༄༅།། ཕྱུགས་ལས་རྨང་གཞིའི་ཤེས་བྱ།

མི་རིགས་རྩོམ་སྒྲིག་ཁང་། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-17



   ལུག་རྒྱུད་གོང་དུ་སྤེལ་བའི་བྱ་ཐབས།
   ལུག་རྒྱུད་སྤེལ་བའི་བྱ་ཐབས་དེ་ལ་ཆེ་ཁག་གཉིས་སུ་དབྱེ་ཆོག་པ་སྟེ། གཅིག་ནི་རིགས་རྒྱུད་གཙང་མ་སྤེལ་གསོ་དང་ཅིག་ཤོས་ནི་རིགས་རྒྱུད་འདྲེས་མ་སྤེལ་གསོ་ཞེས་པ་ཁག་དེ་གཉིས་ཡིན། རིགས་རྒྱུད་གཙང་མ་སྤེལ་གསོ་ཞེས་པ་ནི་རིགས་རྒྱུད་གཅིག་པའམ་ཡང་ན་རིགས་གཅིག་རང་ཁོངས་སུ་ཕན་ཚུན་སྦྱོར་སྡེབ་བྱས་པའི་རྒྱུད་པར་ཟེར་གྱི་ཡོད་པ་དང་། རིགས་རྒྱུད་འདྲེས་མ་ཞེས་པ་ནི་རིགས་རྒྱུད་གཅིག་པ་མིན་པའམ་ཡང་ན་རིགས་རྒྱུད་མི་གཅིག་པའི་ནང་ཁོངས་སུ་ཕན་ཚུན་སྦྱོར་སྡེབ་བྱས་པའི་རྒྱུད་པར་ཟེར་བ་རེད། ལུག་གི་རིགས་རྒྱུད་གཙང་མ་སྤེལ་གསོ་བྱེད་པའི་དམིགས་ཡུལ་ནི་རྒྱུད་པ་རིགས་དེ་གཅིག་གི་ཕུལ་དུ་བྱུང་བའི་གཤིས་རྒྱུད་མུ་མཐུད་དུ་རྒྱུན་འཁྱོངས་དང་མཐོར་འདེགས་གཏོང་བ་དེ་ཡིན་ཞིང་། རང་རྒྱལ་གྱི་ས་གནས་སོ་སོས་རང་ཉིད་ཀྱི་རྒྱུད་གསོ་བྱས་པའི་རིགས་རྒྱུད་གཙང་མའི་ལུག་དཔེར་ན། ཤིན་ཅང་ལུག་དང་བྱང་ཤར་གྱི་བལ་འཇམ་ལུག་སོགས་རེད། ལུག་དེ་དག་ལ་རིགས་རྒྱུད་གཙང་མ་གསོ་སྤེལ་བྱེད་པའི་བྱ་ཐབས་དེ་སྤྱད་ཡོད། དེ་དང་དུས་མཚུངས་སུ་རང་རྒྱལ་དུ་ནང་འདྲེན་བྱས་པའི་ཕྱི་རྒྱལ་རིགས་རྒྱུད་ཀྱི་ལུག་དཔེར་ན། ལིང་གན་ལུག་དང་ལུའོ་མུའུ་ཉི་ལུག་སོགས་ཕུལ་དུ་བྱུང་བའི་རྒྱུ་སྤུས་ལྡན་པའི་རིགས་བཟང་ལུག་ལའང་རིགས་རྒྱུད་གཙང་མ་གསོ་སྤེལ་བྱེད་པའི་བྱ་ཐབས་དེ་སྤྱད་ཡོད། རང་རྒྱལ་གྱི་ཕུལ་དུ་བྱུང་བའི་ས་གནས་ཀྱི་རྒྱུད་བཟང་ལུག་དཔེར་ན། ཐན་དབྱང་ལུག་རྒྱུད་དང་ཧུའུ་ལུག་ལུག་རྒྱུད། རྔ་མ་ཐུང་བའི་ལུག་རྒྱུད་སོགས་ཡོད། ལུག་རྒྱུད་དེ་དག་གི་རྒྱུད་པ་ཁེར་གཙང་ཡོང་བའི་ཆེད་དུའང་རིགས་རྒྱུད་གཙང་མ་