༄༅།ཞིང་ལས་འདེབས་འཛུགས་ཐད་ཀྱི་རྨང་གཞིའི་ཤེས་བྱ་སྐོར།

རྩོམ་སྒྲིག་པ།ཡོང་ཁུངས།མི་རིགས་དུས་དེབ། སྤེལ་དུས། 08-20



རྩྭ་སྙིགས་དང་ཤིང་ཧྲུག་གི་གོ་ཐལ་ནི་གནོད་འབུ་འགོག་པའིི་ལུད་ཡག་པོ་ཞིག་ཡིན།
        རྩྭ་སྙིགས་དང་ཤིང་ཧྲུག་མེ་སྲེག་བཏང་བའི་གོ་ཐལ་ནང་གཞི་རྒྱུ་སྣ་མང་ལྡན་ཡོད་པ་དཔེར་ན་ཅཱ་དང་ཀལ། མཱེ། མུ་སི། ལྕགས་སོགས་ཡོད། འོན་ཀྱང་གྲོང་ཁྱེར་ངམ་གྲོང་རྡལ་དུ་རྩྭ་སྙིགས་དང་ཤིང་ཧྲུག་རྣམས་གད་སྙིགས་དུ་བརྩིས་ནས་གཡུག་གི་ཡོད། ལྷག་པར་དུ་བོད་ཤར་ལྷོ་རྒྱུད་ཀྱི་ནགས་ཁུལ་ཁག་ཅིག་ཏུ་ཤིང་ཧྲུག་མེ་སྲེག་བཏང་ཟིན་པའི་གོ་ཐལ་རྣམས་གང་བྱུང་དུ་བཤོས་ཏེ་སྐབས་རེ་གོ་ཐལ་ནང་གི་མེ་སྟག་རླུང་བུས་ཁྱེར་ཏེ་ནགས་ཚལ་དུ་མེ་སྐྱོན་བྱུང་བའི་གནས་ཚུལ་ཡང་བྱུང་མྱོང་ཡོད། རྩྭ་སྙིགས་དང་ཤིང་ཧྲུག་ནང་འབུ་གསོད་པ་དང་ནད་འབུ་སྔོན་འགོག་གི་ནུས་པ་ཡོད་པས་གོ་ཐལ་དེ་ལོ་ཏོག་དང་སྔོ་ཚལ་ཐོག་བརྒྱབ་ན་ནད་འབུའི་གནོད་འཚེ་སྔོན་འགོག་ཐུབ་ཀྱི་ཡོད། ཡང་དྲོད་ཁང་ཆེན་པོའི་ནང་གོ་ཐལ་དེ་རིགས་བརྒྱབ་ན་ཅིའུ་ཚལ་རུལ་འགྱུར་དུ་མི་འགྲོ་བར་སྔོན་འགོག་བྱེད་ཐུབ། གལ་སྲིད་ཤིང་འབྲས་ཀྱི་རྩ་བ་རུལ་བའི་གནས་ཚུལ་བྱུང་ཚེ་སྔོན་ལ་རྩ་བ་རུལ་སའི་ཉེ་འཁོར་གྱི་ས་རྒྱུ་རྣམས་བསྔོགས་ཏེ་རུལ་སྐྱོན་ཐེབས་སོང་བ་རྣམས་གཙང་མ་བཀོག་ནས་ཆུ་ཚོད་ཉེར་བཞི་ཙམ་བསྐམས་རྗེས་གནས་དེར་ཤིང་ཧྲུག་བསྲེགས་པའི་གོ་ཐལ་བརྒྱབ་ན་ཉིན་ཤས་མ་སོང་བར་ཤིང་སྣ་སྐྱེ་འཚར་ལེགས་པོ་ཡོང་ཐུབ། ཡང་མེ་ཏོག་ལ་གོ་ཐལ་གཏོར་རྗེས་དེའི་སྟེང་ས་རིམ་པ་ཞིག་དགབ་ན་དཀར་ཕྱེའི་ནད་སྔོན་འགོག་བྱེད་ཐུབ། དེ་བཞིན་ལོ་ཏོག་དང་འབྲས་ལྡན་ཤིང་། སྔོ་ཚལ། མེ་ཏོག་སོགས་མྱུ་གུ་རྒྱས་པའི་སྐབས་གོ་ཐལ་དེ་གཏོར་ན་སྐྱེ་དངོས་ཀྱི་འགོས་ནད་མང་པོ་ཞིག་སྔོན་འགོག་བྱེད་ཐུབ། གོ་ཐལ་ཁེ་ལྔ་བཅུ་ནང་རྡོ་ཐལ་ཕྱེ་མ་ཁེ་ལྔ་འདྲེས་སྦྱོར་བྱས་རྗེས་ཞོགས་པའི་ཟིལ་བ་སྐམ་ཚར་མེད་པའི་ལོ་ཏོག་ལ་ཉིན་མ་ལྔ་རེ་སོང་མཚམས་གོ་ཐལ་ཐེངས་རེ་གཏོར་ན་གནོད་འབུ་འབྱམས་འབུའི་གནོད་འཚེ་རྩ་བའི་ཆ་ནས་སྔོན་འགོག་བྱེད་ཐུབ། ཡང་ཙོང་དང་སྒོག་པ། ཅིའུ་ཚལ་སོགས་ཀྱི་རྩ་བ་རུལ་སྐྱོན་ཐེབས་སོང་བའི་ནད་བྱུང་ཚེ་གོ་ཐལ་དེ་མུའུ་རེར་ཁེ་སུམ་ཅུ་ཡས་མས་བརྒྱབ་ན་ཕན་ནུས་ཆེ་བ་དང་། སྡོམ་དམར་པོ་དང་གོག་འགྲོད་འབུ་སོགས་ཀྱིས་གནོད་འཚེ་གཏོང་ཁུལ་དུ་གོ་ཐལ་བརྒྱབ་ན་གནོད་འབུ་ཕོན་ཆེན་གསོད་ཐུབ་པ་རེད།

