༄༅།། མི་ཉག་མགར་ཐར་ཡུལ་གྱི་སྦྲ་ནག་བཟོ་ཚུལ་མདོར་ཙམ་བཤད་པ།

རྡོ་རྗེས་བསྒྲིགས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་འཛུམ་རིས། སྤེལ་དུས། 09-03


རྡོ་རྗེས་བསྒྲིགས།
          དེ་ཡང་མངའ་ཐང་གི་དཔུང་སྟོབས་མི་དམན་ཞིང་ལོ་རྒྱུས་ཀྱི་བྱུང་བ་ཤིན་ཏུ་རིང་བའི་རི་བོ་གངས་ཅན་པའི་མཁས་པའི་དཔྱོད་ཤེས་དང་འཚོ་བའི་ཉམས་མྱོང་ལས་གྲུབ་པའི་རིག་གནས་ཀྱི་བྱུང་བ་ལོ་རྒྱུས། ངོ་བོ་རང་བཞིན། འཕེལ་རྒྱས་འགྱུར་ལྡོག ཕན་ནུས་རིན་ཐང་སོགས་ལ་བསམ་གཞིག་དང་དཔྱད་བསྡུར་གནད་དུ་གཏོང་བ་ནི་ང་ཚོའི་ལས་སུ་བྱ་བའི་དུས་ཀྱི་རིན་ཐང་ཡིན་ཞིང་འཐོར་ཞིག་དང་འཇིག་ཉེན་གྱིས་བསླངས་པའི་ཞེན་པ་དཀར་པོའི་ཚོར་རྟོགས་རྣལ་མ་ཞིག་གོ།     དེ་ཡང་འུ་ཅག་གི་མེས་པོ་གོང་མའི་ཡ་ཐོག་ཤེས་རིག་གི་རྣམ་གྲངས་དང་། དམ་པ་ལྷ་ཆོས་ཀྱི་ཤེས་རིག  དམངས་སྲོལ་གོམས་གཤིས་ཀྱི་ཤེས་རིག་སོགས་ལས་ཉམས་རྒུད་དང་རྨས་ཅན་དུ་འགྱུར་བཞིན་པའི་བོད་ཀྱི་ཡུལ་གྲུ་སོ་སོའི་རིག་གནས་དག་དང་། ལྷག་པར་དུ་སྔོན་གྱི་སྲོལ་ལུགས་མ་འགྱུར་བར་གནས་པའི་རོང་འབྲོག་སྡེ་ཁག་གི་དམངས་སྲོལ་རིག་གནས་དེ་དག་སྣང་འཇོག་དང་རྒྱུན་འཛིན། སྲུང་སྐྱོབ་དང་སླར་གསོ་ལ་ལས་བཤོལ་མེད་པར་འབད་དགོས་པ་ནི་ཅི་ནས་ཀྱང་གལ་ཆེའོ་སྙམ། དེ་དང་འབྲེལ་ཏེ་བདག་གིས་ཕ་ཡུལ་གྱི་སྦྲ་ནག་བཟོ་སྟངས་རགས་ཙམ་ཞིག་བྲི་བར་བྱ་སྟེ། དེ་ཡང་སྤྱིར་སྦྲ་ནག་གི་ལོ་རྒྱུས་ནི་བོད་ཀྱི་ལོ་རྒྱུས་ཇི་ལྟར་རིང་བ་དེ་བཞིན་དུ་རིང་བ་ཡིན་ཏེ་ལོ་རྒྱུས་ཕྱི་མོའི་ཟེར་སྒྲོས་སུ་གྲགས་པ་ལྟར་འདི་ཡི་རྒྱུ་ཆ་དང་བཟོ་སྟངས་གང་ལ་གཞིག་ན་དུས་ཤིན་ཏུ་སྔ་མོའི་མི་དག་གི་ལག་རྩལ་ལས་གྲུབ་པར་མངོན་པས་སོ།། 