གསོ་སྤེལ་བྱེད་པའི་བྱ་ཐབས་སྤྱད་ཡོད། དེའང་གཙོ་བོར་རྒྱུད་འདེམས་རྒྱུད་སྦྱོར་དང་རྒྱུད་གཅིག་པའི་ཁྲོད་ནས་རྒྱུད་བཟང་གཅིག་བདམས་ནས་གསོ་སྤེལ་བྱེད་ཀྱི་ཡོད་པ་རེད། རིགས་རྒྱུད་འདྲེས་མ་གསོ་སྤེལ་བྱེད་པའི་དམིགས་ཡུལ་ནི་རིགས་རྒྱུད་དེ་ཕུད་པའི་ཕྱི་རོལ་གྱི་རིགས་རྒྱུད་གསར་པ་ནང་འདྲེན་བྱེད་པའམ་རིགས་རྒྱུད་འདྲེས་མའི་ཁྱད་འཕགས་འདོན་སྤེལ་བྱས་ནས་ཐོན་སྐྱེད་ཀྱི་གཤིས་རྒྱུད་བཟང་པོ་གོང་དུ་མཐོར་འདེགས་གཏོང་རྒྱུ་དེ་རེད། དཔེར་ན་ལུག་གི་རིགས་རྒྱུད་ག་གེ་མོ་ཞིག་རྩ་བའི་ཆ་ལ་དགོས་མཁོ་དང་མཐུན་ཀྱང་དེའི་གཤིས་རྒྱུད་ཁག་གཅིག་གི་ཐད་ཆ་མི་ཚང་བའི་གནས་ཚུལ་ཐོན་སྐབས་གཤིས་རྒྱུད་དེ་སྐབས་འཕྲལ་ཉམས་པ་སླར་གསོ་བྱེད་ཆེད། རིགས་རྒྱུད་དེའི་ཁྲོད་ཀྱི་མོ་ལུག་ཁག་གཅིག་བདམས་ནས་གཤིས་རྒྱུད་ལེགས་ཤིང་ཐོན་སྐྱེད་ཀྱི་ཁ་ཕྱོགས་མཚུངས་པའི་རིགས་རྒྱུད་གཞན་གི་ཕོ་ལུག་དང་སྦྱོར་སྡེབ་བྱེད་དགོས། ཡང་བསྐྱར་རིགས་རྒྱུད་འདྲེས་མའི་ལུག་གི་ཁྲོད་ནས་གཤིས་རྒྱུད་བཟང་བའི་ལུག་བདམས་ནས་རིགས་རྒྱུད་དེ་དང་རང་འཇགས་སུ་སྦྱོར་སྡེབ་བྱེད་དགོས། དེ་ལྟར་རིགས་རྒྱུད་ཁ་ཤས་ནང་སྦྱོར་བྱས་རྗེས་དེའི་ཁྲོད་ནས་གཤིས་རྒྱུད་ཕུལ་དུ་བྱུང་བའི་སོན་ལུག་འདེམས་སྒྲུག་བྱེད་དགོས། དེ་འདྲ་བྱས་ན་རིགས་རྒྱུད་འདྲེས་མའི་ལུག་སྤྱིའི་གཤིས་རྒྱུད་ལེགས་བཅོས་བྱུང་ཐུབ་པ་རེད། གཞན་ཡང་རིགས་རྒྱུད་འདྲེས་མའི་སྦྱོར་སྡེབ་བྱ་བ་ལའང་སྐྱེ་འཚར་བྱུང་བའི་རྒྱུད་འདྲེས་སྦྱོར་སྡེབ་དང་སྦུག་གསོའི་རྒྱུད་འདྲེས་སྦྱོར་སྡེབ། དཔལ་འབྱོར་གྱི་རྒྱུད་འདྲེས་སྦྱོར་སྡེབ་བཅས་རིགས་གསུམ་དུ་དབྱེ་རྒྱུ་ཡོད་པ་རེད།
   མངལ་འཁོར་བའི་མོ་ལུག་གསོ་ཚགས་ཐད་ཡིད་གཟབ་བྱེད་པ།
