མཛོད་དགེ་རྫོང་གི་བྱེ་འགྱུར་འགོག་བཅོས་ལ་གྲུབ་འབྲས་ཆེན་པོ་ཐོབ།

མགོན་པོ་ཚེ་བརྟན་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-23


   2004ལོའི《སྐབས་གསུམ་པའི་ཀྲུང་གོའི་ཐང་རྒོད་ཅན་དང་བྱེ་འགྱུར་གྱི་གནས་ཚུལ་སྐོར་གྱི་སྤྱི་བསྒྲགས》ལྟར་ན། ཀྲུང་གོའི་བྱེ་འགྱུར་ས་ཞིང་གི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་ཁྲི173.97ཡིན་ལ། རྒྱལ་ཁབ་མངའ་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆ18.12ཟིན་ཡོད་པས། ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད།
   ཛ་དྲག་ཆེ་བའི་གནས་ཚུལ་འདི་འདྲའི་འོག སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་ཏང་གི་སྒྲིག་ཡིག་ཏུ་བཀོད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་བར་སྐྱེ་ཁམས་མ་ལག་སྲུང་སྐྱོང་གི་ལས་ཀར་ཤུགས་སྣོན་བྱས་ཏེ། སྤྱོད་ཆོག་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་ཀ་དེ་དག་ལ་མཐོང་ཆེན་བྱས་ནས། སྔོ་ལྗང་གི་རི་ཀློང་ནི་གསེར་རི་དངུལ་རི་ཡིན་པའི་འཕེལ་རྒྱས་ཀྱི་ལྟ་བ་རྒྱུན་འཁྱོངས་བྱས་ནས། ཕྱོགས་ཡོངས་ནས་སྐྱེ་ཁམས་མ་ལག་གི་སྲུང་སྐྱོང་ལས་ཀར་བཀོད་སྒྲིག་བྱས་ཡོད།
   མཛོད་དགེ་རྫོང་གིས་ལོ་ངོ་མང་པོར་བྱེ་འགྱུར་རྩྭ་ཐང་དུ་འཚོ་བ་རོལ།
   མཛོད་དགེ་རྫོང་ལ་ཀྲུང་གོའི་ཆེས་མཛེས་པའི་མཐོ་སྒང་གི་བརླན་སའི་རྩྭ་ཐང་དང་ཀྲུང་གོའི་ཁྲུང་ཁྲུང་སྐེ་ནག་གི་འཚོ་གནས་སོགས་ཀྱི་མཚན་སྙན་ཡོད་པར་མ་ཟད། ལོ་རྒྱུས་ཀྱི་ཡིག་ཆར་བཀོད་པ་ལྟར་ན། 1935ལོའི་ཟླ8པར། དམར་དམག་མཛོད་དགེ་རྫོང་གི་མངའ་ཁོངས་སུ་ཐོན་སྐབས། མཛོད་དགེའི་རྩྭ་ཐང་གི་རྩྭ་ཇག་གི་རྫོང་མཐུག་པོ་ཡིན་པར་མ་ཟད་རྩྭ་རྐང་རིང་པོ་ཡིན་པས། རིང་ཚད་སྨི་གཅིག་ཡས་མས་ཡོད་པའི་རྩྭ་ཇག་ཁྲོད་ན་ཕྱུགས་ཟོག་སོགས་མཐོང་མི་ཐུབ་པའི་སྣང་ཚུལ་ཡང་སྟེར་སྲིད་ཅེས་བཀོད་ཡོད།
   ལོ་འདི་དག་གི་རིང་ལ་མཛོད་དགེ་རྫོང་གིས་ས་བརྐོ་རྡོ་སློག་དང་ཆུ་རྐ་བརྐོས་པ། རྩྭ་ཕྱུགས་དོ་མ་མཉམ་པ་དང་ཨ་བྲས་གནོད་འཚེ། དམིགས་བསལ་གྱི་ས་གཤིག་དང་གནམ་གཤིས་སོགས་ཀྱི་རྐྱེན་གྱིས་མཛོད་དགེ་རྫོང་གི་ཁོད་སྙོམས་ལ་རྫོང་མཐུག་པའི་རྩྭ་ཐང་དུ་བྱེ་འགྱུར་བྱུང་བའི་གནས་ཚུལ་བྱུང་། 2005ལོར་མཛོད་དགེ་རྫོང་གི་སྐབས་གསུམ་པའི་བྱེ་འགྱུར་ལ་ལྟ་ཞིབ་དང་ཚད་ལེན་བྱེད་པའི་ཡིག་ཆ་ལྟར་ན། སྐབས་དེར་མཛོད་དགེ་རྫོང་གི་བྱེ་འགྱུར་རྒྱ་ཁྱོན་ནི་ས་མུའུ་ཁྲི8.7ཙམ་ཡིན་ལ། དེའི་ཆེ་ཆུང་ནི་ཕལ་ཆེར་ཚད་ལྡན་གྱི་རྐང་སྤོལ་ཐང8123གྱི་ཆེ་ཆུང་དང་མཚུངས།