གྲོའི་བཙའ་ནད་ཐོན་ཡུལ་དང་དེ་དག་གི་ནད་རྟགས།
༡ ནད་འདི་ཁྱབ་ཁུལ་དང་གནོད་འཚེ། གྲོའི་བཙའ་ནད་ལ་གཉེར་རིས་བཙའ་ནད་དང་ལོ་མའི་བཙའ་ནད། སྡོང་རྐང་གི་བཙའ་ནད་བཅས་རིགས་གསུམ་ཡོད། གྲོའི་གཉེར་རིས་བཙའ་ནད་ང་ཚོའི་བོད་ཁུལ་གྱི་གྲོ་འདེབས་ཡུལ་ཚང་མར་ཐོན་པ་དང་ལྷག་པར་དུ་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་ཀྱི་རྒྱ་མཚོའི་ངོས་ལས་ས་བབ་མཐོན་པོ་མིན་པའི་ས་ཁུལ་དུ་ལོ་ལྟར་མཆེད་ཀྱི་ཡོད་པ་རེད། ནད་འདི་ཕོག་ཚེ་སྤྱིར་ན་ཐོན་འབབ་བརྒྱ་ཆ་ཉི་ཤུ་དམའ་རུ་འགྲོ་བ་དང་། ནད་གཞི་ཚབས་ཆེ་ན་ཐོན་འབབ་བརྒྱ་ཆ་སུམ་ཅུ་ཡན་ཆོད་ཆག་འགྲོ་གི་རེད། གྲོའི་གཉེར་རིས་བཙའ་ནད་དང་སྡོང་རྐང་བཙའ་ནད་ནི་བོད་ཡུལ་གྱི་ས་ཁུལ་ཆ་ཤས་ཀྱི་གྲོའི་ནང་ལ་ཐ་ཐོར་པ་ལས་ནད་ཁྱབ་རྒྱ་ཆེན་པོ་དེ་ཙམ་མེད། ནས་ལ་ནད་དེ་དག་གི་ནང་ནས་གཉེར་རིས་བཙའ་ནད་ཕོག་ཆེ་བ་དང་སྡོང་རྐང་གི་བཙའ་ནད་ཅུང་ཟད་ཐོན་པ་ལས་ལོ་མའི་བཙའ་ནད་ཐོན་པ་མཐོང་རྒྱུ་མེད། བཙའ་ནད་ཀྱི་གནོད་སྐྱོན་བཟོ་བའི་ཁྱད་ཆོས་ནི་ནད་ཚབས་ཆེ་རུ་འགྲོ་མགྱོགས་པ་དང་མཆེད་མྱུར་ལ་ཁྱབ་རྒྱ་ཆེ་བ་ཡོད།

༢ ནད་རྟགས་དང་ཁྱད་ཆོས། བཙའ་ནད་རིགས་གསུམ་གྱི་ནད་རྟགས་ཀྱི་ཐུན་མོང་ཁྱད་ཆོས་ནི་ནད་ཕོག་པའི་ལོ་མ་དང་སྡོང་རྐང་གི་སྟེང་ཁྲ་ཐིག་ཚོས་གཞི་སེར་སྐྱ་དང་ཁམ་དམར། ཁམ་ནག་བཅས་ཐོན་པ་དང་ཁྲ་ཐིག་དེ་རྡོལ་རལ་སོང་སྟེ་ནད་འབུ་འཕུར་འགྲེམ་གྱིས་ལྕགས་ཀྱི་བཙའ་ལྟ་བུ་ཞིག་ལ་འགྱུར་གྱི་ཡོད་སྟབས་བཙའ་ནད་ཅེས་འབོད་པ་རེད། བཙའ་ནད་ནི་ལོ་མ་དང་སྡོང་རྐང་སྟེང་ཐོན་པ་མ་ཟད་ལོ་མའི་ཤུབས་དང་སྙེ་མའི་ངོས་ལའང་ཐོན་གྱི་ཡོད། བཙའ་ནད་གསུམ་པོ་དེ་དག་ལས་གཉེར་རིས་བཙའ་ནད་གྲལ་སྟར་འགྲིག་པོ་དང་ལོ་མའི་བཙའ་ནད་ངེས་མེད་གང་བྱུང་ཐོན་པ། སྡོང་རྐང་བཙའ་ནད་དམར་ཐིག་ཆེན་པོ་ཐོན་པ་བཅས་གནོད་ཚབས་ཤིན་ཏུ་ཆེ་བའི་ནད་རིགས་གསུམ་ཞེས་པ་དེ་ནི་དོན་ལ་གནས་པ་ཞིག་རེད།