   མངལ་འཁོར་བའི་མོ་ལུག་ལ་ལུས་པོའི་དགོས་མཁོ་ལྟར་གྱི་འཚོ་བཅུད་འགན་ལེན་བྱེད་དགོས། མངལ་འཁོར་བའི་ཐོག་མའི་ཟླ་བ་གསུམ་གྱི་དུས་ཚོད་ལ་མངལ་འཁོར་སྔ་དུས་དང་། ཕྱི་མའི་ཟླ་བ་གཉིས་ཀྱི་དུས་ཚོད་ལ་མངལ་འཁོར་ཕྱི་དུས་ཟེར། མངལ་ལུག་གི་ལུས་པོའི་ལྗིད་ཚད་ཀྱི་བརྒྱ་ཆ་དགུ་བཅུ་ནི་མངལ་འཁོར་ཕྱི་དུས་སུ་གྲུབ་ཀྱི་ཡོད། དཔེར་ན་མངལ་འཁོར་ནས་ཟླ་བ་བཞི་ཕྱིན་པའི་མངལ་ལུག་གི་ཉིན་རེའི་ཆ་སྙོམས་ལྗིད་ཚད་འཕར་ཤུགས་ཁེ་བཞི་བཅུ་ནས་ལྔ་བཅུ་ཡིན་མོད། འོན་ཀྱང་ཟླ་བ་ལྔ་འགྲོ་མཚམས་ཁེ་བརྒྱ་དང་ཉི་ཤུ་ནས་བརྒྱ་དང་ལྔ་བཅུ་ཙམ་འཕར་འགྲོ་གི་ཡོད། དེ་དང་ཆབས་ཅིག་ཏུ་རུས་པ་སྐྱེ་འཚར་བྱེད་མགྱོགས་པས་མངལ་འཁོར་ཕྱི་མའི་མཐའ་མཇུག་གི་དུས་ཚོད་གསུམ་ཆ་གཅིག་གི་ནང་ལུག་མོར་འཚོ་བཅུད་ཀྱི་མཁོ་ཚད་བརྒྱ་ཆ་བཞི་བཅུ་ནས་བརྒྱ་ཆ་དྲུག་ཅུ་འཕར་བ་དང་། འཚོ་རྒྱུ་ཀལ་དང་ལིན་གྱི་མཁོ་ཚད་ལྡབ་ལོག་གཅིག་ནས་གཉིས་ཙམ་མང་དུ་གཏོང་དགོས་ཀྱི་ཡོད། དེར་བརྟེན་མངལ་གནས་མོ་ལུག་ལ་འཚོ་བཅུད་ཁ་གསབ་བྱེད་པའི་དུས་ཚོད་འཚམ་ཤོས་ནི་མངལ་འཁོར་ཕྱི་མའི་དགོས་མཁོ་ཆེ་ཤོས་ཀྱི་དུས་སུ་ཡིན། མངལ་འཁོར་སྔ་མའི་དུས་སུ་མོ་ལུག་སྔར་རྒྱུན་ནང་བཞིན་འཚོས་ནས་འཚོ་བཅུད་རང་མཁོ་རང་སྤྲོད་ཐུབ་པ་བྱེད་དགོས། མངལ་འཁོར་བའི་སྔ་དུས་རྩིང་བའི་གཟན་ཆས་སྟེར་ཀྱང་འཇུ་བྱེད་ནུས་པ་ཡག་པོ་ཡོད་པས་དེའི་སྐབས་མོ་ལུག་ལ་སྐམ་ཚྭ་ཁ་གསབ་བྱས་ཀྱང་ཆོག མངལ་འཁོར་ཕྱི་མའི་དུས་སུ་མོ་ལུག་ལ་སྐམ་ཚྭ་དང་སྔོ་གཟན་སྙལ་མའི་གཟན་ཆས་ལུག་རེར་ཉིན་རེར་སྤྱི་རྒྱ་དོ་ནས་གསུམ་བར་ཁ་གསབ་བྱེད་པ་ཕུད། ཆ་རྐྱེན་ཡོད་སར་གཟན་ཆག་སྤུས་དག་དང་རུས་ཕྱེ་སོགས་ཁ་གསབ་སྟེར་དགོས། མངལ་འཁོར་ཕྱི་དུས་སུ་ལུག་གི་གྲོད་པ་རིམ་བཞིན་ཆེ་རུ་འགྲོ་བས་བོང་ཚད་ཆེ་བའི་གཟན་ཆས་བསྟེར་རྒྱུ་མེད་པར་འཚོ་བཅུད་རིན་ཐང་ཆེ་ལ་བོང་ཚད་ཡང་ཆུང་བའི་གཟན་ཆས་ཁ་གསབ་སྟེར་དགོས། དེའི་སྐབས་མོ་ལུག་ལ་ཧམ་སྤུ་བརྒྱབ་པ་དང་རུལ་སྐྱོན་ཤོར་བ། འཁྱགས་ལ་ཐེབས་པའི་གཟན་རྩྭའི་རིགས་བསྟེར་རྒྱུ་མེད་ལ་འཁྱགས་ཆུ་གྲང་མོ་འཐུང་དུ་འཇུག་རྒྱུ་མེད། ལྷག་པར་དུ་མཚེ་ལུག་འཁོར་བ་དང་ལོ་གཅིག་སོན་མཚམས་ནས་ལུ་གུ་ཆགས་པའི་མོ་ལུག་ལ་དེ་བས་གསོ་ཚགས་ཡག་པོ་བྱེད་དགོས།
