༄༅།། སློབ་འབྲིང་སློབ་མའི་འཛིན་གྲྭའི་དོ་དམ་བྱ་ཐབས་སྐོར་ཅུང་ཟད་གླེང་བ།

ཡེ་ཤེས་རྒྱ་མཚོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-21



        སློབ་འབྲིང་སློབ་མ་ནི་ལོ་ན་དང་སེམས་ཁམས་གང་ཅིའི་ཐད་ནས་སློབ་ཆུང་གི་སློབ་མ་དང་མི་འདྲ་བར་ཕྱོགས་གང་ཐད་ནས་འཕེལ་རྒྱས་དང་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད། དེས་ན་ཚན་རིག་དང་མི་ཆོས་གང་ཅིའི་ཐད་ནས་སློབ་མའི་བསམ་བློ་ཀུན་སྤྱོད་དང་ སློབ་སྦྱོང་དེ་བཞིན་ལུས་རྩལ་སོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་ཞིང་། སློབ་མའི་དོ་དམ་ནི་དེ་བས་གཙོ་ཆེ་བ་ཞིག་ཡིན་པས། རང་ཉིད་ཀྱི་སློབ་ཁྲིད་དང་སློབ་མའི་དོ་དམ་གྱི་ཉམས་མྱོང་དང་དེང་དུས་སློབ་འབྲིང་སློབ་མའི་ཁྱད་ཆོས་དང་དོན་དངོས་གནས་ཚུལ་སོགསལ་གཞིགས་ཏེ་སློབ་འབྲིང་སློབ་མའི་འཛིན་གྲྭའི་དོ་དམ་བྱེད་ཐབས་སྐོར་ལ་ཅུང་ཟད་གླེང་བར་བྱའོ།

དང་པོ། འཛིན་གྲྭའི་དོ་དམ་ལེགས་པོ་ཞིག་བྱེད་པར་འཛིན་གྲྭའི་དོ་དམ་བྱེད་མཁན་དགེ་རྒན་རང་ཉིད་ཀྱི་ཕྱོགས་མང་པོའི་བྱང་ཚད་ལེགས་པོ་ཞིག་དགོས།
        དེ་ཡང་སློབ་འབྲིང་གི་འཛིན་གྲྭའི་དོ་དམ་བྱེད་མཁན་གྱི་དགེ་རྒན་ཞིག་གི་ངོས་ནས་བཤད་ན་འཛིན་གྲྭའི་དོ་དམ་ལེགས་པོ་ཞིག་བྱེད་པར་ཐོག་མར་དགེ་རྒན་རང་ཉིད་ཀྱི་ཕྱོགས་མང་པོའི་བྱང་ཚད་ལེགས་པོ་ཞིག་དགོས་པ་ནི་ཧ་ཅང་གི་གལ་འགངས་ཆེ་བ་ཞིག་ཡིན་ཞིང་དེས་སློབ་མའི་དུས་རྒྱུན་གྱི་བྱ་སྤྱོད་དང་སེམས་རྒྱུད་ལ་ཐད་ཀར་ཤུགས་རྐྱེབ་ཐེབས་སྲིད་པ་ཡིན། སྤྱིར་སློབ་གསོའི་ལས་དོན་ནི་དཀའ་ཚེགས་ཆེ་ལ་རྙོག་ཟིང་ཆེ་བའི་ལས་དོན་ཞིག་ཀྱང་རེད་ལ་དེ་བས་བླ་ན་མེད་པ་དང་གཟི་བརྗིད་ཆེ་བའི་ལས་འགན་ཞིག་ཀྱང་རེད། འཛིན་གྲྭའི་དོ་དམ་ལས་དོན་མི་སྣས་རང་དཔེ་གཞན་སྟོན་གྱི་ཐོག་ནས་སློབ་མ་རྣམས་ལ་ཡང་དག་པའི་མི་ཚེའི་ལྟ་་བ་དང་འཇིག་རྟེན་གྱི་ལྟ་ཚུལ་སོགས་བརྒྱུད་སྤྲོད་བྱེད་དགོས་ཤིང་སློབ་མའི་བསམ་བློ་ཀུན་ སྤྱོད་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་དགོས་ངེས་ཀྱི་ནུས་པ་ཐོན་གང་ཐུབ་བྱེད་དགོས། སློབ་འབྲིང་ནི་སློབ་མའི་སེམས་ཁམས་དང་གཟུགས་པོ།སྤྱོད་ལམ་སོགས་ཕྱོགས་གང་ཅིའི་ཐད་ནས་འཚར་ལོངས་དང་འཕེལ་རྒྱས་འགྲོ་བཞིན་པའི་སྒང་ཡིན་ཞིང་ཉེ་འཁོར་གནས་ཚུལ་དང་ཁོར་ཡུག་གིས་ཤུགས་རྐྱེན་ཐེབས་སླ་བ་ཡིན། ལྷག་པར་དུ་འཛིན་གྲྭའི་དོ་དམ་མི་སྣའི་དུས་རྒྱུན་རང་བཞིན་གྱི་འགྲོ་དུག་སྤྱོད་གསུམ་དང་ལྟ་སྒོམ་སྤྱོད་གསུམ་གྱིས་སློབ་མར་ཤུགས་རྐྱེན་ཆེན་པོ་ཐེབ་པ་དང་འཛིན་གྲྭའི་དོ་དམ་མི་སྣ་ནི་སློབ་མ་ཚོའི་མིག་དཔེ་བལྟ་ས་ཞིག་ཏུ་འཛིན་གྱི་ཡོད། དེར་བརྟེན་འཛིན་གྲྭའི་དོ་དམ་བྱེད་མཁན་གྱི་ལས་ཀ་བྱེད་ཕྱོགས་དང་བསམ་བློ་གཏོང་ཕྱོགས་མི་འདྲ་བས་སློབ་མར་ཤུགས་རྐྱེན་ངེས་ཅན་ཞིག་ཡོད་པས་འཛིན་གྲྭའི་དོ་དམ་མི་སྣས་དུས་རྒྱུན་ནས་ཕྱོགས་གང་ཅིའི་ཐད་ནས་སྣང་འཇོག་དང་ཡིད་གཟབ་བྱས་ཏེ་སློབ་མ་རྣམས་ལ་མིག་དཔེ་དང་བག་ཆགས་ལེགས་པོ་ཞིག་འཇོག་ཐུབ་པ་དགོས་སོ།
        གཞན་ཡང་འཛིན་གྲྭའི་དོ་དམ་མི་སྣའི་རིག་གནས་ཀྱི་ཆུ་ཚད་མུ་མཐུད་ནས་གོང་འཕེལ་བཏང་ཏེ་སྤྱི་ཚོགས་དང་དུས་རབས་ཀྱི་རྗེས་ཟིན་ཐུབ་པ་བྱ་རྒྱུ་དང་ཆབས་ཅིག་དུས་རབས་ཀྱི་ དགོས་མཁོ་དང་འཚམ་པའི་སློབ་མ་གསོ་སྐྱོང་བྱ་རྒྱུར་དགོས་ངེས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་དེང་རབས་ཆ་འཕྲིན་ལག་རྩལ་གྱི་སློབ་འཁྲིད་ནུས་རྩལ་ཁག་དུས་ཐོག་ཏུ་སྦྱང་བརྩོན་བྱས་ཏེ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་དགོས་མཁོ་དང་མཐུན་པའི་སློབ་མ་གང་མང་གསོ་སྐྱོང་བྱེད་དགོས་པ་བཅས་མདོར་ན་༧རྗེ་བཙུན་ས་པཎ་གྱི་《མཁས་པ་འཇུག་པའི་སྒོ།》ལས་“གཙང་མཁས་གཞན་ལ་ཕན་པར་འདོད་”ཅེས་པ་དང་“ཚུལ་ཁྲིམས་དག་པས་ལུས་ངག་གཙང་། ཤེས་རིག་དག་པས་ལུང་རིག་མཁས།། ལྷག་བསམ་དག་པས་གཞན་ལ་ཕན།”ཅེས་པ་དགེ་རྒན་གྱི་མཚན་ཉིད་དུ་འཇོག་གནང་ཡོད་པས་དགེ་རྒན་རྣམས་ཀྱིས་མཚན་ཉིད་དེར་བརྟག་ཅིང་དཔྱད་ལ་རང་རྒྱུད་ལ་འཇག་པར་བརྩོན་ཅིག་གོ།

