གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༨ཚེས་༠༩ཉིན།

ཚོད་ལྟ་ཚོང་གཉེར་བྱེད་བཞིན་པའི་ནོར་ནོར་བྱིས་སྒྲུང་ཁང་།


          ནོར་ནོར་གྱིས་སྒྲུང་ཉན་པ་ཞེས་པ་དེ་ནི་སྐད་འཕྲིན་སྤྱི་སྟེགས་ཐོག་གི་བོད་སྐད་ཀྱི་བྱིས་སྒྲུང་ལེ་ཚན་ཞིག་ཡིན་པ་དང་།  དེའི་ནང་འཛམ་གླིང་ས་ཕྱོགས་གང་སའི་ཕུལ་བྱུང་གི་བྱིས་སྒྲུང་བསྡུ་རུབ་བྱས་ནས་བྱིས་པའི་རྩོམ་རིག་མཁས་དབང་གིས་ལེགས་སྒྲིག་བྱས་ཐོག  ཆེད་ལས་ཀྱི་སྒྲ་འཇུག་མི་སྣ་དང་གཞས་གདངས་སྒྲིག་བཟོ་བ་གདན་ཞུ་བྱས་ནས་བོད་ཀྱི་བྱིས་པ་རྣམས་ལ་ཆེད་མངགས་ཕུལ་བའི་སྒྲ་ཕབ་ཀྱི་སྒྲུང་གཏམ་ར་བ་ཞིག་ཡིན། 

          ནོར་ནོར་གྱིས་སྒྲུང་ཉན་པ་ཞེས་པར་དོ་སྣང་འཇོག་ཤུགས་ཆེ་རུ་གཏོང་རྒྱུ་དང་།  བྱིས་པའི་བསམ་པའི་བཀོད་པ་དང་ཡ་མཚན་གྱི་སྣང་བ་སྔོག་འདོན་བྱེད་ཆེད།  འབྲེལ་ཡོད་འགན་འཁུར་མི་སྣས་མ་དངུལ་ཁ་ཐང་བའི་གནས་ཚུལ་འོག་བར་སྐོར་ཚོང་གྲོང་ནང་ནོར་ནོར་བྱིས་སྒྲུང་ཁང་ཞེས་པ་བཙུགས་ནས་སྤྱི་ཟླ་བདུན་པའི་ཚེས ༢༨ ཉིན་ནས་སྤྱི་ཟླ་བརྒྱད་པའི་ཚེས ༡༡ ཉིན་བར་ཚོད་ལྟའི་ཚོང་གཉེར་བྱེད་རྒྱུ་དང་།  གཟའ་མཇུག་ཏུ་ཆེད་ལས་ཀྱི་སྒྲ་འཇུག་མི་སྣ་དང་བུ་བཅོལ་ཁང་གི་དགེ་རྒན་སོགས་དང་བླངས་པ་ཚོས་རང་འགུལ་ངང་བྱིས་སྒྲུང་ཁང་དུ་ཕེབས་ནས།  བྱིས་པ་ཚོར་རྒྱས་སྲས་ཆུང་ཆུང་ཞེས་པ་སོགས་སྙན་འཇེབས་ལྡན་ལ་བརྩེ་གདུང་ཟབ་པའི་བྱིས་སྒྲུང་རེ་རེ་བཞིན་ཀློག་གནང་གི་ཡོད་པ་དང་བྱིས་པ་ཚོས་ལྷན་དུ་དཔེ་དེབ་ལ་ལྟ་རྒྱུ་ཡོད་པས་སྒྲུང་ནང་གི་མི་སྣ་སོགས་མིག་ལམ་དུ་མངོན་སུམ་འཆར་བའི་སྣང་བ་ཞིག་སྟེར་ཐུབ་ཀྱི་ཡོད།

          བྱིས་སྒྲུང་འདི་དག་བརྒྱུད་བྱིས་པས་བོད་སྐད་ཡིག་སློབ་སྦྱོང་བྱེད་རྒྱུར་རམ་འདེགས་དང་འཚོ་བའི་གོམས་གཤིས་བཟང་པོ་ཞིག་ཆགས་རྒྱུར་ཕན་པ་ཆེན་པོ་ཐོན་རྒྱུ་རེད་ལ།  བྱིས་པའི་སེམས་ཁམས་ཀྱི་ཞིང་སའི་དབུས་སུ་བྱམས་དང་བརྩེ་བའི་ས་བོན་ཞིག་བཏབ་སྟེ་བྱིས་པ་རྣམས་ལུས་བདེ་སེམས་སྐྱིད་ངང་འཚར་ལོངས་ཡོང་རྒྱུར་ཕན་པ་ཡང་སྐྲུན་རྒྱུ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1