གྲོ་ཕྱེའི་སྤུས་ཀའི་ལེགས་ཉེས་འབྱེད་ཐབས། 
༡ ལྟ་བ། གྲོ་ཕྱེ་གསར་པ་དེ་བྱེ་མ་དང་མཚུངས་ཤིང་། རིལ་རྡོག་ཆུང་ཆུང་མེད་ལ། གལ་ཏེ་རིལ་འབྱར་བྱས་པའམ་འབུ་ཆུང་ཡོད་ན་དེ་བཞག་པའི་དུས་ཚོད་རིང་བ་གསལ་བཤད་བྱས་ཡོད། སྤུས་ལེགས་པའི་གྲོ་ཕྱེ་སྟེ། དཔེར་ན། ཁྱད་བཟོས་རིམ་པ་དང་པོའི་གྲོ་ཕྱེ་དང་ཁྱད་བཟོས་རིམ་པ་གཉིས་པའི་གྲོ་ཕྱེའི་གྲོ་སྦུན་མིག་གི་མི་མཐོང་བ་ཡིན། གལ་ཏེ་བཟོ་གྲྭ་ཆུང་བའམ་ལས་གྲྭས་ཐོན་སྐྱེད་བྱས་པའི་གྲོ་ཕྱེའི་མདོག་མི་དཀར་བ་དང་གྲོ་སྦུན་གསལ་མངོན་ཡོད།

༢ སྣོམ་པ། གྲོ་ཕྱེ་གསར་པ་དེ་ལག་མཐིང་དུ་བཞག་སྟེ་ཁ་རླངས་བརྒྱབ་ནས་སྣོམ་པ་ན། ཕྱེ་དྲི་ཞིམ་པོ་ལྡན་ལ། ཕྱེ་རྙིང་ཡིན་ན་རུལ་དྲིའམ་དྲི་མ་མི་འདྲ་བ་ཞིག་བྲོ་བ་ཡིན།

༣ ཟ་བ། གྲོ་ཕྱེ་གསར་པ་ལྕེ་སྣེས་ལྡན་ན་མྱུར་བར་ཐོར་འགྲོ་བ་དང་སོ་ལ་མི་འབྱར་བ་ཡིན། གལ་ཏེ་སྤུས་ཀ་ཞན་པའམ་སྤུས་ཚད་དམའ་བ་ཡིན་ན་བྱེ་མ་ཟས་པ་ལྟ་བུའི་ཚོར་སྣང་ལྡན་པ་ཡིན། གྲོ་ཕྱེ་གསར་པར་ཤེད་དང་ལྡེམ་ཤུགས། འཐེན་ཤུགས་བཅས་ལྡན་ལ། ཕྱེ་རྙིང་དེ་ལས་ལྡོག་སྟེ་སོབ་སོབ་ཡིན།

༤ རེག་པ། ཆུ་འདུས་ཚད་རྒྱུན་ལྡན་ཡིན་པའི་གྲོ་ཕྱེ་དེ་ལག་ཏུ་བཅངས་ན་ཤུད་འགྲོ་བའི་ཚོར་སྣང་ཡོད་ལ། དེའི་ནང་ལག་པ་བཏང་ན་འགོག་ཤུགས་ཆུང་བ་དང་། ཕྱེ་སྣོད་ཡང་རྡོབ་བྱས་ཀྱང་གྲོ་ཕྱེ་ལྡིང་བ་ཡིན། རླན་ཐེབས་པའི་གྲོ་ཕྱེ་ལག་ཏུ་བཅངས་ན་དབྱིབས་ཆགས་ཤིང་ཐོར་མི་སླ་བ་དང་། དེའི་ནང་ལག་པ་བཏང་ན་འགོག་ཤུགས་ཆེ་བ་དང་། ལྷག་པར་དུ་ཚ་དྲོད་ལྡན་པའི་ཚོར་སྣང་ལྡན་ཞིང་། རེག་ན་རིལ་རྡོག་གམ་རིལ་བུ་སྲ་མོ་ཡོད་པས་གྲོ་ཕྱེ་དེ་རིགས་ལ་ཟ་སྤྱོད་བྱེད་པའི་རིན་གོང་མེད་པ་གསལ་བཤད་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1