གཉིས་པ། འཛིན་གྲྭའི་དོ་དམ་པས་འཛིན་གྲྭའི་སློབ་མའི་དོན་དངོས་གནས་ཚུལ་ལ་རྒྱུས་ལོན་གསལ་པོ་ཡོང་བ་བྱ་དགོས།
        དེ་ཡང་འཛིན་གྲྭ་ནི་སློབ་མ་དང་ཆེས་ཐད་ཀར་དུ་འབྲེལ་བ་ཡོད་ཅིང་སློབ་མའི“ཁྱིམ་ཚང་གཉིས་པ་ལྟ་བུ་ཡིན་པས་འཛིན་གྲྭའི་དོ་དམ་པ་ཞིག་གི་ངོས་ནསའཛིན་གྲྭའི་སློབ་མ་ མི་རེ་ངོ་རེའི་སློབ་སྦྱོང་གི་གནས་ཚུལ་དང་། བསམ་བློ་ཀུན་སྤྱོད། དེ་བཞིན་ཁྱིམ་ཚང་གི་གནས་ཚུལ་ལམ་སློབ་མའི་འཚོ་བའི་གནས་ཚུལ་སོགས་ལ་དགོས་ངེས་ཀྱི་རྒྱུས་ལོན་གསལ་པོ་ཡོང་བ་བྱེད་རྒྱུ་ནི་འཛིན་གྲྭའི་དོ་དམ་ལེགས་པོ་ཞིག་བྱེད་པའི་སྔོན་འགྲོ་ལྟ་བུ་ཡིན་ཞིང་།འཛིན་གྲྭའི་དོ་དམ་པས་འཛིན་གྲྭའི་སློབ་མའི་དོན་དངོས་གནས་ཚུལ་ལ་རྒྱུས་ལོན་གསལ་པོ་བྱུང་རྗེས་རྣག་ཐོག་བཙག་འཁེལ་གྱི་ཐག་གཅོད་ལེགས་པོ་བྱེད་དགོས་པ་གང་ཞིག་སྤྱིར་འཛིན་གྲྭ་ནི་ཚོགས་པ་འམ་ཐུན་མོང་གི་གྲུབ་ཆ་ཞིག་ཡིན་པས་འཛིན་གྲྭའི་དོ་དམ་པའི་འགན་འཁུར་ཡོད་པའི་དགེ་རྒན་ཞིག་ལ་མཚོན་ན་ངེས་པར་དུ་སྤྱི་སེམས་ལྡན་ཞིང་། སྒྲིག་ལམ་ལ་གོ་རིམ་ལྡན་པ། ཉེ་རིང་ཆགས་སྡང་དང་བྲལ་བ། གཏམ་སྤྱོད་བདེན་དྲང་།ལྷག་བསམ་རྣམ་དག་དང་འགན་འཁུར་གཟབ་ནན་སོགས་ཀྱི་བྱང་ཚད་ངེས་པར་དུ་ཡོད་དགོས་ཤིང་སློབ་མ་ཡོངས་ལ་དོ་དམ་ལེགས་པོ་ཞིག་བྱས་པའི་རྨང་གཞིའི་ཐོག་འཛིན་གྲྭའི་ནང་གི་དམིགས་བསལ་གྱི་འབྲེལ་བ་འགའ་ཞིག་ལ་ཡང་ཚན་རིག་དང་མི་ཆོས་གཉིས་ཀྱི་ཐོག་ནས་ཡོངས་སུ་མཐུན་པའི་ཐག་གཅོད་ལེགས་པོ་ཞིག་བྱ་དགོས་རྒྱུ་དེ་ཡང་ཧ་ཅང་གི་འགལ་གངས་དང་དགོས་མཁོ་ཆེ་བ་ཞིག་ཡིན་ཏེ་དེར་དཔེ་མཚོན་ཙམ་ཞིག་བཀོད་ཚེ་འཛིན་གྲྭའི་སློབ་མར་དོ་དམ་བྱེད་པའི་རྒྱུད་རིམ་ཁྲོད་དུ་འཛིན་གྲྭའི་སློབ་མའི་ལས་བྱེད་པ་དང་འཛིན་གྲྭའི་ལས་བྱེད་མ་ཡིན་པའི་སློབ་མ་རྣམས་ཀྱི་འབྲེལ་བ་དང་སློབ་སྦྱོང་གི་སྦྱང་འབྲས་ལེགས་པའི་སློབ་མ་དང་བལྟོས་བཅས་སྦྱང་འབྲས་ཞན་པའི་སློབ་མའི་དབར་གྱི་འབྲེལ་བ། དེ་བཞིན་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ལེགས་པའི་སློབ་མ་དང་ཁྱིམ་ཚང་གི་འཁོས་ཀ་དེ་ཙམ་ ཞན་པའི་སློབ་མའི་དབར་གྱི་འབྲེལ་བ།གཞན་ཡང་ཞིང་འབྲོག་ཁུལ་གྱི་སློབ་མ་དང་གྲོང་ཁྱེར་ གྱི་སློབ་མའི་དབར་གྱི་འབྲེལ་བ། དེ་བཞིན་ཞག་སྡོད་སློབ་མ་དང་ཞག་སྡོད་མིན་པའི་སློབ་མའི་དབར་གྱི་འབྲེལ་བ་སོགས་ལ་ཡང་དག་དང་འོས་འཚམ་གྱི་ཐག་གཅོད་བྱེད་རྒྱུ་ནི་གོང་དུ་བརྗོད་ཟིན་པ་ལྟར་ཧ་ཅང་གི་དགོས་འགལ་ཆེ་བ་ཞིག་ཡིན་གཤིས་འབྲེལ་བ་དེ་དག་ལ་ཐག་གཅོད་ལེགས་པོ་ཞིག་བྱུང་ཚེ་འཛིན་གྲྭའི་དོ་དམ་ཡང་བཟང་པོ་ཞིག་བྱེད་ཐུབ་ལ་འཛིན་གྲྭའི་དོ་དམ་དེ་ཉིད་སྐྱོན་བྲལ་ངང་དར་འཕེལ་ཡོང་ཐུབ་མོད་གལ་ཏེ་དེ་ལས་ལྡོག་ཚེ་འཛིན་གྲྭའི་དོ་དམ་དེ་གནད་ལ་འཁེལ་བ་ཞིག་ཡོང་མི་ཐུབ་ལ་སློབ་མའི་རྒྱབ་སྐྱོར་དང་སློབ་མ་མི་རེ་ངོརེའི་སེམས་ཁམས་དང་མཐུན་པ་ཞིག་ཡོང་མི་ཐུབ་ཅིང་། དོན་དངོས་གནས་ཚུལ་དང་བསྟུན་ནས་རྣག་ཐོག་བཙག་འཁེལ་ནི་དེ་བས་ཀྱང་ཡོང་ཐབས་བྲལ་བས་འཛིན་གྲྭའི་དོ་དམ་གྱི་ལས་དོན་དེ་ཉིད་ངོ་མ་ཕམཉེས་ཆེན་པོ་ཞིག་བྱུང་བ་ཡིན་ནོ། དེར་བརྟེན་འཛིན་གྲྭའི་དོ་དམ་པས་འཛིན་གྲྭའི་སློབ་མའི་དོན་དངོས་གནས་ཚུལ་ལ་རྒྱུས་ལོན་གསལ་པོ་ཡོང་བ་བྱེད་རྒྱུ་ནི་དོན་དངོས་གནས་ཚུལ་དང་མཐུན་པའི་སྒོ་ནས་འཛིན་གྲྭའི་དོ་དམ་ལས་དོན་ལེགས་པོ་ཞིག་བསྒྲུབ་ཐུབ་མིན་གྱི་འགག་རྩ་དང་རྨང་གཞི་གལ་ཆེན་ཞིག་ཡིན་པས་སློབ་གསོའི་འཐབ་ས་དང་པོའི་ཐོག་བགྲངས་ཡས་སློབ་མ་གསོ་སྐྱོང་གི་ངལ་བ་འཁུར་དུ་ལེན་དང་ལེན་མུས་ཀྱི་དགེ་རྒན་རྣམས་ཀྱིས་གནད་དོན་དེར་དགོངས་བཞེས་སུ་གསོལ་ལོ།

གསུམ་པ། འཛིན་གྲྭའི་དོ་དམ་བྱེད་པའི་བརྒྱུད་རིམ་ཁྲོད་དུ་སློབ་མའི་ཁྱིམ་བདག་དང་འབྲེལ་བ་དམ་ཟབ་བྱེད་དགོས།