          དེ་ཡང་སྦྲ་ཞེས་པའི་ཐ་སྙད་འདི་ནི་རུ་ཞེས་པའི་ཐ་སྙད་ལས་འགྱུར་བར་མངོན་ཞིང་རུ་ཞེས་པ་སྔོན་དམག་གི་དོན་ཡིན་ལ་ཕྱིས་སུ་འབྲོག་པའི་དུད་ཚང་གི་མིང་དུ་ཆགས་པ་ལྟར་རུ་ཞེས་པའི་ཐ་སྙད་ལས་སྦྲ་ཞེས་ཟུར་དུ་ཆགས་པ་སྟེ། ཨ་མདོའི་འབྲོག་པ་དག་གིས་རུ་ལ་རུ་བ་ཞེས་འབོད་ཅིང་ང་ཚོའི་འབྲོག་པ་ཚོས་ཀྱང་སྦྲ་ཞེས་འབོད་ཚེ་རུ་དང་བ་གཉིས་ཀྱི་སྒྲ་གདངས་བསྲེས་ནས་འབོད་པས་ཀྱང་ཤེས་སོ།  དེ་ལྟར་བདག་གི་ཕ་ཡུལ་གྱི་འབྲོག་པ་ཚོས་སྦྲ་ནག་གི་རྒྱུ་ཆ་ནི་ཕྱུགས་ཀྱི་རྩིད་པ་དང་ཁུ་ལུ་གཉིས་ཀྱིས་བྱེད་ཅིང་། དེ་ཡང་དང་པོར་ཁུལ་རྩིད་གཉིས་སོ་སོར་བསལ་ཞིང་རྩིད་པ་རྐྱང་བའི་རིགས་གཅིག་དང་ཁུལ་རྩིད་འདྲེས་མའི་རིགས་གཉིས་སུ་བཀར་ལ། རྩིད་པ་བསེད་ནས་རིལ་རིལ་བྱས་ཏེ་ཆེ་ཆུང་ལག་མགོ་ལས་ཅུང་དྲག་ཅིག་བྱེད། དེ་ཡང་རེ་རེ་བཞིན་བཀལ་ཏེ་སྐུད་པ་ཅུང་ཕྲ་མོ་དེས་ཐགས་ཀྱི་རྒྱུ་བྱེད་ལ་ཁུལ་རྩིད་འདྲེས་མ་དེ་ཡང་བཀལ་ནས་སྐུད་པ་ཅུང་སྦོམ་པོར་བྱས་ཏེ་ཐགས་ཀྱི་ཞེང་ལ་དྲངས་པའི་སྐུད་པ་དེ་ལ་སྤུན་ཞེས་ཐ་སྙད་བྱེད་དོ།། སྐུད་པ་འཁེལ་སྟངས་ལ་འཕང་སྤྱད་ནས་འཁེལ་སྟངས་གཅིག་དང་འཁྲིལ་སྤྱད་ནས་འཁེལ་སྟངས་གཉིས་སུ་ཡོད་ལ་དེ་ཡང་འཕང་ཞེས་པ་མཛུ་གུས་སྲད་བུ་སྒྲིམ་བྱེད་ཀྱི་ཤིང་ཕྲ་མོ་ཟ་ཐུར་ལྟ་བུ་ཞིག་ཡིན་ཞིང་དེའི་སྣེ་མོར་རྡེའུ་ཀོར་ཀོར་ཅིག་ལ་བུ་ག་ཕུག་ནས་དེར་དྲངས་ནས་བསྐོར་ལ་དེའི་མིང་ལ་འཕང་རྡོ་ཟེར་བ་ཡིན་ནོ།། འཁྲིལ་ཞེས་པ་རྒྱུ་ཆ་ཤིང་སྟག་མས་བྱེད་ཅིང་དབྱིབས་ནི་ལུག་མགོ་གྱེན་དུ་བསྐོར་བ་ལྟ་བུའི་གཟུགས་སུ་ཡོད་ལ་དེའི་དཀྱིལ་སྟོང་པ་ཡིན་ཞིང་དེའི་ནང་དུ་འཁྲིལ་ཐུར་ཞེས་པའི་ཤིང་ཐུར་ཅིག་འཕྲེད་དུ་དྲངས་ནས་དེ་ལ་འཁྲིལ་སྒ་ཞེས་པའི་ཤིང་གིས་བཟོས་པའི་འཁོར་ལོ་གཅིག་བཀོན་ནས་དེའི་སྟེང་དུ་ཐག་པ་བརྒྱུས་ཏེ་སྐུད་པ་སྒྲིམ་མོ།།  