གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

མཁས་གྲུབ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༩ཚེས་༠༥ཉིན།

༄༅།། བོད་ཀྱི་དམངས་གཞས་ཀྱི་གཞས་ཚིག་སྐོར་ལམ་ཙམ་གླེང་བ།


  བཅུ་ཕྲག་ནོར་བུས་གཏམས་པའི་ཡུལ་ཁ་བའི་ལྗོངས་ཀྱི་མི་དམངས་རྣམས་ནི་ལས་ལ་བརྩོན་ཞིང་། དཔའ་ངར་ཆེ་བ། ཤེས་རིག་ལྡན་པ་ཞིག་ཡིན་པ་མ་ཟད། ཡུན་རིང་མོ་ནས་གླུ་གར་གྱི་སྒྱུ་རྩལ་ལ་ཤིན་ཏུ་དགའ་བའི་མི་རིགས་ཤིག་ཡིན་པས། རྒྱུན་རིང་གི་འཚོ་བའི་ནང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཕུལ་དུ་བྱུང་བའི་གཞས་ཚིག་གྲངས་ཀྱིས་མི་ལང་བ་གསར་རྩོམ་བྱས་པ་དེ་དག་དམངས་ཁྲོད་དུ་ས་ཁྱབ་རྡོ་ཁྱབ་ཏུ་དར་ཡོད་པ་དང་། གཞས་ཚིག་གི་ཚིག་སྦྱོར་སྙན་ཞིང་གོ་བདེ་བ་སོགས་གྲགས་ཅན་རྩོམ་པ་མཁས་པའི་ཡིད་དབང་ཡང་འཕྲོག་ཐུབ་པ་དེ་དག་ནི་དེང་དུས་གཞས་ཚིག་གསར་རྩོམ་བྱེད་པའི་རྩིག་རྨང་ལྟ་བུར་གྱུར། དེ་ཡང་སྤྱིར་གཞས་ཚིག་ཅེས་པ་ནི་སྙན་རྩོམ་དང་། སྒྲུང་རྩོམ། དཔྱད་གཏམ་སོགས་ལྟར་གྲགས་ཆེ་བ་ཞིག་མ་ཡིན་ཡང་། དོན་དུ་གཞས་ཚིག་འབྲི་རྒྱུ་ནི་དེ་དག་ཐམས་ཅད་ལས་ཀྱང་ཆེས་དཀའ་བ་ཞིག་ཡིན་ཏེ། ཁ་གསལ་དྲགས་ན་ཚིག་སྦྱོར་མི་མཛེས་པ། ཚིག་དམ་དྲགས་ན་གོ་མི་བདེ་བ། སྒྲ་ཟློས་ན་གཏོང་མི་བདེ་བ་སོགས་རྩོམ་པ་པོར་རང་དབང་ཆ་ཚང་མེད་པར་གཞན་ལ་བསྟུན་དགོས་པ་ཞིག་ཡིན། མ་གཞི་དེང་ཆར་བོད་ཡིག་གི་གཞས་ཚིག་ཕུལ་བྱུང་ཞིག་ཡིན་ནའང་རྒྱལ་ཡོངས་སུ་མྱུར་དུ་བག་ཆགས་འཇོག་དཀའ་བ་དང་བྱ་དགའ་ལེན་དཀའ་ཡང་ང་ཚོ་གནས་ས་ནི་བོད་མི་རིགས་ཀྱི་ས་ཁུལ་ཡིན་པ་དང་ང་ཚོའི་ཞབས་འདེགས་ཞུ་ཡུལ་གཙོ་བོ་ནི་བོད་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཡིན་པས། གཞས་ལེགས་པོ་དང་གཞས་