   ཕག་པའི་དབུགས་འཚང་བའི་ནད་འགོག་བཅོས་བྱ་ཐབས།
   དེང་སྐབས་མང་ཚོགས་མང་པོས་རང་ཉིད་ཀྱི་མཐུན་རྐྱེན་ལ་དམིགས་ནས་མ་དངུལ་གྲབས་གསོག་གིས་ཕག་པ་ཉོས་ཏེ་འཚོ་བར་ཕན་ཐབས་བྱེད་ཀྱི་ཡོད། འོན་ཀྱང་གསོ་ཉར་གྱི་ཐབས་ཤེས་མ་འདང་བའམ་ནད་རིམས་སྔོན་འགོག་བྱ་རྒྱུ་སོགས་མི་འདང་བའི་རྐྱེན་གྱིས་ཕག་པ་མང་པོར་དབུགས་འཚང་བའི་ནད་ཀྱིས་གནོན་ཏེ་ཤི་ཆད་བྱུང་ནས་ཁྱིམ་ཚང་སྒེར་ལ་དཔལ་འབྱོར་དང་བསམ་པའི་གྱོང་གུན་ཆེན་པོ་བཟོ་གི་ཡོད། འོ་ན་མིག་སྔར་ཕག་པའི་དབུགས་འཚང་བའི་ནད་དེའི་བཅོས་ཐབས་ལེགས་ཤོས་གང་ཡིན་ཞེ་ན་ནད་དེ་ཕོག་པའི་ཕག་པར་བ་དམ་སྣུམ་ཡག་ཤོས་སུ་འཛིན་པའི་རྩི་ཤིང་སྣུམ་དང་ཐུའུ་མེ་སུའུ་སྨན་ཕྱེ་བསྲེས་ནས་གར་ཚད་དེ་བརྒྱ་ཆ་བཅོ་ལྔ་ནས་ཉེར་ལྔ་ལ་ཟིན་པའི་སྣུམ་ཁུ་བཟོས་ཏེ་ཕག་པ་ཆེ་ཆུང་ལ་གཞིགས་ནས་ཕག་པའི་མཇིང་པའི་ཤ་གནད་ཐོག་སྨན་ཧའོ་ཧྲེང་གང་ནས་ལྔ་བར་བླུགས་པའི་སྨན་ཁབ་ཉིན་གཉིས་ནས་ཉིན་བཞིའི་རིང་ལ་ཉིན་རེ་ཐེངས་རེ་རྒྱག་དགོས། དེ་ནི་ནད་འདིར་རྣག་ཐོག་གཙབ་འཁེལ་གྱི་ཕན་འབྲས་ཐོན་ཐུབ། གཞན་ཡང་ནད་དེ་ཕྱི་རོལ་ནས་འགོས་པ་ཤས་ཆེ་བས་ཕག་པ་རང་གནས་སུ་སྐྱེ་གསོ་སྐྱེ་འཕེལ་གྱིས་གསོ་ཚགས་བྱེད་རྒྱུ་འདི་གལ་ཆེ་ལ། གལ་ཏེ་ཡུལ་གཞན་ནས་ཕག་པ་ཉོ་དགོས་བྱུང་ཚེ་སྐབས་ཤིག་རིང་ལ་ལོགས་སུ་གསོ་ཉར་བྱས་ཏེ་ནད་ཡོད་མེད་བརྟག་དགོས་པ་དང་། དེ་ནས་ཕག་པ་བྱིངས་པ་དང་མཉམ་དུ་གློད་ན་ཆོག དེ་བས་རྟག་ཏུ་ཕག་ཚང་ནང་རྡོ་ཞོ་སོགས་ཀྱི་དུག་སེལ་བྱས་ནས་ནད་གཞན་སོགས་ཀྱི་རྐྱེན་ངན་མི་ཡོང་བ་བྱེད་དགོས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1