གཙོ་ངོས།>> སི་ཁྲོན་བོད་ཁུལ།>>དཀར་མཛེས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༧ཚེས་༢༧ཉིན།

དཀར་མཛེས་ཁུལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་ཁྲེན་ཏུའུ་རུ་འགྲེམ་སྟོན་བྱས།

ལྟད་མོ་བ་ཚོས་གཟུགས་མེད་རིག་གནས་ཤུལ་བཞག་སྐོར་གླེང་བ།

    སྤྱི་ཟླ7པའི་ཚེས12ཉིན་གྱི་སྔ་དྲོའི་ཆུ་ཚོད9དང་སྐར་མ30ཐོག་ཞིང་ཆེན་མཛེས་རྩལ་ཁང་གི་ཐོག་བརྩེགས་དང་པོའི་ཚོམས་ཆེན་དུ་མིའི་སྐད་སྒྲ་ཡིས་ཁེངས་པ་རེད། དཀར་མཛེས་ཁུལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྗོད་བྱ་གཙོ་བོའི་འགྲེམ་སྟོན་ཁྱབ་བསྒྲགས་ཚོགས་འདུ་དངོས་སུ་འཚོག་འགོ་བཙུགས་ནས་ལྟད་མོ་བར་སྒོ་ཕྱེ་བ་རེད། འགྲེམ་སྟོན་ཁང་ནང་འོད་ཆེམ་ཆེམ་དུ་འཕྲོ་བའི་གེ་སར་ཟངས་སྐུའི་རྫིག་ཉམས་མངོན། བོད་ཡིག་གི་གནའ་རྩོམ་གྲལ་སྟར་བསྒྲིགས་ནས་བཤམས། ཐང་ག་རི་མོའི་རྩེ་གྲའི་མཛེས་རྩལ་སྟོན། རིག་གནས་གསར་སྐྲུན་གྱི་ཐོན་རྫས་ཕུན་སུམ་ཚོགས་པོ་ཡོད་པས་དཀར་མཛེས་ཁུལ་གྱི་ཁྱད་ཆོས་ལྡན་པའི་འགྲེམ་སྟོན་དངོས་རྫས་སྣ་མང་ལྟད་མོ་ཚོའི་སྤྱན་ལམ་དུ་ཕུལ་བ་རེད།

    ལས་སྒྲུབ་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། འགྲེམ་སྟོན་ཁང་གི་རྒྱ་ཁྱོན་སྨི550ཡོད་ཅིང་། འགྲེམ་སྟོན་བྱེད་པའི་ནང་དོན་ལ་དཀར་མཛེས་ཁུལ་གྱིས་གཟུགས་མེད་རིག་གནས་ཤུལ་བཞག་དར་སྤེལ་རྒྱུན་འཛིན་བྱས་པའི་དར་སྲོལ་དང་། དཀར་མཛེས་ཁུལ་གྱིས་རང་ངོས་གདེང་ཚོད་མཚོན་པའི་སྒྱུ་རྩལ་གྱི་བརྗོད་བྱ་གཙོ་བོ་གཉིས་དང་། གེ་སར་གྱི་བརྗོད་བྱ་གཙོ་བོའི་གཟུགས་མེད་རིག་གནས་ཤུལ་བཞག་གི་འགྲེམ་སྟོན་དང་། ཁམས་པའི་རིག་གནས་ཀྱི་རིག་གནས་གསར་སྐྲུན་གྱི་བརྩམས་ཆོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་བའི་འདུ་ཤེས་ཀྱི་བརྗོད་བྱ་གཙོ་བོའི་རིག་གནས་གསར་སྐྲུན་གྱི་བརྩམས་ཆོས་བཅས་གྲུབ་ཆ་གསུམ་བགོད་ཡོད་པ་རེད།

    དེའི་ནང་གཟུགས་མེད་རིག་གནས་ཤུལ་བཞག་དཀར་མཛེས་ཁུལ་གྱིས་དར་སྤེལ་རྒྱུན་འཛིན་གྱི་དར་སྲོལ་ནང་གཙོ་བོ་གེ་སར་གྱི་བརྗོད་བྱ་གཙོ་བོ་བྱེད་པའི་འགྲེམ་སྟོན་བྱེད་པ་དང་། བོད་ཡིག་གི་ཡིག་གཟུགས་དང་། ཐང་ག་ཀརྨ་སྒར་བྲིས། གེ་སར་སྒྲུང་གི་གནའ་གཞུང་དང་གསུང་འབུམ་སོགས་ལས་གྲུབ་པ་རེད། དཀར་མཛེས་ཁུལ་གྱིས་རང་ངོས་གདེང་ཚོད་མཚོན་པའི་སྒྱུ་རྩལ་གྱི་བརྗོད་བྱ་གཙོ་བོའི་འགྲེམ་སྟོན་ནང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བུའི་རིན་ལྟ་བའི་འདུ་ཤེས་མཚོན་པའི་རིག་གནས་གསར་སྐྲུན་གྱི་བརྩམས་ཆོས་སོགས་ལས་གྲུབ་པ་དང་གཙོ་བོ་ལྕགས་རིགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་དང་། ཁུ་ལུ་དང་བལ་ལས་བཟོ་པའི་སྣམ་བུའི་བཟོ་རྩལ། ཁྱད་ཆོས་ལྡན་པའི་གོས་རྒྱན། དེ་བཞིན་དུ་དེ་མིན་གྱི་དྲན་རྟེན་དངོས་རྫས། རིག་གནས་གསར་སྐྲུན་གྱི་ཐོན་རྫས་ཆུང་གྲས་ཆ་ཤས་འགྲེམ་སྟོན་བྱས་་ཡོད་པ་རེད། དཀར་མཛེས་ཁུལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྗོད་བྱ་གཙོ་བོའི་འགྲེམ་སྟོན་ཁྱབ་བསྒྲགས་བྱས་པ་ནས་བཟུང་ཞིང་ཆེན་སྒྱུ་རྩལ་ཐོག་བརྩེགས་ཁང་ཆེན་མོའི་ཚོམས་ཆེན་དུ་ལྟད་མོ་ལྟ་ས་འོང་མཁན་ཆུ་རྒྱུན་ནང་བཞིན་རེད། བསྡོམས་རྩིས་བྱས་པར་གཞིགས་ན། ཚེས15ཉིན་གྱིས་སྔ་དྲོར་དཀར་མཛེས་ཁུལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་འགྲེམ་སྟོན་ལ་ལྟ་སྐོར་བྱེད་དུ་ཡོང་མཁན་ཁྲི་ལས་བརྒལ་ཡོད་པ་རེད།

  རྒྱུན་འཛིན་བྱེད་མཁན་གྱིས་གཟུགས་མེད་རིག་གནས་ཤུལ་བཞག་སྐོར་གླེང་བ།

  རྒྱུན་ཆད་མེད་པར་ལྟ་སྐོར་བྱེད་དུ་ཡོང་མཁན་གྱི་མདུན་དུ་ལྷ་མོ་དང་སྐལ་རྡོ་སོགས་འགྲེམ་སྟོན་ནང་ཞུགས་པའི་རང་ཁུལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་སྐོར་གྱི་རྒྱུན་འཛིན་པས་བྲེལ་བ་ཆེ་ཡང་སེམས་སྐྱིད་པོའི་ངང་ལྟ་སྐོར་བར་དཀར་མཛེས་ཁུལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་འབྲེལ་ཡོད་ནང་དོན་འགྲེལ་བཤད་ཞིབ་ཕྲ་བྱེད་པ་དང་ཡུལ་དངོས་སུ་འཕེལ་རིམ་གསལ་སྟོན་བྱེད་བཞིན་འདུག ཁོ་ཚོས་སྔ་ཕྱི་བར་དུ་རང་ཉིད་ཀྱི་འགྲེམ་སྟོན་སྟེགས་བུའི་མདུན་དུ་ལངས་ཏེ་ལྟ་སྐོར་བྱེད་དུ་མཁན་མི་སྣར་དཀར་མཛེས་ཁུལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཛེས་སྡུག་ལྡན་པའི་ཉམས་འགྱུར་མངོན་སྟོན་བྱས་པ་རེད།