གདངས་སྙན་པོ་བྱུང་ན་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཐོབ་རྒྱུ་ནི་སྨོས་མེད་རེད། མིག་སྔར་གཞས་ཚིག་རྒྱ་ཡིག་ཡིན་པའི་ཕུལ་བྱུང་གི་གླུ་གཞས་མང་པོ་ཞིག་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཙམ་མ་ཟད་རྒྱལ་ཡོངས་སུ་བག་ཆགས་ཟབ་མོ་ཡོད་ཀྱང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་མ་གོ་བར་བརྟེན་དམངས་ཁྲོད་དུ་གཏན་ནས་དར་མེད་པའམ་རྒྱ་ཁྱབ་ཏུ་སོང་མེད་དཔེར་ན། 《ཁ་སང་གི་ཉི་མ་》《昨天的太阳》ལྟ་བུའི་གླུ་གཞས་ནི་གཞས་ཚིག་དང་གཞས་གདངས་གཉིས་ཀ་ཕུལ་དུ་བྱུང་ཞིང་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡིན་ཡང་། དེའི་གཞས་ཚིག་རྒྱ་ཡིག་ཡིན་པས་མང་ཚོགས་ཁྲོད་དུ་དར་ཐུབ་མེད། གལ་སྲིད་གླུ་གཞས་དེའི་གཞས་ཚིག་བོད་ཡིག་ཡིན་ན་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཐོབ་པ་མ་ཟད། ཁོ་ཚོས་ཀྱང་གཏོང་ཤེས་པར་གྱུར་ནས་ཡུལ་གངས་ཅན་གྱི་རི་ཀླུང་གང་སར་ས་ཁྱབ་རྡོ་ཁྱབ་ཏུ་དར་ངེས་རེད། དེས་ན་ཁོ་བོའི་བསམ་པར་ཕུལ་བྱུང་གི་གླུ་གཞས་དེ་དག་བོད་རྒྱ་ཡིག་རིགས་གཉིས་ཐོག་ནས་གཏོང་ཐུབ་ན་ཕན་འབྲས་ལྡབ་གཅིག་ན་པར་ངེས་སྙམ། ཁོ་བོ་ནི་བློ་གྲོས་ཀྱི་འཇུག་པ་དམའ་ཞིང་ཆེད་མངགས་གཞས་ཚིག་རྐྱང་རྐྱང་འབྲི་མཁན་ཞིག་མ་ཡིན་ཡང་ད་ཕན་གཞས་ཚིག་སྐོར་གྱི་དཔྱད་རྩོམ་ཤིན་ཏུ་ཉུང་ཞིང་བོད་ཀྱི་སྒྱུ་རྩལ་ལྡུམ་རྭའི་སྟོང་ཆ་ཞིག་ཏུ་མཐོང་ནས་འདིར་གང་ཤེས་འབྲི་བར་བྱ་བའི་དགོས་པ་ནི་གཙོ་བོ་ལས་ཞོར་གྱི་སྒྱུ་རྩལ་ཚོགས་པའམ་འཁྲབ་སྟོན་རུ་ཁག་དག་ལ་ཅུང་ཕན་ན་སྙམ་ནས་བྲིས་པ་ལགས་ན་ཆེད་ལས་མཁས་དབང་རྣམ་པས་འཁྲུལ་སྤོང་གི་བཀའ་སློབ་ཁ་བའི་འདབ་མ་ལྟར་གནང་རྒྱུའི་རེ་བ་ཞུ།
དང་པོ། སྣ་མང་ཕུན་སུམ་ཚོགས་པའི་དམངས་གླུའི་གཞས་ཚིག
