དཀར་མཛེས་ཁུལ་གྱི་ས་གནས་བཞི་དམངས་ཁྲོད་རིག་གནས་ཀྱི་ཕ་ས་ཞེས་པའི་མིང་ཐོར་ཚུད་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 08-24



        ཉེ་ཆར། སི་ཁྲོན་ཞིང་ཆེན་རིག་གནས་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོ་ནས2020ལོའི་ལོ་འཁོར་བར་སི་ཁྲོན་ཞིང་ཆེན་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ས་ཞེས་པའི་མིང་བཏགས་པ་ལས། དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་གྱི་བོན་པོ་གཤིས་ཡུལ་ཤོག་སོགས་ཞིང་ཆེན་ཡོངས་ཀྱི་རྫོང་དང་སྡེ་ཁུལ། ཤང་དང་གྲོང་རྡལ39ལ་མིང་བཏགས་ནང་ཚུད་པ་དང་། རང་ཁུལ་གྱི་དར་མདོ་གྲོང་ཁྱེར་བོན་པོ་གཤིས་ཡུལ་ཤོག་གི་མི་ཉག་སྐོར་བྲོ་དང་། སྡེ་རོང་རྫོང་གི་ཝ་ཁ་གྲོང་བརྡལ་གྱི་ཤོག་འཆམ། སྡེ་དགེ་རྫོང་སྨད་ཤོད་ཡུལ་ཤོག་གི་སྡེ་དགེ་བྲོ་ཆེན། རོང་བྲག་རྫོང་གི་བྲག་སྟེང་གྲོང་བརྡལ་གྱི་རྒྱལ་རོང་སྐོར་བྲོ་བཅས་མིང་ཐོ་རུ་བདམས་ཐོན་བྱུང་བ་རེད།


མི་ཉག་སྐོར་བྲོ།

        མི་ཉག་སྐོར་བྲོ་ཞེས་པ་ནི་མི་ཉག་ཡུལ་གྱི་ངལ་རྩོལ་མི་དམངས་ཀྱི་ཐུང་མོང་བའི་གསར་གཏོད་དང་བརྒྱུད་སྤེལ་བྱས་པའི་གནའ་བྲོ་ཞིག་ཡིན་ལ་གནའ་ནས་ད་བར་དུ་དགའ་སྤྲོ་རྟེན་འབྲེལ་གྱི་དུས་དང་བུ་དང་བུ་མོ་མག་པ་དང་མནའ་མ་སོགས་གཏོང་བའི་སྐབས་སུ་འཁྲབ་བའི་གནའ་བྲོ་ཞིག་སྟེ། མི་ཉག་ཡུལ་གྱི་འཚོ་བ་དང་ངལ་རྩོལ་ལས་བྱུང་བའི་ཐུན་མོང་མ་ཡིན་པའི་རིག་གནས་ཕུན་སུམ་ཚོགས་པ་ཞིག་རེད།
        མི་ཉག་སྐོར་བྲོའང་དམངས་གཞས་དར་འཕེལ་ལྟར་སྤྱི་ཚོགས་འཚོ་བ་དང་ངལ་རྩོལ་ལས་བྱུང་བའི་རྒྱུ་མཚན་ནི་མི་ཉག་ཡུལ་དུ་ཁང་ལས་འཛུགས་སྐྲུན་ཤིན་ཏུ་མང་བས་ཕལ་ཆེར་ཁྱིམ་ཚང་རེ་རེས་ལོ་བཅུ་ཡས་མས་ལ་ཁང་ལས་བྱེད་སྲོལ་ཏེ། དུས་ད་ལྟའང་རྒྱུན་སྤེལ་བྱེད་ཡོད་པ་ནི་ཚང་མས་མིག་མཐོང་ལག་ཟིན་རེད། གནས་ཚུལ་དེ་ནི་ཨར་སྐྲུན་མཁས་ཆེན་མང་བས་འཛམ་གླིང་ཐོག་ནས་བཤད་ན་སྡོད་ཁང་ལས་སྲོལ་ཆེས་མང་བའི་ལུང་པ་རེད་ཟེར་སྲོལ་ཡོད།
        ཁྱིམ་ཚང་སོ་སོས་ཁང་ལས་འཛུགས་སྐྲུན་གྱི་གྲུབ་འབྲས་ཐོབ་རྗེས་གཉེན་ཉེ་རིགས་དང་ཡུལ་མི་ཁྱིམ་མཚེས་སོགས་བོས་ནས་དགའ་སྤྲོ་རྟེན་འབྲེལ་ཞུས་ཏེ་ཆང་ཨ་རག་འཐུང་ཞིང་གཟུགས་མཛེས་སྐད་སྙན་ལྡན་པའི་ཕོ་མོ་བོས་ནས་སྐོར་བྲོ་དེ་འཁྲབ། སྐོར་བྲོ་འཁྲབ་དུས་གལ་སྲིད་འཕག་འཚག་ཆེ་སོང་ན་ཐལ་བ་ཆེ་བས་ལྟད་མོ་བ་རྣམས་ལ་མི་མཛེས་བ་དང་གཅིག  