དགལ་བྱའི་སྐུད་པ་ལའང་རྐྱ་འཐབ་དང་གཅིག་འཁེལ་ཏེ། དེ་ཡང་སྐུད་པ་རྐྱ་འཐབ་བྱས་ཏེ་འཁེལ་བ་ནི་རེ་བའི་སྤུས་ཀ་ལེགས་པའི་ཆེད་དུ་ཡིན་ཞིང་གཅིག་འཁེལ་བྱེད་པ་ནི་དེ་ཙམ་མི་ལེགས་ཀྱང་མང་བ་ནི་འདི་ཡིན་ཏེ་འདི་ལ་རྩིད་པ་མང་པོ་མི་འགྲོ་བས་སོ།།     
          ཐགས་བཀྲམ་པའི་སྐབས་སུ་ཁྱིམ་མཚེས་ཀྱི་སྐྱེས་མ་དག་ལག་རོགས་འོངས་པའི་སྲོལ་ཡོད་ཅིང་ཐགས་འཐག་པའི་ལག་ཆ་ནི་གཙོ་བོ་ཤིང་བེ་ལོ་ཞེས་པ་དེས་བཟོས་ཞིང་དེ་ལ་ཐགས་རྐང་། ཐགས་སྒྲོག་དང་སྒམ་བུ། ཐགས་ཆ་ཟེར་བ་སོགས་ཡོད། དེ་ཡང་ཁུལ་རྩིད་གསེད་པ་དང་འཁེལ་བ། ཐགས་བཀྲམ་པ་དང་ཐགས་འཐག་པ་སོགས་ནི་བུད་མེད་དག་གིས་ལས་ཀ་ཡིན་ལ་ཁུལ་རྩིད་བྲེག་པ་དང་སྦྲ་བཟོ་བ་དང་སྦྲ་ཕུབ་པ་སོགས་ནི་སྐྱེས་པ་དག་གི་ལས་ཀ་ཡིན་ནོ།།  སྦྲ་ལ་རེ་བ་གསར་པ་གཏོང་སྐབས་ཁྱིམ་མཚེས་ཀྱི་སྐྱེས་པ་ཚོ་ལག་རོགས་སུ་འོངས་ནས་རེ་སྟོན་བྱེད་ཅིང་ཤ་བཙོ་བ་སོགས་ཟས་གང་ལེགས་བཤམས་པའི་སྲོལ་ཡོད། སྦྲ་ཆེ་བའི་རིགས་ལ་སྦྲ་ཁ་ནས་ཆོན་ཆེན་བར་རེ་བ་ལྔ་སྡེབ་དང་ཆོན་ཆེན་ནས་ཆོན་ཆུང་བར་རེ་བ་ལྔ་སྡེབ་སྦྲ་མཐར་གཉིས་ཏེ་ཕྱོགས་རེ་ལ་བཅུ་གཉིས་རེ་ཡོད་དོ།།  དེ་ལྟར་རེ་བ་གསར་པ་གཏོང་སྐབས་སྦྲ་ཁ་ནས་མར་འཚབ་པ་མ་གཏོགས་མཐའ་ནས་གྱེན་དུ་གཏོང་སྲོལ་མེད་ལ་སྦྲ་བཟོ་བའི་བཟོ་སྲུབས་ནི་དབྱར་ཁ་ཕྱི་ལ་བསྐོར་ཏེ་ཕུབ་པ་དང་དགུན་ཁ་ནང་དུ་བསྐོར་ནས་ཕུབ་པ་ཡིན་ཞིང་དེ་ཡང་དབྱར་ཁ་ཕྱིར་བསྐོར་ནས་ཕུབ་པ་ནི་ཐིགས་ཆུ་ནང་དུ་མི་འོང་བ་དང་དགུང་ཁ་ནང་དུ་བསྐོར་ནས་ཕུབ་པ་ནི་སྦྲ་མི་རལ་བ་དང་མི་ཐེད་པའི་ཆེད་དུ་ཡིན་ཞེས་བཤད་སྲོལ་ཡོད།  སྦྲ་ཕུབ་ཚུལ་ནི་ཕྱི་ཀ་དང་ནང་ཀ་ཟེར་བའི་སྦྲ་གྱེན་དུ་འགེར་བྱེད་ཀྱི་ཀ་ར་སྟེ་ནང་གི་ཀ་ར་ནི་ཅུང་ཙམ་སྦོམ་དགོས་ལ་ཕྱི་ཡི་ཀ་ར་ནི་ཅུང་ཕྲ་དགོས་པ་ཡིན།། 