  བོད་ཀྱི་དམངས་ཁྲོད་གཞས་ཚིག་ནི་ཚིག་དོན་རྒྱན་གང་གི་ཆ་ནས་ཀྱང་སྣ་མང་ཕུན་སུམ་ཚོགས་པ་ཞིག་ཡིན་པ་སྟེ།
  ༡ ཚེག་ཁྱིམ་གྱི་ཆ་ནས་བཤད་ན། དམངས་གླུ་ཆེས་མང་བའི་ཕྱོགས་ནི་ཁྱིམ་དྲུག་ལྡན་ཡིན་པ། དཔེར་ན།
  ང་ཚོ་འདི་རུ་འཛོམས་འཛོམས། །
  གཏན་དུ་འཛོམས་རྒྱུ་བྱུང་ན། །
  གཏན་དུ་འཛོམས་པའི་མི་ལ། །
  བསྙུན་གཞི་གོད་ཆག་མ་གཏོང་། །ལྟ་བུ་དང་། །
  མང་བའི་ཕྱོགས་ནི་ཚེག་ཁྱིམ་དགུ་ལྡན་ཡིན་པ། །དཔེར་ན།
  རྟ་ཕོའི་མགོ་དེ་ཚེ་དབང་བུམ་པ་འདྲ། །
  རྟ་ཕོའི་མིག་དེ་ནག་ཆུང་སྲན་མ་འདྲ། །
  རྟ་ཕོའི་སྐད་དེ་སེང་གིའི་ངར་སྐད་འདྲ། །
  རྟ་ཕོའི་ཁ་དེ་གའུ་ཁ་རྦུར་འདྲ། །ལྟ་བུ་དང་།
  ཉུང་བའི་ཕྱོགས་ནི་ཚེག་ཁྱིམ་བདུན་ལྡན་ཡིན་པ། དཔེར་ན།
  ཞིང་ཁ་རྒྱ་ཞིང་ཕྲ་མོ་ལ། །
  ག་རེ་བཏབ་ཀྱང་སྐྱེ་ཡི་ཡོད། །
  སྲན་མ་བརྩེ་གདུང་ཟབ་པོ་དེ། །
  ལག་གདང་སྤྲེལ་ནས་སྐྱེ་ཡི་ཡོད། །
  ཉུང་མ་ཁ་འབྲས་མཚར་པོ་དེ། །
  གདོང་ཚོས་བརྒྱབ་ནས་སྐྱེ་ཡེ་ཡོད། །
  པད་ཁ་ལྟ་བ་མཐོ་པོ་དེ། །
  འབོག་ཏོ་གོན་ནས་སྐྱེ་ཡི་ཡོད། །ཞེས་པ་ལྟ་བུ།
  ཆེས་མང་བའི་ཕྱོགས་ནི་ཚེག་ཁྱིམ་བཅུ་དྲུག་ཡིན་པ། དཔེར་ན།
  དགུང་བསང་མཐོན་པོ་ཨོ་ལོ་སྐྱིད་པའི་ཕ་ཡུལ་མ་རེད། །
  དྲིན་ཅན་ཉི་མ་གཞོན་པ་འགྲོ་བའི་རྟ་ལ་བསྐྱོན་དང་། །
  ཕར་ལ་འགྲོ་དུས་འགྲོས་ཆེན་རྟ་ཕོས་སྐྱེས་མ་བྱས་བྱུང་། །
  ཚུར་ལ་ཡོང་དུས་ཆང་དང་ཇ་ཁྲས་བསུ་བར་སླེབས་བྱུང་། །ཞེས་པ་ལྟ་བུ།
          ད་དུང་ཚེག་ཁྱིམ་བརྒྱད་པ་དང་། བཅུ་གཅིག བཅུ་གཉིས་སོགས་འདྲ་མིན་སྣ་ཚོགས་ཡོད་པ་ཚང་མས་མཁྱེན་གསལ་ལྟར་རེད།
          ༢ དོན་གྱི་ཆ་ནས་བཤད་ན།
  དགའ་བའི་མི་ཡང་འཛོམས་སོང་། །
  བཙོས་པའི་ཆང་ཡང་ཞིམ་སོང་། །