གཉིས་ནི་མི་ཉག་ཡུལ་མི་ལ་གཤིས་རྒྱུད་འཇམ་པའི་ཁྱད་ཆོས་ཏེ། དུས་རྒྱུན་དུ་ཕན་ཚུན་ཁ་བརྡ་བྱེད་དུས་སྐད་ཤུགས་ལྷོད་ཞིང་རིང་བས་ངང་རྒྱུད་འཇམ་པོ་མཚོན་ཐུབ་པ། གསུམ་ནི་མི་ཉག་ཡུལ་གྱི་མི་དམངས་རྣམས་ནི་ཕན་ཚུན་བར་ལ་ཤིན་ཏུ་བརྩི་ཞིང་གུས་བཀུར་ལྡན་པའི་རྒྱུ་མཚན་གྱིས་བྲོ་དེའང་ལྷོད་ཞིང་དལ་བ་དང་སྐད་ཤུགས་རིང་པོ། གོམ་པའི་རྡོག་བྲོ་ག་ལེར་བརྒྱབ་པ་སོགས་གྱི་ཁྱད་ཆོས་ཡོད་དོ།།
        མི་ཉག་སྐོར་བྲོ་ལ་དབྱེ་ན་མཆོད་བྲོ། འགྲོ་བྲོ་དང་འཛོམས་བྲོ། གཡང་བྲོ། བཀྲ་ཤིས་ཀྱི་བྲོ། བྲོ་ཤགས་སོགས་ཀྱི་དབྱེ་བ་ཡོད་དོ།།
སྡེ་རོང་གི་ཤོག་འཆམ།
        ཤོག་འཆམ་ནི་ཉི་མའི་ལུང་པ་རུ་གྲགས་པའི་སྔོན་བྱོན་མེས་པོ་རྣམས་ཀྱི་རྗེས་རབས་པར་བཞག་པའི་རིག་གནས་སྒྱུ་རྩལ་གྱི་གཅེས་ནོར་ཡིན་ཞིང་། ས་གནས་དེ་གའི་དམངས་ཁྲོད་དུ་ཁྱབ་པའི་བཤད་སྲོལ་ལ་གཞིགས་ན། རྒྱ་བཟའ་ཀོང་ཇོ་བོད་ལ་གདན་དྲངས་པའི་སྐབས་སུ་འབྲི་ཆུའི་འགྲམ་དུ་ཤོག་འཆམ་འཁྲབ་སྟོན་བྱས་ཏེ་བསུ་མའི་མཛད་སྒོ་སྤེལ་ནས་རྟེན་འབྲེལ་གྱི་ཆོ་ག་རབ་དང་རིམ་པ་སྤེལ།མཛད་སྒོ་དེར་དྲན་རྟེན་བྱེད་ཕྱིར་དམངས་ཁྲོད་ཀྱི་ཞབས་བྲོ་འདི་མི་རབས་ནས་མི་རབས་བར་དུ་རྒྱུན་འཛིན་བྱུང་ནས་ད་བར་དུ་མ་ཉམས་སོར་གནས་བྱུང་ཡོད་པ་རེད། ཤོག་འཆམ་གྱི་གཞི་གདངས་དང་བྲོ་སྟབས་ནི་སྡེ་རོང་སྐོར་བྲོ་ལས་མཆེད་ཅིང་སྡེ་རོང་ཡུལ་སྐད་གཙོ་བོར་བྱས་ནས་འཁྲབ་པ་རེད།
        སྡེ་རོང་ཤོག་འཆམ་ལ་གནའ་སྲོལ་དོད་ཅིང་བཤངས་ཆེ་ལ་ངར་ཤུགས་ལྡན། ཞབས་བྲོའི་ཁྱད་ཆོས་གཙོ་བོ་ནི་རྡོག་བྲོ་ལས་མངོན་ཞིང་། རྡོག་ཤུགས་ཆེ་ལ་རྡོག་སྒྲ་གསལ་བ་དང་། འཆམ་མཁན་གྱི་སྐེད་བཀུག་དང་བསྟུན་ནས་རྡོག་བྲོ་འགྱུར་བས་མཉེན་ཉམས་དོད། རྡོག་བྲོ་བརྡུང་བ་དང་བརྐྱང་བསྐུམ་ཟུང་དུ་འབྲེལ་བ་ལས་ཤོག་འཆམ་གྱི་ཐུན་མོང་མ་ཡིན་པའི་བྲོ་བ་ཞིག་ཚོར་ཐུབ།
        ངོ་མཚར་སྟོང་དང་ལྡན་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་ལོ་རྒྱུས་ཀྱི་རིག་གནས་མཚོན་པའི་དམངས་ཁྲོད་སྒྱུ་རྩལ་ཏེ་སྡེ་རོང་ཤོག་འཆམ་ལ་ས་གནས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་ཤིང་བཅོས་མིན་གྱི་འཚོ་བའི་བྲོ་བ་ཆེ་བ་དང་། ལོ་རྒྱུས་རིག་གནས་དང་དམངས་སྲོལ་རིག་པ། ཞབས་བྲོའི་རིག་པ་སོགས་ཞིབ་འཇུག་བྱེད་པའི་དཔྱད་གཞི་གལ་ཆེན་དུ་གྱུར་པ་རེད།
