མང་ཚོགས་ཀྱི་འཚོ་བར་བདེ་སྐྱིད་ཀྱི་གཟི་མདངས་རྒྱས།

མགོན་པོ་ཚེ་བརྟན་གྱིས་བྲིས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-30


ལས་འཁྱུར་ངལ་གསོ་བྱས་པའི་སྡེ་བའི་འགོ་ཁྲིད་ཞིག་གི་མིག་ནང་གི་གྲོང་སྡེའི་འགྱུར་བ།

        ལྗང་མདོག་རི་ཀློང་གི་དཀྱིལ་ན་རྫ་ཆུ་བསིལ་མ་ལྷུང་ལྷུང་དུ་འབབ་ཅིང་གྲལ་འགྲིག་ལ་རྣམ་པ་མཛེས་པའི་ཁང་བ་མང་པོ་བསྟར་བསྒྲིག་པ་འདི་ནི། གཟི་རྩ་སྡེ་དགུ་རྫོང་སྟག་ལོ་ཡུལ་ཚོ་སྟག་ལོ་གྲོང་ཚོའི་དབུལ་སྐྱོར་གནས་སྤོར་ས་ཚིགས་ཀྱི་སྡོད་ཁང་གསར་བ་དག་རེད།  འདི་ནས་གྲོང་ཚོ་ཞིག་གྲོང་སྡེ་རྙིང་བ་ནས་སྡོད་ཁང་གསར་བར་གནས་སྤོས་པའི་ཕོ་འགྱུར་མཐོང་ཐུབ་ལ།  འདི་ནས་གྲོང་སྡེ་ཞིག་གི་འཕེལ་རྒྱས་ཀྱིས་གྲོང་གསེབ་ཀྱི་འཕེལ་རྒྱས་ཆེན་པོ་མཚོན་ཐུབ།
        བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་ངོ་40ནི་གྲོང་གསེབ་གྱི་འཕེལ་རྒྱས་འགོམ་བརྒལ་ལྟར་འཕེལ་རྒྱས་སོང་བའི་ལོ་ངོ་40ཡིན་ལ། ད་ལོ་དགུང་ལོ་63ལོན་པའི་རྒན་པོ་ཆོས་བྱམས་ནི་སྟག་ལོ་གྲོང་ཚོའི་ལོ་རྒྱུས་འཕོ་འགྱུར་དངོས་སུ་མིག་གིས་འཚོས་ཞིང་སེམས་ཀྱི་མྱོང་བ་མ་ཟད། གྲོང་གསེབ་གསར་སྐྲུན་གྱི་རྣམ་པ་ཉིན་རེ་བཞིན་འཕོ་འགྱུར་འགྲོ་བཞིན་པ་བདེན་དབང་བྱེད་མཁན་ཡིན།  རྒན་པོ་ཆོས་བྱམས་ནི་སྟག་ལོ་གྲོང་ཚོའི་སྔོན་ཆད་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན་ལ། 1976ལོ་ནས་བཟུང་2016ལོའི་བར་གྱི་ལོ་ངོ་40རིང་།  ཁོའི་སྔ་གཞུག་ཏུ་སྟག་ལོ་གྲོང་ཚོའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་གྲོང་ཚོའི་ཏང་ཀྲི་པུའུ་ཧྲིའུ་ཅི་སོགས་ཀྱི་འགན་ཁུར་ནས།  མི་ཚེ་གང་བོར་གྲོང་གསེབ་གྱི་གཞི་རིམ་འཛུགས་སྐྲུན་ལ་ཞབས་ཞུ་སྒྲུབ་པ་རེད།
        1976ལོའི་སྐབས་ཐོག་དེར་ཕྱིར་འདང་ཞིག་རྒྱབ་ན།  དཔལ་འབྱོར་ལ་འཆར་གཞི་འགོད་པའི་སྒྲིག་སྲོལ་དེའི་འོག་གི་སྟག་ལོ་ཡུལ་ཚོར་མཚོན་ན། ལྟོ་གོས་ཙམ་ཡང་ཐག་གཅོད་བྱེད་དཀའ་ལ་རོང་འབྲོག་མང་ཚོགས་ཀྱི་འབྲུ་མཛོད་དུ་འབྲུ་རིགས་ལྷག་མ་ཡོད་མི་སྲིད་ཅིང་།  སྐབས་དེར་ཕྱུག་འགྱུར་དང་འཕེལ་རྒྱས་ནི་སྟག་ལོ་ཡུལ་ཚོར་མཚོན་ན་རི་བོང་རྭ་དང་རུས་སྦལ་བུ་བཞིན་དུ་གྱུར་ཡོད།