  དགའ་པོ་མི་འཛོམས་ཆང་ཞིམ། །
  གནང་སོ་ཆོག་ག་ཡོད་དོ། །ལྟ་བུ་དགའ་སྤྲོ་དང་།
  ང་ཚོ་སྤུན་མཆེད་རྣམ་པ། །
  ལས་ལ་ཧུར་ཐག་གནང་དང་། །
  ཉི་མ་སྤྲིན་པའི་འོག་ནས། །
  ཐར་བའི་དུས་ཤིག་ཡོང་འདྲ། །ལྟ་བུ་རེ་བ་དང་།
  བྲག་ལ་རྡུང་ཁ་རྒྱག་པར།།
  ལྕགས་ཀྱི་རྭ་ཅོ་དགོས་ཀྱིས། །
  ཁྱེད་ཀྱི་ར་མགོ་ལུག་མགོས། །
  རྡུང་ཁ་ནུས་ས་མ་རེད། །ལྟ་བུ་དཔའ་སྐད་དང་།
  ཐག་རིང་རྒྱང་ནས་ཕེབས་པའི། །
  མགྲོན་པོ་སྲན་མའི་མེ་ཏོག །
  ཁྱེད་རང་ཕེབས་པ་ཡག་བྱུང་། །
  བཞུགས་གྲལ་འོད་ཀྱིས་ཁེངས་སོང་། །ལྟ་བུ་བསྟོད་བསྔགས་དང་།
  ཕར་ལ་མིག་གཅིག་བལྟས་པས། །
  ཚུར་ལ་སྤྱན་གཅིག་གཟིགས་བྱུང་། །
  སྤྱན་མིག་ཀྲི་གའི་བར་ནས། །
  ལས་འཕྲོའི་མདུད་པ་ཐེབས་བྱུང་། །ལྟ་བུ་བརྩེ་གདུང་དང་།
  གཙང་ལ་བྱམས་པ་བཞེངས་པས། །
  དབུས་པ་སྙིང་རླུང་ལང་སོང་། །
  དབུས་པ་གྱོང་པོ་ཡོད་ན། །
  བྱམས་པ་སྒལ་པར་འཁུར་དང་།ལྟ་བུ་ཁ་མཆུ་དང་།
  སྟག་ལྤགས་གཟིགས་ལྤགས་འདིང་སར། །
  རྭ་ལྤགས་ཐལ་འཚུབ་མ་གཏོང་། །
  བཞེས་ཆས་རྫབ་ཕོར་འཛུགས་སར། །
  ཕོར་ཀྱོག་འཚང་ཁ་མ་རྒྱག ། ལྟ་བུ་དམའ་འབེབས་དང་།
  སྡེ་པའི་ནོར་འཛིན་དབྱངས་སྒྲོལ། །
  གོས་ལ་རས་གོས་རྐྱང་གཅིག །
  གནམ་ངན་གཏོང་ཐེངས་རེ་རེར། །
  སྤྱན་འདྲེན་རེ་རེ་ཕེབས་ཀྱིས། །ལྟ་བུའོ། །
   ༣ རྒྱན་གྱི་ཆ་ནས་བད་ན། །
  དགུང་བསང་མཐོན་པོ་གསེར་གྱི་གཞོང་པ་འདྲ། །
  དྲིན་ཅན་ཉི་མ་གཡུ་ཡི་ཕྲ་རྒྱན་བཞིན། །
  ལྟ་བུ་དཔེ་རྒྱན་དང་།།
  ཉི་མ་ཤར་བའི་དང་པོ། །
  བྲག་རི་ཡ་གིར་ཤར་སོང་། །
  ང་ནི་བྲག་སྟོད་ཕྱོགས་ཀྱི། །
  རྒོད་པོ་ཡིན་ན་དགའ་བ། །
  ལྟ་བུ་སྐབས་མིན་བསྟོད་པའི་རྒྱན་དང་།
  སྟོད་སྒུར་ཐོག་ཁར་མ་ཐོངས་ཤིག །