        སློབ་འབྲིང་སློབ་མ་ནི་ལོ་ན་དང་སེམས་ཁམས་གང་ཅིའི་ཐད་ནས་དམིགས་བསལ་གྱི་ཁྱད་ཆོས་ཡོད་པ་ཞིག་ཡིན་པས་འཛིན་གྲྭའི་དོ་དམ་བྱེད་པའི་བརྒྱུད་རིམ་ཁྲོད་དུ་སློབ་མའི་ཁྱིམ་ བདག་དང་འབྲེལ་བ་དམ་ཟབ་བྱེད་རྒྱུ་དེ་ཡང་སློབ་འབྲིང་སློབ་མའི་འཛིན་གྲྭའི་དོ་དམ་བྱེད་པའི་ལས་དོན་ལས་གལ་ཆེ་བ་ཞིག་ཡིན། སྐྱེ་བོ་ཞིག་འཇིག་རྟེན་འདིར་ཚེ་སྲོག་གི་མྱུ་གུ་ཐོག་མར་འབུས་པ་ནས་བཟུང་རང་ཉིད་ཀྱི་འདྲེན་བྱེད་ཡུལ་དང་དེ་བཞིན་དབང་པོ་གཞན་རྣམས་ཀྱི་སྤྱོད་ཡུལ་དུ་ཆེས་གོམས་འདྲིས་སུ་འགྱུར་བ་ནི་རང་ཉིད་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་ཕ་མ་གཉིས་པོ་ཡིན་ཞིང་“བྱམས་པའི་མ་དང་།ཚ་བའི་ཕ།”ཞེས་པ་དང་“བཟའ་ལུགགས་འགྲོ་ལུགས་སྡོད་ལུགས་གསུམ། དྲིན་ཆེན་ཕ་མའི་བསླབ་བྱ་ཡིན།” ཞེས་པའི་དཔེ་བཞིན་དུ་ཕ་མ་གཉིས་པོའི་བརྩེ་སེམས་ཀྱི་གཉོར་སྐྱོང་ཁྲོད་རིམ་བཞིན་དུ་འཚར་ལོངས་བྱུང་ཞིང་གཞན་ཡང་ རང་ཅག་བོད་ཀྱི་གཏམ་དཔེར་“ཕ་རྒྱུད་བུ་ལམ་ཁྲིད་ན། རི་བོང་ཤོབ་ཏོ་གང་ནས་ཡོང་།”ཞེས་པ་ལྟར་་རང་ཉིད་ལ་ཆེས་བག་ཆགས་ཟབ་ཤོས་ནི་ཕ་མ་གཉིས་ཡིན་ལ་རང་ཉིད་ཀྱི་གནས་ཚུལ་ལ་རྒྱུས་མངའ་ཆེ་ཤོས་ཀྱང་ཕ་མ་གཉིས་ཡིན་དེར་བརྟེན་ཁྱིམ་ཚང་སློབ་གསོ་ནི་བུ་ཕྲུག་གི་སློབ་གསོ་ཧྲིལ་པོའི་ཁྲོད་དུ་ཆེས་རྨང་གཞིར་འགྱུར་བ་ཞིག་ཡིན་ལ་གལ་ཆེན་ཞིག་ཀྱང་ཡིན་པས་དེས་ན་སློབ་འབྲིང་སློབ་མའི་འཛིན་གྲྭའི་དོ་དམ་བྱེད་པའི་ལས་དོན་ཁྲོད་དུ་འཛིན་གྲྭའི་དོ་དམ་པས་དུས་ཐོག་ཏུ་སློབ་མ་མི་རེ་ངོ་རེའི་ཁྱིམ་བདག་དང་འབྲེལ་བ་དམ་ཟབ་བྱས་ཏེ་སློབ་མའི་དགོས་ངེས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་དགོས་པ་དང་། ཁྱིམ་བདག་ལ་སློབ་མའི་གནས་ཚུལ་ངོ་སྤྲོད་བྱེད་པ་དང་། འཛིན་གྲྭའི་དོ་དམ་པ་དང་སློབ་མའི་ཁྱིམ་བདག་དབར་གང་འཚམ་གྱི་བགྲོ་གླེང་སོགས་བྱས་ཏེ་སློབ་གྲྭའི་སློབ་གསོདང་ཁྱིམ་ཚང་སློབ་གསོ་ཟུང་འབྲེལ་གྱིས་གཅིག་ནས་སློབ་མའི་གནས་ཚུལ་རྒྱུས་ལོན་ཁ་གསལ་དང་གཉིས་ནས་་སློབ་འབྲིང་སློབ་མའི་འཛིན་གྲྭའི་དོ་དམ་བྱེད་པའི་ལས་དོན་ལེགས་གྲུབ་ཡོང་རྒྱུར་སྤུས་ཚད་འགན་ལེན་བྱེད་ཐུབ་བོ།