མཛོད་དགེ་རྫོང་རྨེ་ཆུ་ཡུལ་ཚོའི་འབྲོག་པ་ཚེ་རིང་རྒྱ་མཚོས་བཤད་རྒྱུར་སྐབས་ཐོག་ཅིག་ལ་བྱེ་འགྱུར་གྱི་ཚད་ཧ་ཅང་ཚབས་ཆེ་བ་དང་། ནངས་སྔ་མོ་ཡར་ལངས་མ་ཐག་གི་ཆེས་ཐོག་མའི་ལས་ཀ་ནི་ང་ཚོ་རང་རང་གི་ཟོག་རའི་ནང་དུ་སོང་ནས་བྱེ་མ་ཁུར་རྒྱུ་དེ་ཡིན། སྐབས་ཐོག་དེ་ང་ཚོའི་ཆེས་སེམས་ཁུར་བྱེད་ས་ནི་ང་ཚོའི་ཕ་ས་ཕ་ཡུལ་དེ་ཉིན་ཞིག་བྱེ་མའི་ནུབ་འགྲོ་བར་སྐྲག་པ་དེ་ཡིན།
   རྒྱལ་ཁབ་གྱིས་མ་དངུལ་འབོར་ཆེན་བཏང་ནས་བྱེ་འགྱུར་འགོག་བཅོས་བྱས།
   ལོ་འདི་དག་གི་རིང་དུ་རྒྱལ་ཁབ་གྱི་སི་ཁྲོན་ནུབ་ཕྱོགས་ཀྱི་བོད་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་སྐོར་ལ་མ་དངུལ་འབོར་ཆེན་བཏང་ནས། བྱེ་འགྱུར་འགོག་བཅོས་སོགས་ཀྱི་ལས་ཀར་ཤུགས་སྣོན་དང་མཐོང་ཆེན་བླ་ལྷག་བྱས།
   2004ལོ་ནས་བཟུང་རྒྱལ་ཁབ་དང་ཞིང་ཆེན། ཁུལ་དང་རྫོང་སོགས་རིམ་པ་སོ་སོས་སྔ་གཞུག་ཏུ་རྒྱལ་ཡོངས་ཀྱི་བྱེ་འགྱུར་འགོག་བཅོས་ཀྱི་ཕྱོགས་བསྡུས་དཔེ་སྟོན་ཁུལ་དང་ཞིང་ཆེན་རིམ་པའི་བྱེ་འགྱུར་འགོག་བཅོས་ཚོད་ལྟའི་ཁུལ། རྒྱལ་ཁབ་གྱི་གཙོ་གནད་སྐྱེ་ཁམས་ནུས་ཐོན་ཁུལ་གྱི་གཏོང་སྤྲོད་སྤོ་སྒྱུར་གྱི་རྣམ་གྲངས། སི་ཁྲོན་ནུབ་ཕྱོགས་ཀྱི་བོད་ཁུལ་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་རྣམ་གྲངས་སོགས་འབྲེལ་ཡོད་ཀྱི་ལས་གྲྭ་དང་རྣམ་གྲངས་སོགས་བསྐྲུན་པས། མིག་སྔའི་བར་དུ་མཛོད་དགེ་རྫོང་ལ་མཚོན་ན། མ་དངུལ་སྒོར་ཁྲི26625ལྷག་བེད་སྤྱད་ནས་རྩ་ཐང་བྱེ་འགྱུར་གྱི་ས་མུའུ་ཁྲི35.43ལྷག་ལ་འགོག་བཅོས་བྱས་པ་དང་། འགོག་བཅོས་བྱས་ཟིན་པའི་བྱེ་འགྱུར་གྱིས་མཛོད་དགེ་རྫོང་གི་བྱེ་འགྱུར་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆ29ལྷག་ཟིན་ཡོད་པ་རེད།
   ཆུ་རྐ་སྐོང་བ་དང་རྩྭ་བཀག་པ། ཕྱུགས་ཟོག་ཚོད་འཛིན། ཨ་བྲ་དང་གནོད་འབུ་མེད་པར་བཟོ་བ། འཚོ་འགོག་རྩྭ་འདེབས་སོགས་བྱེ་འགྱུར་འགོག་བཅོས་ཀྱི་ཐད་ལ་བྱེད་ཐབས་སྣ་ཚོགས་བཀོལ་བས། ལོ་འདི་དག་གི་རིང་ལ་མངོན་གསལ་གྱི་ནུས་པ་ཐོན་ཡོད་པ་མིག་མཐོང་ལག་ཟིན་ཡིན།
   ཕ་གཞིས་སྲུང་སྐྱོང་བྱེད་པ་ནི་ང་ཚོ་ཚང་མའི་འགན་ཁུར་ཡིན།
