་ངག་ལ་བཀུག་པའི་བཀྲ་ཤིས་པའི་ཁ་གཡང་རེ་རེ། མཉེན་ལྕུག་གར་སྟབས་ལས་མངོན་པའི་རྟེན་འབྲེལ་གྱི་རི་མོ་རེ་རེ་ནི་ལྟད་མོ་བ་སྟོང་ཕྲག་མང་བོའི་ཡིད་ཀྱི་གསོས་དང་། རྣ་བའི་བཅུད། མིག་གི་དགའ་སྟོན་དུ་གྱུར་ཡོད།

          འགྲན་རའི་ཡུལ་དངོས་སུ། ཁ་དཔེ་ལ་རྟ་མགྱོགས་པའི་བང་རྩལ་རླུང་རེད། བུ་རྒོད་པོའི་སྐྱ་རྩལ་བྱ་རེད་ཟེར་བ་བཞིན། ཀི་བསོ་དང་འབོད་སྒྲའི་ཁྲོད་དུ་མགྱོགས་འདོ་བའི་བང་ཁ་རླུང་དང་བསྡོངས་ཏེ་རྟིང་མའི་དཔའ་དར་ལ་སྙེག་བཞིན་འདུག

         འགྲན་རའི་མཐའ་སྐོར་དུ་སྦྲ་གུར་གྱི་ཚོམ་བུས་ནམ་མཁའི་སྐར་ཚོགས་ཐང་ལ་འཕོས་པ་ལྟར་ལེགས་པར་བརྒྱན་ཅིང་། དེ་ནི་ཐག་རིང་མགྲོན་པོའི་སྡོད་གུར་དང་ཚོང་ཁང་། ཟ་ཁང་། སྤྲོ་རྩེད་གླིང་རེད། དེ་རུ་ཤ་མར་རྩམ་གསུམ་དང་འབྲི་ཞོ།  ཤ་མོག་དང་ཤ་འབྲས། གྲོ་འབྲས་སོགས་བཟའ་བཏུང་རིགས་དང་། རྟ་སྒ་དང་རྟ་སྲབ། སྲབ་མཐའ་དང་སྲབ་སྐྱོགས་སོགས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ལས་ཐོན་པའི་བཅའ་ལག་ཀྱང་འཚོང་བཞིན་འདུག

         ཉིན་དྲུག་གི་དུས་ཚོད་ནི་སྐད་ཅིག་་ཙམ་དུ་འདས་སོང་ལ། ད་ནི་ཐེངས་འདིའི་རྟ་རྒྱུག་འགྲན་ཚོགས་དང་མི་འདོད་བཞིན་དུ་གྱེས་ཕྱག་འབུལ་དགོས་བྱུང་། ཟླ7པའི་ཚེས24ཉིན་ལ། མཛོད་དགེ་རྫོང་ཨ་མདོ་རྟ་རྒྱུག་མི་རིགས་སྲོལ་བཟང་ཡར་སྐུལ་མཐུན་ཚོགས་ཀྱི་སྐབས་དྲུག་པའི་ཨ་མདོའི་རྟ་རྒྱུག་འགྲན་ཚོགས་དེ་མགོ་བཀྲ་ཤིས་ཤིང་མཇུག་བདེ་ལེགས་ངང་བསྒྲིལ་བྱུང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1