བཞི་པ། འཛིན་གྲྭའི་དོ་དམ་བྱེད་པའི་བརྒྱུད་རིམ་ཁྲོད་དུ་སྲོལ་རྒྱུན་དང་དེང་རབས་གཉིས་ཀྱི་སློབ་གསོའི་བྱ་ཐབས་ཟུང་འབྲེལ་བྱེད་དགོས།
        རྒྱལ་ཁབ་དང་མི་རིགས་གང་ཞིག་ཡིན་རུང་ཚོགས་པ་དེ་ཉིད་གྲུབ་པ་ནས་བཟུང་མི་རྣམས་ཐུན་མོང་དུ་བརྩི་བསྲུང་དང་གོམས་འདྲིས་སུ་སོང་བའི་ལུགས་སྲོལ་དང་ཡུལ་སྲོལ་གོམས་གཤིས་སོགས་ཡོད་ཅིང་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་བཞུར་རྒྱུན་ཁྲོད་དུ་དེར་འཕེལ་རྒྱས་དང་འགྱུར་བ་སྣ་ཚོགས་འགྲོ་བཞིན་ཡོད་ཅིང་གནའ་སྔ་མོ་ནས་དར་བའི་ལུགས་སྲོལ་དང་གོམས་གཤིས་ཁག་གཅིག་གིས་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་གོམ་སྟབས་དང་ཅུང་ཟད་མཐུན་དཀའ་བས་དེ་དག་ལ་གསར་བཅོས་དང་དོན་དངོས་ཀྱི་ཞུན་བརྡར་ཁྲོད་རིམ་པར་ལུགས་སྲོལ་དང་གོམས་གཤིས་དེ་བཞིན་བྱ་ཐབས་གསར་པ་ཞིག་ཏུ་འགྱུར་བ་འགྲོ་བཞིན་ཡོད། དེ་དང་མཚུངས་པར་སློབ་གསོའི་བྱ་གཞག་ལ་ཡང་སྲོལ་རྒྱུན་གྱི་བྱ་ཐབས་ཡོད་ལ་དེང་དུས་ཀྱི་བྱ་ཐབས་ཀྱང་ཡོད། ང་ཚོས་མཐའ་གཅིག་ཏུ་དེ་གཉིས་ལས་གང་ཞིག་ཡང་དག་པ་དང་གང་ཞིག་ནི་ནོར་འཁྲུལ་རེད་ཅེས་བརྗོད་མི་ཐུབ་མོད་འཛིན་གྲྭའི་དོ་དམ་བྱེད་པའི་བརྒྱུད་རིམ་ཁྲོད་དུ་སྲོལ་རྒྱུན་དང་དེང་རབས་གཉིས་ཀྱི་སློབ་གསོའི་བྱ་ཐབས་ཟུང་འབྲེལ་བྱ་དགོས།
        དེ་ཡང་སྲོལ་རྒྱུན་གྱི་དགེ་རྒན་ལ་གུས་པར་བྱ་བ་དང་བཀའ་དྲིན་རྗེས་སུ་དྲན་ཚུལ་དང་སློབ་གཉེར་ཇི་ལྟར་བྱེད་ཚུལ་སོགས་བོད་མི་རང་གི་མཁས་དབང་རིམ་བྱོན་རྣམས་ཀྱིས་རིན་ཆེན་གསུང་རྩོམ་མང་དུ་ཡོད་ཅིང་དེ་དག་ལས་བསྟན་པའི་བསླབ་བྱ་རྣམས་ནི་རང་རེའི་ཡུལ་ཀྱི་ལུགས་སྲོལ་དང་ཤིན་ཏུ་མཐུན་ལ། མི་རིགས་དེའི་མཛེས་དཔྱོད་ལྟ་བ་དང་ཧ་ཅང་མཐུན་པས་འཛིན་གྲྭའི་དོ་དམ་བྱེད་པའི་བརྒྱུད་རིམ་ཁྲོད་དུ་སྲོལ་རྒྱུན་གྱི་མི་ཆོས་དང་མཐུན་པའི་རྒན་བཀུར་གཞོན་གཅེས་སོགས་ཀྱི་བསམ་བློ་རྣམས་བེད་སྤྱོད་གང་ཐུབ་བྱས་ཚེ་ཕན་འབྲས་ལེགས་པོ་ཐོན་ཐུབ་བོ། དེ་དང་དུས་མཚུངས་སུ་དེང་རབས་ཀྱི་ཚན་རིག་གི་ལྟ་བ་དང་མཐུན་པའི་སློབ་གསོའི་བྱ་ཐབས་རྣམས་དོན་དངོས་ཀྱི་གནས་ཚུལ་དང་བསྟུན་ཏེ་འཛིན་གྲྭའི་དོ་དམ་ལས་དོན་གྱི་བརྒྱུད་རིམ་ཁྲོད་དུ་བེད་སྤྱོད་ལེགས་པོ་བྱས་ནས་སློབ་མའི་གསར་གཏོད་ཀྱི་ནུས་པ་དང་རང་འགུལ་གྱི་ནུས་པ། བསམ་གཞིགས་ཀྱི་ནུས་པ། ལག་པ་འགུལ་བའི་ནུས་པ་སོགས་གསོ་སྐྱོང་དང་འཕེལ་རྒྱས་གང་ལེགས་གཏོང་དགོས། མདོར་ན། འཛིན་གྲྭའི་དོ་དམ་བྱེད་པའི་བརྒྱུད་རིམ་ཁྲོད་དུ་སྲོལ་རྒྱུན་དང་དེང་རབས་གཉིས་ཀྱི་སློབ་གསོའི་བྱ་ཐབས་ཟུང་འབྲེལ་བྱས་ཏེ་སྲོལ་རྒྱུན་གྱི་སློབ་གསོའི་དོ་དམ་བྱེད་ཐབས་ཀྱི་རྨང་གཞིའི་ཐོག་དེང་རབས་སློབ་གསོའི་དོ་དམ་བྱེད་ཐབས་ཀྱི་ལེགས་ཆ་རྣམས་བསྡུ་ལེན་བྱས་ཏེ་སློབ་འབྲིང་སློབ་མའི་འཛིན་གྲྭའི་དོ་དམ་བྱེད་ཐབས་དེ་ཡང་དག་པའི་ངང་ནས་ལག་བསྟར་དང་འཕེལ་རྒྱས་ཡོང་བ་བྱེད་དགོས་སོ།།

མཇུག་བསྡུ་བ།

        སློབ་གསོ་ནི་རྒྱལ་ཁབ་དང་མི་རིགས་གང་ཞིག་ལ་མཚོན་ན་ཡང་གལ་ཆེན་ཞིག་ཡིན་ལ་རྒྱལ་ཁབ་དང་མི་རིགས་གང་ཞིག་འཕེལ་རྒྱས་འགྲོ་དགོས་ན་ཆེས་ཐོག་མར་སློབ་གསོ་འཕེལ་རྒྱས་གཏོང་དགོས་པ་ནི་རྩ་བའི་རྨང་གཞི་ཡིན་ལོ་ཆུང་སློབ་མ་རྣམས་ནི་རྒྱལ་ཁབ་དང་མི་རིགས་ཀྱི་མ་འོངས་པའི་རེ་བ་ཡིན་པས་སློབ་མའི་འཛིན་གྲྭའི་དོ་དམ་བྱེད་ཐབས་ནི་གལ་ཆེན་ཞིག་ཡིན། དེས་ན་རང་ཉིད་ཀྱི་སློབ་ཁྲིད་དང་སློབ་མའི་དོ་དམ་གྱི་ཉམས་མྱོང་དང་དེང་དུས་སློབ་འབྲིང་སློབ་མའི་ཁྱད་ཆོས་དང་དོན་དངོས་གནས་ཚུལ་སོགསལ་གཞིགས་ཏེ་སློབ་འབྲིང་སློབ་མའི་འཛིན་གྲྭའི་དོ་དམ་བྱེད་ཐབས་སྐོར་ལ་ཅུང་ཟད་གླེང་བ་རེ་ཞིག་རྫོགས་སོ།།

(《མི་རིགས》དུས་དེབ་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1