   བྱེ་འགྱུར་འགོག་བཅོས་བྱེད་པ་ནི་ལས་གཞི་ཆེན་པོ་ཞིག་ཡིན་ལ། ས་བབ་མཐོ་ལ་སྐྱེ་ཁམས་ཁོར་ཡུག་ཧ་ཅང་ཉམས་ཞན་ཡིན་པའི་མཐོ་སྒང་གི་རྩྭ་ཐང་འདིར་མཚོན་ན། ང་ཚོས་རྩྭ་ཐང་འདི་ནས་གོམས་གཤིས་ངན་པ་ཞིག་གམ་བྱེད་སྟངས་ཆུང་ཆུང་ཞིག་གིས་རྩྭ་ཐང་འདི་ཐང་རྒོད་ཅན་དུ་གཏོང་སྲིད་ལ། ཐ་ན་ང་ཚོའི་འཚོ་ཚིས་སྐྱོང་ཐབས་ཀྱི་ཆེད་དུ་རི་མགོ་ནས་སྨན་རྩྭ་འཐུ་བ་དང་བྱེ་མ་ལེན་པ། ཟོག་གི་ལྕི་བ་འཐུ་བ་སོགས་བྱས་ནའང་རྩྭ་ཐང་གི་བྱེ་འགྱུར་ལ་གནོད་པ་ཆེན་པོ་ཐེབས་སྲིད་པ་རེད།
   མཛོད་དགེ་རྫོང་ཁོར་ཡུག་སྲུང་སྐྱོང་དང་ནགས་ལས་ཅུས་ཀྱི་བྱེ་འགྱུར་འགོག་བཅོས་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་ཅཱ་ཀྲིས་བཤད་རྒྱུར། བྱེ་འགྱུར་འགོག་བཅོས་ཐད་ལ་རང་གི་བསམ་ཚུལ་ཡོད་དེ། བྱེ་འགྱུར་འགོག་བཅོས་དེ་རྒྱལ་ཁབ་ཀྱི་དོན་དག་ཙམ་མ་ཡིན་ལ། མི་ཁག་ཅིག་གི་དོན་དག་ཙམ་ཡང་མ་ཡིན་པར། དེ་ནི་སྤྱི་ཚོགས་ཡོངས་ཀྱི་འབད་པ་ལ་བརྟེན་དགོས་པ་ཞིག་རེད་ཅེས་བཤད།
   དཔེར་ན། རང་གི་རྩྭ་སའི་ཆེ་ཆུང་དང་བསྟུན་ནས་ཕྱུགས་ཟོག་ལ་ཚོད་འཛིན་བྱེད་པ་དང་། གསོ་སྤེལ་ལག་རྩལ་ཇེ་མཐོར་གཏོང་བ། ཐོན་མཐོའི་གཟན་རྩྭ་ནང་འདྲེན་བྱས་ནས་རང་གི་རྩྭ་སར་ཕྱུགས་ཟོག་ཤོང་ཚད་ཇེ་མཐོར་གཏོང་བ། དེ་མིན་ཐོན་ལས་གྱི་གྲུབ་ཆ་ལེགས་སྒྲིག་བྱས་ནས་ངལ་རྩོལ་གྱི་ནུས་པ་མང་བོ་དེ་ལྗོངས་སྐོར་ལས་རིགས་དང་ཞབས་ཞུའི་ལས་རིགས་སུ་བསྒྱུར་དགོས་པ་རེད།
   མང་ཚོགས་ལ་རིག་གནས་དང་ནུས་རྩལ་གྱི་ཚད་བཀག་ཆེ་བས། འབྲོག་པས་ཐོན་ལས་གྱི་གྲུབ་ཆ་ལེགས་སྒྲིག་དང་སྙོམས་སྒྲིག་བྱེད་སྐབས། སྲིད་གཞུང་གིས་གསོ་སྦྱོང་དང་རྨང་གཞིའི་འཛུགས་སྐྲུན་སྐོར་ལ་སྔར་ལས་ལྷག་པའི་སྒོ་ནས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་དགོས། དེ་མིན་ལྗོངས་རྒྱུ་བ་དང་ས་དེའི་མང་ཚོགས་རྣམས་རྩྭ་ཐང་དུ་ལྗོངས་སྐོར་དུ་འགྲོ་སྐབས་སུ་གད་སྙིགས་གང་སར་མི་འཕེན་པ་དང་མེ་ཁུངས་ལ་དོ་དམ་ལེགས་པོ་བྱེད་པ། རླངས་འཁོར་རྩྭ་ཐང་དུ་མི་སྐོར་བ་བཅས་ལ་དུས་རྒྱུན་དུ་གཟབ་དགོས།
   འགོག་བཅོས་བྱེད་པ་ཧ་ཅང་གལ་ཆེ་ལ། བདག་སྐྱོང་བྱེད་པ་ནི་དེ་ལས་ཀྱང་གལ་ཆེན་ཡིན། རྒྱལ་ཁབ་ཀྱི་མཁོ་འདོན་བྱེད་བཞིན་པའི་ཁ་གསབ་སྣ་ཚོགས་ཀྱི་དུས་ཡུན་གང་མཚམས་ཀྱིས་ཕྱིར་འགྱང་བྱས་ནས། འབྲོག་པའི་རྩྭ་སར་བརྟེན་པའི་འདུ་ཤེས་ཇེ་དམའ་རུ་གཏོང་བར་འབད་བརྩོན་བྱེད་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1