        རྒན་པོ་ཆོས་བྱམས་ཀྱིས་བཤད་རྒྱུར། གྲོང་གསེབ་ལ་འཕོ་འགྱུར་བྱུང་བའི་ཁ་ཕྱོགས་འགྱུར་མཚམས་གཙོ་བོ་ནི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཡིན་ལ། 1982ལོར་རྒྱལ་ཡོངས་སུ་ཁྱིམ་ཚང་གིས་མཉམ་འབྲེལ་ཐོན་སྐྱེད་ཀྱི་འགན་གཙང་ལེན་བྱེད་པའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ཏེ། དུད་ཁྱིམ་རེ་རེར་ས་ཞིང་བགོས་བཤའ་བརྒྱབ་པ་རེད། སྐབས་དེར་སྡེ་བའི་ནང་གི་མི་ཚང་མར་བརྩོན་སེམས་སྔར་བས་ཡོད་པ་མ་ཟད། རང་གི་ཁ་རྒྱབ་དང་ལྟོ་གོས་ཐག་ཆོད་བྱེད་ཐུབ་པ་མ་ཟད།  འབྲུ་མཛོད་དུ་ཡང་འབྲུ་རིགས་ལྷག་མ་ཡོད་པར་གྱུར།  དེ་ནས་ཏང་གི་སྲིད་ཇུས་བཟང་བོའི་འོད་ཟེར་གྱིས་ཞིང་སྡེ་ཡོངས་ལ་བཀྲག་མདངས་གསར་བ་ཞིག་འཕྲོ་བར་བྱས་ལ།  ལྷག་པར་དུ་2016ལོའི་ཟླ་1པོར་རྒྱལ་ཁབ་གྱིསཞིང་ལས་དཔྱ་ཁྲལ་མེད་པར་བཟོས་པས། དོན་དངོས་ཐོག་ཞིང་འབྲོག་མང་ཚོགས་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་།  དུས་དེ་བཟུང་ཞིང་འབྲོག་མང་ཚོགས་ཀྱིས་གོམ་པ་ཕྱུག་འགྱུར་གྱི་ཕྱོགས་སུ་སྤོས་པ་ཡིན།

        སྔོན་ཆད། རི་སྐྱེས་སྔོ་ཚལ་འཐུ་བ་དང་རྩྭ་སྨན་བཏུ་བ།  ནས་འདེབས་པ་དང་ཕྱུགས་བ་འཚོ་བ་ནི་སྟག་ལོ་གྲོང་ཚོའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་རྣམ་པ་ཡིན་མོད།  འོན་ཀྱང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བཞིན་པའི་དེ་རིང་གི་དུས་འདིར་གནམ་ལ་བརྟེན་ནས་འཚོ་བ་རོལ་བ་ཙམ་གྱིས་ཉིན་རེ་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་པའི་དངོས་པོའི་རིག་གནས་ཀྱི་དགོས་མཁོ་སྐོང་མི་ཐུབ་ཤེས་ནས།  ལོ་འདི་དག་གི་རིང་མི་རིགས་སློབ་གསོ་ལ་སྐུལ་འདེད་དང་མང་ཚོགས་ཀྱི་རིག་གནས་ཆུ་ཚད་ཇེ་མཐོར་གཏོང་བར་ཤུགས་སྣོན་བྱས་པས། སྟག་ལོ་ཡུལ་ཚོའི་སྡེ་མི་ཚོའི་བསམ་བློའི་འདུ་ཤེས་འཛིན་སྟངས་ལ་འགྱུར་བ་ཆེན་པོ་བྱུང་ནས། ལོ་འདི་དག་གི་རིང་ལ་ས་ཆ་གཞན་དུ་ལས་ཀ་འཚོལ་བར་འགྲོ་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད།
