དྲྭ་ལམ་མིང་བརྡ་གསར་པའི་སྐོར་ལ་རགས་ཙམ་དཔྱད་པ།

འཇིགས་མེད། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-03


འཕྲིན་སྦྱོར་དུས་རབས་སུ་སླེབས་པ་དང་བསྟུན་ནས། མང་ཚོགས་ལ་སྣ་མང་རིག་གནས་ཀྱི་ཁོར་ཡུག་གཅིག་མཁོ་སྤྲོད་བྱས་ཡོད་པ་དང་། དྲྭ་ལམ་མིང་བརྡ་གསར་པ་(འདི་ནས་གཙོ་བོ་རྒྱ་ཡིག་ལ་གོ་བ་ཡིན།)ནི་དྲྭ་བ་དང་འཕྲིན་སྦྱོར་གསར་པར་བརྟེན་ནས་བྱུང་བའི་མིང་བརྡ་གསར་པ་ཞིག་ཡིན་པ་དང་། མང་ཚོགས་ཀྱིས་མ་གྲོས་རང་མོས་ཀྱིས་བཀོལ་སྤྱོད་བྱས་པའི་མིང་ཚིག་དག་ལ་གོ། མི་རྣམས་ཀྱི་འབྲེལ་འདྲེས་ཁྲོད་སྤྱོད་ཚད་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་གཞོན་རབས་པའི་ཁྲོད་དུ་དེ་བས་དར་ཁྱབ་ཆེ་བ་ནི་ཀུན་གྱིས་ཤེས་གསལ་བཞིན་ཡིན། དྲྭ་ལམ་མིང་བརྡ་གསར་པ་དེ་དག་བརྡ་སྤྲོད་ཀྱི་གཞུང་ལུགས་དང་ཚིག་གི་སྡེབ་སྦྱོར་དང་མཐུན་མིན་ཅི་རིགས་ཡོད་ནའང་། བརྒྱུད་སྤེལ་དང་འཕེལ་རྒྱས་ཆོས་ཉིད་ལ་བརྩི་བཀུར་བྱ་དགོས། དེ་རྣམས་ཇི་ལྟར་བོད་ཡིག་ལ་བསྒྱུར་ན་ལེགས་པའི་སྐོར་ལ་བགྲོ་གླེང་ཅུང་ཟད་བྱ།
དང་པོ། བོད་རང་གི་སྐད་བརྡ་དང་བརྡ་སྤྲོད་དང་བསྟུན་དགོས།
སྤྱིར་མི་རིགས་སོ་སོར་སྐད་ཡིག་ཡོད་མེད་ཀྱི་ཁྱད་པར་ཡོད་ཀྱང་སྐད་རིགས་གང་དང་གང་ཞིག་ཡིན་རུང་རང་གི་བརྡ་སྤྲོད་ལུགས་ཀྱི་རྣམ་གཞག་ཡོད་པ་ཡིན། དེར་བརྟེན། དྲྭ་ལམ་གྱི་མིང་ཚིག་གསར་པ་ཚུར་བོད་ཡིག་དུ་བསྒྱུར་བའི་སྐབས་སུ་ངེས་པར་དུ་བོད་རང་གི་སྐད་བརྡ་བརྡ་སྤྲོད་རིག་པ་དང་བསྟུན་དགོས་པ་ནི་གདོན་མི་ཟའོ། ། ཆེས་རྨང་གཞིར་གྱུར་བའི་ལོ་ཙྭའི་ལག་ལེན་གྱི་སྒྲིག་སྲོལ་བརྩི་སྲུང་མ་བྱས་ན། ནང་དོན་ཧ་མི་གོ་ཞིང་དོན་ལ་མི་འབྱོར་བའི་སྐྱོན་མང་པོ་འབྱུང་སྲིད། དཔེར་ན། རྒྱ་ཡིག་གི་དྲྭ་ལམ་མིང་ཚིག་གསར་པ次饭ཞེས་པ་ནི་吃饭ནང་དོན་ཡིན་པ་དང་། དེ་བོད་ཡིག་ལ་ཐད་ཀར་ཟ་ཟ་མ་ཞེས་བསྒྱུར་ན་གོ་རྒྱུ་ཅི་ཡང་མེད་པར་གྱུར་བ་རེད། ཟ་མ་ཟ་ཞེས་བསྒྱུར་ན་བོད་རང་གི་བརྡ་སྤྲོད་རིག་པ་དང་མཐུན་པ་དང་ཀློག་པ་པོ་དང་ལྟ་མཁན་ཚོས་གོ་ཐུབ་པ་རེད།