        ད་ལྟ་དེང་རབས་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་ཤོག་འཆམ་ཤེས་མཁན་གྱི་སྒྱུ་རྩལ་པ་ཇེ་ཉུང་ནས་ཇེ་ཉུང་སོང་ཞིང་བརྒྱུད་འཛིན་པ་ཆད་པའི་ཉེན་ཁའི་གནས་སུ་ལྷུང་ཡོད་པས་མྱུར་སྐྱོབ་སྲུང་སྐྱོང་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད་དོ།། 
སྡེ་དགེའི་སྐོར་བྲོ།
        སྡེ་དགེའི་སྐོར་བྲོ་ལ་མཆོད་བྲོ་དང་འཛོམས་བྲོ། གཙོ་བྲོ།  ཐོར་བྲོ། བཀྲ་ཤིས་པའི་བྲོ་བཅས་ཕྱེ་ཡོད་ལ། ཞབས་བྲོའི་ཡུལ་བཀོད་དང་བྲོ་ཚིགས་ཚང་མའི་གོ་རིམ་ལ་བསྲུང་བྱ་དང་བླང་བྱ་ནན་པོར་ཡོད་པས། སྤྱིར་བཏང་གི་ཚགས་དམ་པོ་དེ་ཙམ་མེད་པའི་དམངས་ཁྲོད་ཞབས་བྲོ་དང་གཏན་ནས་མི་འདྲ་བ་རེད།
        སྲོལ་རྒྱུན་གྱི་གོམས་གཤིས་ལ་ལྟར་ན། སྡེ་དགེའི་བྲོ་ཆེན་གྱི་བྲོ་ཚིག་དང་བྲོའི་རོལ་དབྱངས་ལ་གོ་རིམ་ངེས་ཅན་ཞིག་ཡོད་པས།རང་དགར་འགྱུར་ལྡོག་བྱེད་མི་ཆོག   དེ་ཡང་བྲོ་དང་པོ་འཛོམས་བྲོ་དང་གཉིས་པ་སྨོན་ལམ་འདེབས་པ།གསུམ་པ་བསྟོད་བསྔགས། བཞི་པ་བཞད་གད་སློང་བ། ལྔ་པ་གཉེན་བྲོ། དྲུག་པ་ཆོས་བྲོ་བཅས་ཡིན་ཏེ། དུས་རྒྱུན་དུ་བྲོ10ལྷག་འཁྲབ་རྗེས་སྐོར་བྲོ་ཐེངས་གཅིག་གི་མཇུག་རྫོགས་པ་རེད།
        སྡེ་དགེའི་བྲོ་ཆེན་ལ་མཛེས་ཉམས་དང་གནའ་ཉམས་དོད་ཅིང་འཁྲབ་སྟོན་གྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཡོད། བོད་ཁུལ་ལོ་རྒྱུས་ཐོག་ས་གནས་རྒྱལ་པོའི་རིག་གནས་དར་རྒྱས་ཕུན་སུམ་ཚོགས་པའི་འདུས་གཟུགས་ཤིག་ཡིན་པར་མ་ཟད། ས་གནས་དེ་གའི་ཡུལ་སྲོལ་གོམས་གཤིས་དང་འཚོ་བའི་རྣམ་པ་གསོན་ཉམས་ལྡན་པའི་ངང་ནས་མཚོན་པར་བྱས་ཡོད།
རྒྱལ་རོང་སྐོར་བྲོ།   
        རྒྱལ་རོང་སྐོར་བྲོ་ནི་གདངས་སྙན་པོ་དང་ངག་བབ་ཆགས་པའི་སྐད་ངག་གི་འགྱུར་ཁུག་ཀློང་ནས་མགོ་བརྩམ་དགོས་ཤིང་། འདི་ནི་བོད་རྒྱལ་མོ་རོང་གི་སྔོན་རབས་ཀྱི་མེས་པོ་གོང་མ་དག་གིས་ཞིང་རྨོ་འདེབས་དང་སྟོན་བརྔ་བསྡུ། མཁར་བརྩིགས་པ་སོགས་ཀྱི་རང་བྱུང་ཁམས་ཀྱི་འཚོ་བའི་ཁྲོད་ནས་མི་རབས་ནས་མི་རབས་བརྒྱུད་དེ་གསར་དུ་བཏོན་ནས་ཡོང་བའི་ཤུལ་ནོར་རྩ་ཆེན་ཞིག་ཡིན་ལ། སྐོར་བྲོ་འདི་ནི་སྟག་ཤར་དང་སྨན་ཤར་ཟུང་འབྲེལ་གྱིས་སྐད་ངག་སྙན་མོའི་འགྱུར་ཁུག་དང་ལུས་ཟོར་ཡང་བའི་སྟངས་སྟབས་ཀྱི་འཁྲབ་དགོས་པའི་བོད་རྒྱལ་མོ་རོང་གི་ཚབ་མཚོན་རང་བཞིན་གྱི་སྐོར་བྲོ་ཞིག་ལགས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1