        སྟག་ལོ་སྡེ་བའི་གྲོང་སྡེ་རྙིང་བ་ནི་སྲོལ་རྒྱུན་གྱི་རྣམ་པ་ཕུན་སུམ་ཚོགས་པའི་གནའ་བོའི་བོད་ཀྱི་གྲོང་རྙིང་ཞིག་ཡིན་ལ། 1995ལོའི་ནས་བཟུང་གྲོང་རྙིང་འདི་ནས་ཁང་བ་གསར་སྐྲུན་མ་བྱས་པར། གྲོང་རྙིང་གི་རྣམ་པ་གསོར་བཞག་བྱས་པས།  སྟག་ལོའི་གྲོང་རྙིང་འདི་སྲོལ་རྒྱུན་གྲོང་རྙིང་སྲུང་སྐྱོང་གི་མིང་གྲལ་དུ་བཞག།  གནས་སྤོར་རྗེས་ཀྱི་སྟག་ལོ་སྡེ་བའི་མང་ཚོགས་ཀྱིས་གྲོང་རྙིང་འདི་དང་ལྷ་ཡི་རྫིང་བུ་གཉིས་ལ་བརྟེན་ནས་ལྗོངས་སྐོར་བ་སྣེ་ལེན་བྱས་པས། ཞིང་སྡེའི་ལྗོངས་སྐོར་ལས་རིགས་འཕེལ་རྒྱས་སུ་སོང་བ་མ་ཟད། མང་ཚོགས་རྣམས་ཕྱུག་འགྱུར་ཡོང་བའི་འགྲོ་ལམ་གསར་བ་ཞིག་ཀྱང་རྙེད་པ་རེད།
        གནམ་དྭངས་དུས་སུ་ཐལ་རྡུལ་གྱི་གང་བ་དང་གནམ་འབབ་དུས་སུ་འདམ་གྱིས་གང་བའི་ལུག་གི་རྒྱུ་མ་ལྟར་འཕྲ་བའི་ལོ་ངོ་40སྔོན་གྱི་སྟག་ལམ་སྡེ་བའི་ལམ་ཕྲན་ཆུང་ངུ་བརྒྱུད་དེ།  རྒྱུན་སྤྱོད་འཚོ་བའི་ཁྲོད་ཀྱི་དངོས་ཟོག་རྣམས་རང་གིས་ཁུར་བ་དང་རྟ་ལ་བཀལ་ནས་སོང་བའི་རྣམ་པ་དེ་རང་གི་མིག་འཆར་ཡོང་བས། འགྲིམ་འགྲུལ་སྟབས་བདེ་མིན་གྱིས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་ཤུགས་རྐྱེན་ཆེན་པོ་ཐེབས་ཞེས་རྒན་པོ་ཆོས་བྱམས་ཀྱིས་ཕྱིར་མདངས་རྒྱག་བཞིན་བཤད།  རྒྱལ་ཁབ་ཉིན་རེ་ནས་ཉིན་རེར་ཇེ་ཕྱུག་ཏུ་འགྲོ་བཞིན་ཡོད་པ་མ་ཟད།   མང་ཚོགས་ཀྱང་ཇེ་ཕྱུག་ནས་ཇེ་ཕྱུག་ཏུ་འགྲོ་བཞིན་པ་མིག་མཐོང་ལག་ཟིན་ཡིན། ང་ཚོའི་འཚོ་བ་ཡང་ཉིན་རེ་ནས་ཉིན་རེར་ཇེ་བཟང་ཡིན་པ་མ་ཟད། རང་གི་འཚོ་བར་སྐྱིད་སྣང་ཇེ་ཡོད་རེད་ཅེས་རྒན་པོ་ཆོས་བྱམས་གྱིས་གསར་འགོད་པར་བཤད། ད་ལོར་སྟག་ལོ་གྲོང་ཚོའི་དབུལ་ཞྭ་ཕུད་པའི་དམིགས་འབེན་ལེགས་འགྲུབ་ཡོང་བ་དང་། མི་འགྱངས་བར་མང་ཚོགས་ཕྱུག་འགྱུར་ཡོང་ནས་འབྱོར་འབྲིང་གི་སྤྱི་ཚོགས་སུ་སྐྱོད་པའི་ཕུགས་འདུན་མངོན་འགྱུར་ཡོང་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1