  ཐོག་ཁའི་སྟེང་ནས་མཆོང་མཁན་འདྲ།།
  མིག་ལྷུག་གཞས་རྭར་མ་ཐོངས་ཤིག །
  གཞས་རྭའི་དཀྱིལ་དུ་ངུ་མཁན་འདྲ།།
  ལྟ་བུ་བཞད་གད་ཀྱི་ཉམས་དང་།
  ང་ཡི་ཆུང་འདྲིས་བྱམས་པ། །
  རྫ་རོལ་འོག་གི་ཆུ་རེད། །
  སིལ་སྒྲ་རྣ་བས་ཐོས་ཀྱང་། །
  མཇལ་འཕྲད་གསེར་ལས་དཀོན་པ། །
  ལྟ་བུ་ཆོས་ཅན་འགོག་པའི་རྒྱན་དང་།།
  སེམས་པ་སྐྱོ་བའི་སྐད་ཆ། །
  རི་མ་འདབས་སུ་བཤད་པས། །
  རི་བོ་ས་རྡོ་ཡིན་ཡང་། །
  དབུ་ཡིས་ལྕོག་ལྕོག་གནང་བྱུང་།།
  ལྟ་བུ་ཏིང་ངེ་འཛིན་གྱི་རྒྱན་དང་།
  ཞིང་ཆུང་བཏབ་པའི་དཀྱིལ་ལ། །
  ལམ་པ་གནང་མཁན་ཡོད་ན། །
  བདག་ནི་བུད་མེད་ཡིན་ཡང་། །
  གྲི་གུ་ལོགས་ནས་བཏོན་ཆོག །
  ལྟ་བུ་དཔའ་བའི་ཉམས་ལ་སོགས་པ་སྙན་གཞུང་ལས་བསྟན་པའི་རྒྱན་ཐམས་ཅད་དམངས་གཞས་ཀྱི་གཞས་ཚིག་ནང་ཚང་ཡོད་ཅེས་སྨྲས་ཀྱང་མི་འོས་པ་མེད་དོ། །
  ༤ གླུ་ལེན་སྟངས་ཀྱི་ཆ་ནས་བཤད་ན།
  ཚིག་རྒྱག་གམ། སྒོར་གཞས། གཞས་ཆེན་སོགས་གང་ཞིག་ཡིན་རུང་འགའ་ཞིག་བརྩེ་གདུང་གི་རང་བཞིན་ལྡན་པ་ཕུད། མང་ཆེ་བ་འགྲན་སྡུར་གྱི་རང་བཞིན་ལྡན་པར་མངོན་ཞིང་། དེ་དག་ཀྱང་གཙོ་བོ་གཞས་ཚིག་ལ་བརྟེན་ནས་ཕ་རོལ་པོར་ཁ་གཏད་བཅད་དགོས་པ་སྟེ།
  དཔེར་ན། ཚིག་རྒྱན་ལེན་རེས་བྱེད་སྐབས་ཕ་རོལ་པོས།
  གནམ་དང་སྤྲིན་པའི་བར་ལ། །
  རྒྱ་རག་གསེར་གྱི་མཆོད་རྟེན། །
  བསྐོར་བ་གསོག་འདོད་འདུག་ཀྱང་། །
  ལམ་ཡུལ་སྤྲིན་པས་བསྒྲིབས་སོང་། །ཞེས་བཏང་ན།
  རང་གིས ཆུ་མོ་རྐ་མགོ་ཡེ་ནས།
  གྱི་ལས་རྒྱུ་ལས། མ་ཐོངས།།
  ཞིང་ཆུང་རྐ་ཐག་རིང་ཡང་།།
  མཇལ་བའི་དུས་གཅིག་ཡོང་འདྲ། །ཞེས་ལན་ལེན་པ་དང་།
  ཡང་ཕ་རོལ་པོས མ་གཞི་ཕོ་རོག་ནག་ཆུང་། །
  ཤ་ལ་དགའ་པོ་ཡོད་ཀྱང་། །
  དུག་ཚལ་དམར་པོའི་ཕྱོགས་ལ།།