  ལྷ་མོ་ནི་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ལས་གཞིའི་བོད་ཀྱི་ཐང་ག་བཟོ་རྩལ་གྱི་ཀརྨ་སྒར་བྲིས་རི་མོ་བྲིས་སྟངས་ཀྱི་ཞིང་ཆེན་རིམ་པའི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་དང་གཞན་ཕན་སྒྲུབ་པར་དགའ་བའི་ཀྲུང་གོའི་མི་བཟང་ཡིན་པ་རེད། མིག་སྔར་བར་ཁོང་གིས་ཐང་གའི་རྒྱུན་འཛིན་པ་སྟོང་ལྷག་གསོ་སྐྱོང་བྱས་ཡོད་པར་མ་ཟད། ད་རུང་ཁྱིམ་ཚང་དབུལ་པོའི་སློབ་མ་སུམ་བརྒྱ་བཞི་བརྒྱའི་འཚོ་བའི་དཀའ་ངལ་སེལ་རོགས་བྱས་ཡོད་པ་རེད། 2017ལོར་ཁོང་གི་ཁྱིམ་ཚང་ལ་སྐབས་དང་པོའི་སི་ཁྲོན་ཞིང་ཆེན་གྱི་དཔལ་ཡོན་ཁྱིམ་ཚང་གི་མཚན་སྙན་ཐོབ་ཡོད།

   ལྷ་མོས་ཐེངས་དེའི་འགྲེམ་སྟོན་འདི་དཔེ་མེད་ཡག་པོ་ཡིན་རེད་ཐལ། ཐང་ག་དང་སྐུ་འདྲ། དཔེ་ཆ། པར་ཤིང་པར་སྐྲུན་གྱི་ལག་རྩལ་སོགས་འཐུས་ཚབ་རང་བཞིན་གྱི་གཅེས་ནོར་དང་རིག་གནས་གསར་སྐྲུན་གྱི་ཐོན་རྫས་སྣ་མང་སྟོན་ཡོད་པས་ལྟ་སྐོར་བའི་མིག་གི་བསོད་བདེ་བསྐངས་ཡོད་ཅིང་། རང་ཉིད་ཀྱིས་ཀྱང་ཕ་ཡུལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་ནང་དོན་ཞིབ་ཞིང་རྒྱ་ཆེ་བའི་མྱོང་ཚོར་སླར་ཡང་ཐེབས་བྱུང་ཞེས་བཤད་པ་རེད།

   སི་ཁྲོན་ཞིང་ཆེན་བཟོ་རྩལ་སྒྱུ་རྩལ་གྱི་མཁས་མཁས་ཆེན་སྐལ་རྡོ་ཡིས་འགྲེམ་སྟོན་ནང་རི་མོ་འབྲི་སའི་ཤོག་བུ་བདམས་པ་དང་བོད་ཡིག་གི་འབྲི་སྟངས་ཇུས་འགོད་བྱེད་ཞོར་དུ་ལྟད་མོ་བར་བོད་ཡིག་གི་ཡིག་གཟུགས་འབྲི་རྩལ་ངོ་སྤྲོད་བྱེད་བཞིན་འདུག སྐལ་རྡོ་ཡིས་ལོ་བཅུ་ལྷག་གི་སྔོན་དུ་བོད་ཡིག་གི་ཡིག་གཟུགས་འབྲི་མཁན་མི་སྣ་ད་རུང་ཧ་ཅང་ཉུང་ཉུང་ཡིན་པ་དང་། མགོ་ནས་མཇུག་བར་རྒྱུན་འཁྱོངས་བྱེད་མཁན་དེ་བས་ཉུང་བ་རེད། ད་ལྟར་འཕྲིན་འབྲེལ་དྲ་བས་བརྒྱུད་བསྒྲགས་བྱས་པར་བརྒྱུད། བོད་ཡིག་གི་འབྲི་སྟངས་དེ་རྣམ་པ་གསར་པའི་ཐོག་ནས་མི་རྣམས་ཀྱི་མིག་ལམ་དུ་ཤར་ནས་བོད་ཡིག་གི་འབྲི་སྟངས་ལ་དགའ་བ་དང་སློབ་སྦྱོང་བྱེད་མཁན་མི་སྣ་དེ་བས་མང་པོ་ཕྱིན་པ་དང་མི་ཇེ་མང་གི་ཡིག་དབང་འགུག་བཞིན་ཡོད་པ་འདི་ནི་བོད་ཡིག་གི་འབྲི་སྟངས་ལ་ཆ་བཞག་ནས་བཤད་ན་དགའ་འོས་པའི་དོན་དག་ཅིག་རེད། བོད་ཡིག་གི་འབྲི་སྟངས་ལ་དགའ་བར་མ་ཟད་ད་རུང་རྒྱུན་འཁྱོངས་བྱས་ཏེ་སྦྱོང་བརྡར་བྱས་ཐུབ་ན་ཡོན་ཚད་མཐོན་པོ་ཞིག་ཐོབ་ཐུབ་རྒྱུ་རེད་ཅེས་བཤད་པ་རེད།

