ཞི་ཅིན་ཕིང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས་བྱིས་པའི་མིག་ལ་མཉམ་དུ་སྲུང་སྐྱོབ་བྱས་ཏེ་ཁོ་ཚོར་གསལ་ལམ་མེའི་མ་འོངས་པ་ཞིག་ཡོད་པར་བྱེད་དགོས་ཞེས་བསྟན།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 08-30



          ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས། རང་རྒྱལ་གྱི་སློབ་མའི་ཁྲོད་དུ་མིག་གིས་རྒྱང་མི་རིག་མཁན་མང་དུ་འབྱུང་བཞིན་པ་དང་དེ་ལོ་ཆུང་ཅན་དུ་འགྱུར་བའི་གནས་བབ་མངོན་པ་འདི་ནི་རྒྱལ་ཁབ་དང་མི་རིགས་ཀྱི་མ་འོངས་པ་དང་འབྲེལ་བའི་གནད་དོན་ཆེན་པོ་ཞིག་ཡིན་པས། ངེས་པར་དུ་དེར་མཐོང་ཆེན་བྱེད་དགོས་པ་དང་། དེ་ཚབས་ཇེ་ཆེར་འགྲོ་རུ་འཇུག་མི་རུང་ཞེས་བསྟན།
          ཞི་ཅིན་ཕིང་གིས་འབྲེལ་ཡོད་ཕྱོགས་ཀྱིས་སློབ་གསོའི་བཅོས་སྒྱུར་ཟབ་སྤེལ་བྱེད་པར་འབྲེལ་ནས་ནུས་ལྡན་གྱི་ཕྱོགས་བསྡུས་འགོག་བཅོས་བྱེད་ཐབས་གཏན་ཁེལ་བྱེད་དགོས་པའི་མཛུབ་སྟོན་གནང་བར་མ་ཟད། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་དངོས་འབེབས་དམ་འཛིན་བཟང་པོ་བྱེད་དགོས་པའི་སྐུལ་མ་བཏང་། ཞི་ཅིན་ཕིང་གིས་སྤྱི་ཚོགས་ཡོངས་ཀྱིས་འགུལ་སྐྱོད་སྤེལ་ཏེ་བྱིས་པའི་མིག་ལ་མཉམ་དུ་སྲུང་སྐྱོབ་བྱས་ནས། ཁོ་ཚོར་གསལ་ལམ་མེའི་མ་འོངས་པ་ཞིག་ཡོད་པར་བྱེད་དགོས་ཞེས་ནན་གྱི་བསྟན།
          རང་རྒྱལ་གྱི་ན་གཞོན་ལོ་ཆུང་གི་མིག་ནུས་བདེ་ཐང་ལ་སྤྱི་ཁྱབ་ཧྲུའུ་ཅིས་རྒྱུན་དུ་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད་པ་དང་། ཞི་ཅིན་ཕིང་གིས་དེའི་ཐད་ཀྱི་འབྲེལ་ཡོད་བྱ་བར་མཛུབ་སྟོན་གལ་ཆེན་གནང་མྱོང་། ཉེ་སྔོན་འབྲེལ་ཡོད་ཚགས་པར་སྟེང་དུ་ཀྲུང་གོའི་སློབ་མའི་ཁྲོད་དུ་མིག་གིས་རྒྱང་མི་རིག་མཁན་མང་དུ་འབྱུང་བར་ཐེ་གཏོགས་བྱེད་དགོས་ཞེས་པའི་རྩོམ་ཡིག་ཅིག་མཐོང་རྗེས། ཞི་ཅིན་ཕིང་གིས་གོང་གི་མཛུབ་སྟོན་གནང་ནས། བྱ་བ་དེར་ཁ་ཕྱོགས་གསལ་པོ་བསྟན་པ་རེད།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་ཆེད། སློབ་གསོ་པུའུ་ཡིས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་སོགས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཞིབ་འཇུག་བྱས་ཏེ་བྱིས་པ་དང་ན་གཞོན་ལོ་ཆུང་གི་མིག་གིས་རྒྱང་མི་རིག་པར་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་བྱེད་པའི་ལག་བསྟར་ཐབས་ཇུས་གཏན་ཁེལ་བྱས་པར་མ་ཟད། འབྲེལ་ཡོད་སྡེ་ཁག་དང་སྤྱི་ཚོགས་ཡོངས་ཀྱི་བསམ་འཆར་ཡོངས་ཁྱབ་ཏུ་བསྡུ་ལེན་བྱས། ཐབས་ཇུས་ནང་དུ་བྱིས་པ་དང་ན་གཞོན་ལོ་ཆུང་གི་མིག་གིས་རྒྱང་མི་རིག་པར་སྔོག་འགོག་ཚོད་འཛིན་བྱེད་པའི་དུས་རིམ་རང་བཞིན་གྱི་དམིགས་འབེན་བཏོན་ནས། ཁྱིམ་ཚང་དང་སློབ་གྲྭ། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སོགས་ཕྱོགས་སོ་སོའི་འགན་ཁུར་གཏན་ཁེལ་གསལ་པོ་བྱས་ཡོད་པར་མ་ཟད། རྒྱལ་ཡོངས་ཀྱི་བྱིས་པ་དང་ན་གཞོན་ལོ་ཆུང་གི་མིག་གིས་རྒྱང་མི་རིག་པར་སྔོན་འགོག་ཚོད་འཛིན་བྱེད་པའི་བྱ་བའི་གདེང་འཇོག་དཔྱད་ཞིབ་ལམ་ལུགས་འཛུགས་རྒྱུའི་ཐག་བཅད། ཐབས་ཇུས་དེ་མི་འགྱང་བར་འགྲེམ་སྤེལ་བྱས་ཏེ་ལག་བསྟར་བྱེད་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1