          དེ་ཡང་ཐག་པ་འདོམས་གཉིས་ཡོད་པ་ཙམ་ཞིག་ཉིས་ལྟེབ་དང་སུམ་ལྟེབ་བྱས་ནས་སྦྲ་གཡས་གཡོན་གཉིས་སྦྲེལ་བྱེད་ཀྱི་གདང་བུ་ཞིག་སྟེ་དེ་ལ་ཟུང་ང་ཞེས་ཟེར་ལ། དེ་ནི་སྦྲའི་ཁ་མཚམས་ནས་ནང་དུ་ཅུང་ཙམ་རྩེབས་པའི་ཚུལ་དུ་ཡོད། དེའི་སྣེ་མོར་ཤིང་གི་ཆ་རུ་དྲངས་ནས་ཁྱུང་རྐང་ལྟ་བུར་བྱས་ཏེ་དེ་ལ་ཆོན་ཐག་རྣམས་བཏགས་ནས་སྦྲ་ཡི་ཆོན་མིག་ནང་ནས་ཕྱིར་འཐེན་པ་དང་ཆོན་ཐག་ལ་ཡང་ཆོན་ཆེན་དང་ཆོན་ཆུང་གཉིས་ཡོད། སྦྲའི་ཀླད་འགེབས་བྱེད་ཀྱི་མཐོངས་གཡོག་རེ་ལྡེ་སྲབ་མོ་ཞིག་སྟེ་དེ་ལ་ཁ་ཚུབ་ཟེར་ཞིང་དེ་ལ་ཡང་མཐོངས་ཐིག་ཟེར་བའི་ཐ་གུ་ཞིག་བཏགས་ཏེ་ཁ་ཚུབ་འགེབས་པ་དང་ཕྱེ་བའི་ཐབས་བྱེད།  ཐོག་མར་སྦྲ་ཕུབ་དུས་ཕུགས་ནས་མར་ཕུབ་པ་ཡིན་ལ་དེ་ཡང་དང་པོ་ཕུགས་ཆོན་ཡོར་འཁྱོག་མེད་པར་དྲང་མོར་འཐེན་ཏེ་ཕུར་བའི་སྐེ་ལ་བཏགས་ནས་ས་ལ་བརྡབས་ཤིང་ནང་གི་ཀ་ར་ཐོག་མ་དེ་གྱེན་དུ་འགེར་ཞོར་ཆོན་ཆེན་གཡས་གཡོན་གཉིས་རིམ་གྱིས་འཐེན་ཏེ་ཕུབ་པ་ཡིན་ལ།  ཐོག་མར་ཕུགས་ཆོན་འཐེན་སྐབས་ཕྱུགས་ལ་གོད་ཁ་དང་མི་ལ་ན་ཚ་མི་ཡོང་བའི་སྨོན་ལམ་འདེབས་པ་དང་རྟེན་འབྲེལ་གྱི་ཆེད་དུ་ཀ་འགོ་དང་སྦྲ་ཁ་ལ་མར་སྐུད་པ་སོགས་ཀྱི་སྲོལ་ཡོད།  ཕྱི་ཡི་ཀ་ར་ཡང་ཆོན་ཆེན་ལ་འགེར་བ་མ་གཏོགས་ཆོན་ཆུང་ལ་འགེར་སྲོལ་མེད།  སྒོ་འཚང་དང་ཕུགས་འཚང་གཉིས་ནི་རེ་བ་སྲབ་མོ་གྱེན་དུ་གཏོང་བ་ཡིན་ནོ།། དེ་ཡང་སྦྲ་ཡི་སྒོ་སྟེང་དང་ཕུགས་སྟེང་ལ་སྒྲོལ་མ་དང་གདུགས་དཀར་སོགས་ཀྱི་དར་འདོགས་པའི་ལུགས་སྲོལ་ཡོད་ཅིང་དེ་ནི་གཙོ་བོ་ཕྱུགས་ཀྱི་གོད་ཁ་སོགས་འགོག་ཆེད་ཡིན་ཞེས་བཤད་སྲོལ་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1