   སྐལ་རྡོ་ཡིས་ད་རུང་བོད་ཁུལ་ཡོངས་ཀྱི་བོད་ཡིག་གི་འབྲི་སྟངས་ལ་རང་རང་སོ་སོའི་ཁྱད་ཆོས་ཡོད་མོད། འོན་ཀྱང་ཤོག་བུ་སྤྱོད་རྒྱུ་དང་། སྣག་ཚ་སྤྱོད་སྟངས། ཐམ་ག་རྒྱག་སྟངས་སོགས་ཀྱི་ཐད་ད་དུང་འབད་བརྩོན་བྱེད་དགོས་ས་འདུག དུས་མཚུངས་སུ་རང་ཉིད་ཀྱིས་ཀྱང་བོད་ཡིག་གི་འབྲི་སྟངས་ཐད་ནུས་ཤུགས་བཏོན་ནས་སང་ལོའི་ཟླ་བ6པར་གནའ་རབས་བོད་ཡིག་གི་འབྲི་སྟངས་ཚན་པ་གཉིས་པ་དེ་ལེགས་འགྲུབ་བྱས་ཏེ་དེ་རྒྱལ་སྤྱིའི་སྟེགས་བུའི་ཐོག་འགྲེམ་སྟོན་བྱེད་གང་ཐུབ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

   གཟུགས་མེད་རིག་གནས་ཤུག་བཞག་འགྲེམ་སྟོན་བྱེད་ཁོངས་ཡོངས་སུ་དགའ་དགའ་སྐྱིད་སྐྱིད་དང་འཆམ་མཐུན་གྱི་རྣམ་པས་ཁེངས་པར་ཁམས་པའི་རིག་གནས་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་དབྱང་ཧྲེན་གྱི་ཐུགས་སུ་ཧ་ཅང་དགྱེས་པ་རེད། ཁོང་གིས་མི་རིགས་ཀྱི་རིག་གནས་ཡིན་ན་འཛམ་གླིང་གི་རིག་གནས་ཀྱང་ཡིན། ང་ཚོས་འགྲེམ་སྟོན་བྱེད་པའི་རྣམ་པའི་ཐོག་ནས་དཀར་མཛེས་ཁུལ་གྱི་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་དེ་གྲོང་ཁྱེར་དུ་བཤམས་ནས་མི་དེ་བས་མང་པོར་དཀར་མཛེས་ཁུལ་གྱི་རིག་གནས་ལ་དགའ་ཞེན་བྱེད་དུ་འཇུག་དགོས་པ་དང་། རང་ཁུལ་ལ་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པའི་མཐུན་རྐྱེན་ལ་དམིགས་ཏེ་ཕྱིན་ཆད་ལའང་ཐེངས་འདི་ནང་བཞིན་འགྲེམ་སྟོན་རིགས་ཐེངས་མང་པོ་བྱས་ཏེ་དུས་ཚོད་དང་གོ་སྐབས་མང་པོ་སྤྱད་དེ་རང་ཁུལ་གྱི་ཕུལ་བྱུང་གི་མི་རིགས་རིག་གནས་དེ་མི་རྣམས་ལ་སྟོན་དགོས་པ་དང་མི་ཚང་མར་ལོངས་སུ་སྤྱོད་འཇུག་དགོས་པའི་རེ་འདུན་ཡོད་ཅེས་བཤད་པ་རེད།། 


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1