ཞི་ཅིན་ཕིང་རུ་ཝང་ཏའི་ཙུང་ཐུང་གིས་བསྡུས་པའི་དགའ་བསུ་མཛད་སྒོར་ཞུགས།

རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།ཤིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 07-26


        ས་དེའི་དུས་ཚོད་ཟླ7པའི་ཚེས23ཉིན་གྱི་སྔ་དྲོར། རུ་ཝང་ཏའི་ཙུང་ཐུང་ཁཱ་ཅ་མའེ་ཡིས་མཛད་སྒོ་བསྡུས་ནས། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རུ་ཝང་ཏ་ལ་རྒྱལ་དོན་འཚམས་འདྲི་བྱས་པར་དགའ་བསུ་ཞུས། དེ་ནི་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཡིས་ཐོག་མར་ཨ་ཧྥེ་རི་ཁའི་སྐམ་སའི་དབུས་ཁུལ་གྱི་རྒྱལ་ཁབ་ལ་འཚམས་འདྲི་བྱས་པ་ཡིན་ལ། རུ་ཝང་ཏ་ནི་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ད་ལྟ་ལས་འགན་ཁུར་བའི་རེས་མོས་ཀྲུའུ་ཞི་རྒྱལ་ཁབ་ཡིན་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེངས་འདིར་འཚམས་འདྲི་བྱས་པ་དེས་ཀྲུང་གོ་དང་རུ་ཝང་ཏ་བར་གྱི་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏོང་ཐུབ་པ་མ་ཟད། ཀྲུང་གོ་དང་ཨ་ཧྥེ་རི་ཁ་བར་གྱི་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་ཐད་རོགས་འདེགས་བྱེད་ཐུབ་ལ། ཟླ་དགུ་བར་བསྡུ་རྒྱུ་ཡིན་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིན་མཐོ་རིམ་གླེང་སྟེགས་ཐད་ཐུན་མོང་གི་ལྟ་བ་སྔར་ལས་མང་པོ་གྲུབ་པར་བྱེད་ཐུབ།

        ཞི་ཅིན་ཕིང་རླངས་འཁོར་ལ་བསྡད་དེ་ཙུང་ཐུང་བཞུགས་ཤག་ཏུ་ཕེབས་སྐབས། ས་དེའི་མང་ཚོགས་རྣམས་ཀྱིས་སྟེང་དུ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་དཔར་བའི་ལྭ་བ་གྱོན་ནས་ཞི་ཅིན་ཕིང་ལ་དགའ་བསུ་བྱས།

        ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ཙུང་ཐུང་བཞུགས་ཤག་ཏུ་འབྱོར་སྐབས། ཙུང་ཐུང་ཁཱ་ཅ་མའེ་དང་ལྕམ་མོ་ཀྲིན་ཉིས་ཐི་གཉིས་ཀྱིས་སྔོན་བསུ་བྱས་པ་དང་། དམག་དཔུང་རོལ་ཆའི་རུ་ཁག་གིས་ཀྲུང་གོ་དང་རུ་ཝང་ཏ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ། ཁཱ་ཅ་མའེ་ཡིས་འགྲོ་རོགས་འོག ཞི་ཅིན་ཕིང་གིས་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་མཛད། ཞི་ཅིན་ཕིང་དང་ཕིན་ལིས་ཡོན་གཉིས་ཀྱིས་རུ་ཝང་ཏའི་དཔོན་པོ་གཙོ་བོར་ལག་འཇུ་བྱས་པ་དང་། ཁཱ་ཅ་མའེ་བཟའ་ཟླ་གཉིས་ཀྱིས་ཀྱང་ཀྲུང་གོ་ཕྱོགས་ཀྱི་འགྲོ་རོགས་མི་སྣ་དང་ལག་འཇུ་བྱས། མི་རིགས་ཀྱི་གྱོན་ཆས་གྱོན་པའི་ས་དེའི་མང་ཚོགས་ཀྱིས་ཁྱད་ཆོས་ལྡན་པའི་རུ་ཝང་ཏའི་བྲོ་གར་དང་རོལ་རྔའི་འཁྲབ་སྟོན་བརྒྱུད་དེ། ཞི་ཅིན་ཕིང་གིས་འཚམས་འདྲི་མཛད་པར་དགའ་བསུ་ཞུས།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1