གཉིས་པ། བོད་རང་གི་མི་རིགས་རིག་གནས་དང་གོམས་གཤིས་ལ་དང་མཐུན་དགོས།
སྤྱིར་འཛམ་གླིང་གི་ཡང་རྩེ་ཞེས་གྲགས་པའི་མདོ་དབུས་མཐོ་སྒང་འདིར། ལོ་ངོ་སྟོང་ཕྲག་མང་པོའི་རིང་རང་གི་རིག་གནས་གོམས་སྲོལ་ཆགས་ཡོད་པ་ཡིན། རིག་གནས་གོམས་སྲོལ་ནི་མི་རིགས་གང་དེའི་སྐད་ཡིག་དང་འདུ་ཤེས་སོགས་ལ་ཐད་ཀར་འབྲེལ་ཡོད་པས། དྲྭ་ལམ་གྱི་མིང་ཚིག་བོད་ཡིག་ཏུ་བསྒྱུར་བའི་སྐབས་སུ་རང་མི་རིགས་ཀྱི་རིག་གནས་གོམས་གཤིས་ལ་འཚམ་དགོས། དཔེར་བཞག་ན། ཤར་ཕྱོགས་ཀྱི་མི་རིགས་མང་པོ་ནུབ་ཕྱོགས་མི་རིགས་ལས་ཅུང་ངོ་ཚ་ཆེ་བའི་མི་རིགས་ཞིག་ཡིན་པས། རྒྱ་ཡིག་གི་དྲྭ་ལམ་མིང་བརྡ་ཁག་ཅིག་ཁོང་ཚོས་ཐད་ཀར་喜欢你དེ་稀饭你བརྗོད་བཞིན་ཡོད་པས་ཅུང་དགོད་སྤྲོ་བ་དང་ཚིག་གི་ངོ་གདོང་ལས་བརྗོད་བྱ་ལྐོག་འགྱུར་ལྟ་བུར་འགྱུར་ཡོད། སྐབས་བབ་ཀྱི་སྐད་ཆའི་ཁོར་ཡུག་དང་སྤྱོད་རྒྱུན་རིང་བ་དང་བསྟུན་ནས་ནང་དོན་ཅུང་གཏན་འཇགས་ཀྱི་མིང་བརྡའམ་ཚིག་གྲུབ་ཏུ་གྱུར་བ་རེད། བོད་སྐད་དུ་བསྒྱུར་བའི་སྐབས་སུའང་བོད་རང་གི་མི་རིགས་རིག་གནས་གོམས་སྲོལ་དང་མཐུན་པ་ནི་ཤིན་དུ་གལ་ཆེ་སྙམ། དཔེར་ན། ཁྱོད་ལ་དུངས་དང་ཁྱོད་ལ་དགའ་ཞེས་བརྗོད་ན་གཉིས་ཀ་འགྲིག་མོད། ཡང་འདིའི་སྐབས་སུ་ཁྱེད་ལ་དུང་ཞེས་བརྗོད་ན་ལེགས་པར་བསམ།
གསུམ་པ། དྲྭ་ལམ་མིང་བརྡ་གསར་པ་དང་ལེན་བྱེད་པ་ནི་བོད་ཡིག་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་གཞི་རྒྱུ་ཡིན།
དྲྭ་ལམ་གྱི་མིང་ཚིག་གསར་པ་ནི་དེང་རབས་བོད་སྐད་ཡིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་བོད་སྐད་ཡིག་ལའང་གཞི་རྒྱུ་གསར་པ་བསྣན་པ་རེད། སྐད་ཡིག་ནི་ངེས་པར་དུ་དུས་རབས་ཀྱི་གོམ་འགྲོས་དང་བསྟུན་དགོས་པ་ཡིན་ཞིང་། འབྲེལ་འདྲེས་ཀྱི་དམིགས་བྱ་འགྲུབ་པར་བརྩོན་པ་ཡིན་པས། དྲྭ་ལམ་གྱི་མིང་ཚིག་གསར་པ་དག་ནི་ལོ་འདི་འགའི་རིང་དུ་མགྱོགས་མྱུར་གྱི་ང་ཚོའི་འཚོ་བར་སིམ་ནས་མི་རྣམས་ཀྱིས་དང་ལེན་དང་བཀོལ་སྤྱོད་བྱེད་བཞིན་ཡོད་པ་རེད། དེ་དག་ལ་འཕེལ་རྒྱས་མགྱོགས་པ་དང་གཏན་འཇགས་མིན་པའི་ཁྱད་ཆོས་ལྡན་པས་ཚད་ལྡན་གྱི་ཚིག་མཛོད་སོགས་ཀྱིས་ནང་དུ་འཁོད་མེད་རུང་། དྲྭ་ལམ་མིང་ཚིག་ནི་བོད་ཡིག་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་འགྱུར་ཡོད་པ་ནི་ང་ཚོས་ངེས་པར་དུ་དང་ལེན་བྱ་དགོས་པའི་དོན་དངོས་ཞིག་ཏུ་འགྱུར་འདུག དེ་མིན་སྐད་ཡིག་དང་སྤྱི་ཚོགས་གཉིས་ཀྱི་བར་ཐག་ཇེ་རིང་དུ་འགྲོ་སྲིད་ལ། རྒྱ་བོད་གང་ཡིན་རུང་ངེད་གཉིས་ཀྱིས་འགྲན་བསྡུར་བྱེད་ཅེས་པ་དེར་གཞོན་སྐྱེས་མང་པོས་ངེད་གཉིས་ཀྱིས་PKབྱེད་ཟེར་གྱིན་ཡོད། pkནི་དབྱིན་ཇི་ནང་གི་play killerཞེས་པ་ཡིན། ཡང་གཅིག་བཤད་ན། རྒྱ་ཡིག་གི་དྲྭ་ལམ་མིང་ཚིག་ནང་གི་么么哒ཞེས་པ་དེ་བོད་པའི་ན་གཞོན་ཁ་ཤས་ཀྱིས་མཱོ་མཱོ་ཏ་ཞེས་ཐད་ཀར་དུ་བཀོལ་སྦྱོད་བྱེད་བཞིན་ཡོད། དེ་དག་ནི་སྲོལ་རྒྱུན་གྱི་བོད་ཡིག་བོད་སྐད་དང་བསྡུར་ན་འགལ་བ་ཡིན་མོད། སྐབས་བབ་ཀྱི་སྐད་ཆའི་ཁོར་ཡུག་ཁྲོད་འབྲེལ་འདྲེས་ཀྱི་ནུས་ཆོད་ལྡན་པས་དེ་ལ་སྤྱི་ཚོགས་འབྲེལ་འདྲེས་ཀྱི་ནུས་པ་ཡོད་པར་གྱུར་བ་རེད། དེའང་གཙོ་བོ་དྲྭ་ལམ་གླེང་མོལ་གྱི་སྟབས་བདེ་ཅན་དང་མགྱོགས་མྱུར་ཅན་གྱི་བླང་བྱ་དང་འབྲེལ་བ་དམ་པོ་ལྡན་པ་ཡིན། དེ་བས་གང་ལྟར་དྲ་ལམ་གྱི་དྲྭ་ལམ་མིང་བརྡ་གསར་པ་བྱུང་བ་དང་ཤུགས་རྐྱེན་ལ་ཡང་དག་པས་ངོས་འཛིན་དང་དེང་རབས་བོད་ཡིག་མིང་བརྡའི་འབྲེལ་བ་ཡང་དག་པས་ཐག་བཅད་བྱས་ནས་བོད་ཡིག་གི་མིང་བརྡའི་ཁྲོད་དུ་བཀོལ་སྤྱོད་བྱེད་པ་ནི་ཤིན་དུ་གལ་ཆེའོ། དྲྭ་ལམ་གྱི་མིང་ཚིག་གསར་པས་ཕྱོགས་གཅིག་ནས་བོད་ཡིག་མ་ལག་གི་ཚད་ལྡན་ཅན་དང་སྤྱི་ཡོངས་ཅན་ལ་ཤུགས་རྐྱེན་ངེས་ཅན་ཐེབས་རུང་། ཕྱོགས་གཞན་ཞིག་ནས་དེང་རབས་བོད་ཡིག་ཕུན་སུམ་ཇེ་ཚོགས་སུ་འགྱུར་བའི་གཞི་རྒྱུ་ཞིག་དུ་འགྱུར་ཡོད་པ་ནི་ང་ཚོས་ངེས་པར་དུ་ཁས་ལེན་དགོས་པ་ཞིག་ཡིན། ཨ་རིའི་དབྱིན་ཇི་ཁྲོད་དུ་ལི་སྐད་མང་པོ་ཡོད་པ་དང་དེ་དག་ནི་ཨ་རིའི་འཚོ་བའི་ཁྲོད་སྤྱོད་ཆེ་བའི་མིང་ཚིག་ཡིན་པ་རེད། སྐད་བརྡ་རིག་པའི་གཞུང་ལུགས་ཀྱི་རྣམ་གཞག་དང་མི་མཐུན་པའི་མིང་ཚིག་མང་པོ་ཚད་ལྡན་གྱི་ཚིག་མཛོད་ཁྲོད་དུ་མ་རྙེད་ནའང་། དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ལི་སྐད་མང་པོ་བཤད་བཞིན་ཡོད་པས་འདྲེས་ལོབས་མེད་པའི་མི་ཞིག་ལ་མཚོན་ན་ནང་དོན་གོ་ཁག་པོ་ཡིན་པ་ཡིན།
མདོར་ན་བོད་ཡུལ་དུ་དྲྭ་བ་དར་ཁྱབ་ངེས་ཅན་སོང་ཡོད་པ་དང་སྤྱོད་མཁན་ཡང་མང་པོ་ཡོད་རོང་། མི་རིགས་གཞན་པ་དང་བསྡུར་ན་སྤྱོད་ཚད་ཀྱིས་སྟེང་ནས་བར་ཐག་ངེས་ཅན་ཞིག་ཡོད་པ་རེད། ཐད་ཀར་བོད་ཡིག་གི་དྲྭ་ལམ་མང་བརྡ་གསར་བ་ད་རོང་མེད་ཞེས་བཤད་དཀའ་མོ་ཡིན། ད་ལྟ་དྲྭ་ལམ་གྱི་ཡོ་བྱད་མང་པོ་ཞིག་རྒྱ་ཡིག་གི་ལམ་ནས་མཚོན་པ་ཡིན་པས་ང་ཚོར་འཕྲད་པ་ནི་རྒྱ་ཡིག་གི་དྲྭ་ལམ་དྲྭ་ལམ་མིང་བརྡ་གསར་པ་དེ་རྣམས་བོད་ཡིག་དུ་ཇི་ལྟར་བསྒྱུར་བས་གནད་དོན་ཡིན་པ་དང་། ང་ཚོས་རིག་གནས་སྣ་མང་དང་སྐད་ཡིག་སྣ་མང་བརྗོད་སྟངས་སྣ་མང་། མཚོན་ཐབས་གསར་པ་སོགས་ཀྱི་སྐད་ཆའི་ཁོར་ཡུག་ལ་རྒྱུས་ལོན་དང་དེའི་དགོས་མཁོ་ལ་དམིགས་ནས་དེའི་མཐུན་གྱི་མིང་བརྡ་དག་བོད་ཡིག་ལ་ཅི་ལྟར་བསྒྱུར་བ་དང་། བསྒྱུར་ཟིན་པའི་མིང་བརྡ་དག་ཇི་ལྟར་བོད་ཀྱི་དྲ་འཇུག་བྱེད་མཁན་རྣམས་ཀྱི་དང་ལེན་དང་ཚེགས་པར་མེད་པར་བཀོལ་སྤྱོད་བྱེད་པ་སོགས་ལ་བསམ་བློ་གཏོང་བ་ནི་སྐབས་བབ་ཀྱི་སྐད་ཡིག་དང་ལོ་ཙཱའི་ལས་དོན་ཞིག་ཏུ་འཁུམས་པས་ན་ཀུན་གྱི་དོ་སྣང་ཡོད་པར་ཞུ། །  
◆ རྩོམ་པ་པོ། འཇིགས་མེད། སི་ཁྲོན་ཏང་གི་འཛུགས་སྐྲུན་དུས་དེབ་ཁང་།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1