  ལྡོང་སྐོར་རྒྱག་གི་མ་རེད། ། ཅེས་བཏང་ན།
  རང་གིས ལྕགས་ལ་ལྕགས་ཀྱི་ཁ་གཅོད། །
  ཟངས་ལ་ཟངས་ཀྱི་ཁ་གཅོད། །
  ཁོག་མ་རྡོ་ཁོག་གྲུ་བཞིར། །
  རྡོ་ཁོག་རང་གི་ཁ་གཅོད། །ཅེས་ལན་ལེན་པ་དང་།
  དེ་བཞིན་ཁྲུང་སར་གཞས་ཆེན་འགྲན་སྐབས་ཕ་རོལ་པོས། །
  རྒྱ་ནག་རི་བོ་རྩེ་ལྔ། །
  རྒྱལ་སྲས་འཕགས་པ་འཇམ་དཔལ། །
  གསོལ་བ་བོད་ནས་བཏབ་པས། །
  ཐུགས་རྗེ་རྒྱ་ནས་གནང་བྱུང་། །ཞེས་བཏང་ན།
  རང་གིས་གྲལ་སྟོད་གསེར་ལ་བཞེངས་པའི། །
  གསེར་གྱི་ཕྱག་ན་རྡོ་རྗེ། །
  གྲལ་དཀྱིལ་དངུལ་ལ་བཞེངས་པའི། །
  དངུལ་གྱི་སྒྲོལ་མ་གསུང་བྱོན། །
  གྲལ་སྨད་དུང་ལབཞེངས་པའི། །
  དགོན་པའི་ཚོགས་དུང་དཀར་པོ། །ཞེས་འཇམ་པའི་ལན་དང་།
  ཡང་ཕ་རོལ་པོས་བཞུགས་གྲལ་ཉི་ཟླ་ཁ་སྤྲོད། །
  ད་ལྟ་འདྲ་པོ་འདུག་ཀྱང་། །
  འོད་དང་འོད་ཟེར་འདྲ་མིན། །
  རིམ་བཞིན་རིམ་བཞིན་གསལ་ཡོང་། །ཞེས་བཏང་ན།
  རང་གིས། གཞོན་པ་འགྲོ་ཁར་ཐུག་སོང་། །
  རྟ་ཕོའི་ཡབ་གཅིག་གནོན་དང་། །
  རང་ཡུལ་སྐྱིད་པོ་མེད་ཀྱང་། །
  འབྲུ་སྣ་ལྔ་ཡི་བང་མཛོད། །
  གཞན་ཡུལ་བལྟ་བ་མཐོ་པོའི། །
  གཏམ་སྐྱག་འཁུར་དགོས་མེད་དོ། །ཞེས་རྩུབ་པའི་ལན་འདེབས་པ་སོགས་ཐམས་ཅད་གཞས་ཚིག་གི་ནུས་པར་རག་ལས་སོ། །
གཉིས་པ། གནའ་བོའི་དཔེ་ཚོགས་ཁྲོད་ཀྱི་གྲགས་ཅན་གཞས་ཚིག
  རང་ཅག་བོད་ཀྱི་སྔོན་བྱོན་མེས་པོས་མཛད་པའི་དཔེ་ཚོགས་ཇི་སྙེད་ཀྱི་ཁྲོད་དུ་ཕུལ་དུ་བྱུང་བའི་གཞས་ཚིག་མང་པོ་ཞིག་ཡོད་པ་ནི།
  ༡མགུར་གླུ། ཁོ་བོའི་བསམ་པར་མགུར་གླུ་ཞེས་པ་ནི་གླུའི་ཞེ་ཚིག་ཆེས་མཐོ་བ་ཞིག་ཡིན་ནམ་སྙམ། སྤྱིར་བཏང་གི་གླུའི་ཞེ་ཚིག་ལ་གསུང་གཞས་ཞེས་ཟེར་བ་ཚང་མས་མཁྱེན་གསལ་ལྟར་ཡིན་ཀྱང་། ཆོས་ལུགས་མཁས་ཅན་ནམ་སྐྱེ་བུ་དམ་པ་རྣམས་ལ་གསུང་གཞས་ཞེས་གསོལ་ན་མི་འཚམ་པས་མགུར་གླུ་ཞེས་གསོལ་བར་ངེས། དཔེར་ན། ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དང་། རྗེ་བཙུན་མི་ལའི་མགུར་གླུའམ་གསུང་མགུར་ལྟ་བུ། དེ་ཡང་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ནི་སྤྱིར་བརྩེ་གདུང་མཚོན་པའི་གླུ་ཡིན་ཏེ། ཤོ་ལོ་ཀ་ཚང་མའི་ནང་བྱམས་པ་དང་ཆུང་འདྲིས་སོགས་ཡོད་པའི་ཕྱིར། འོན་ཏེ་དེང་གི་མཁས་པ་འགས་གསང་བའི་གོ་བ་གསལ་བར་རྟོགས་ནས་དེ་ནི་འདོད་གླུ་མིན་པར་སྐབས་དེའི་ཆབ་སྲིད་སོགས་ཀྱི་སྐོར་ཡིན་པའི་གསར་འགྲེལ་གནང་བ་བདེན་པ་ཡིན་སྲིད་ཀྱང་། གང་ལྟར་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དམངས་ཁྲོད་དུ་འདོད་གླུ་ཁོ་ནར་བརྩིས་ནས་ཕན་ཚུན་ལེན་རེས་བྱེད་པ་ལས། ཆབ་སྲིད་ཀྱི་གོ་དོན་རྟོགས་མེད་ལ། སྔ་ཕྱིར་མཁས་པ་མང་པོ་བྱུང་མྱོང་ཡོད་ཀྱང་དེ་ལྟའི་འགྲེལ་བ་གནང་མྱོང་མེད་པས་ལྷ་ཁང་རྙིང་པར་གནས་བཤད་གསར་པ་རྒྱག་དགོས་དོན་མེད་སྙམ། མགུར་གླུ་ཞེས་པའི་བོད་ཡིག་གི་ཐ་སྙད་ལ་འདོད་གླུའི་གོ་དོན་མེད་པ་ནི་ཆེས་བདེན་ཡང་སྐབས་དེར་ཚངས་དབྱངས་རྒྱ་མཚོ་ནི་ལེགས་སམ་ཉེས་ཀྱང་བོད་ཀྱི་ཆོས་ལུགས་དང་ཆབ་སྲིད་གཉིས་ཀའི་འགོ་གཙོ་ཡིན་པས་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཞེས་གསོལ་བ་གོང་ཞུས་ལྟར་གལ་སྲིད་ཁོང་གིས་ཆབ་སྲིད་ཀྱི་སྐོར་རང་གི་ལས་དབང་སྐོར་ནས་གསུང་པ་ཡིན་ན་ཁོང་ནི་སྙན་ངག་ལ་བྱང་ཆུབ་པ་ཞིག་ཡིན་པས་བྱམས་པ་དང་ཆུང་འདྲིས་མིན་པའི་དཔེ་གཞན་དག་ཁོང་ལ་མི་རྙེད་པ་ག་ལ་སྲིད། དེར་མ་ཟད་ཁོང་གིས་འདོད་གླུ་བྲིས་གནང་བར་ཡ་མཚན་རྒྱུ་ཅི། ཆོས་དད་པ་རྣམ་དག་ཅིག་ཡིན་ན་དད་པ་དམ་ཚིག་བརྟན་པོ་དགོས་ཏེ། ཇི་སྐད་དུ།
  དཔལ་དན་བླ་མའི་རྣམ་པར་ཐར་པ་ལ། །
  སྐད་ཅིག་ཙམ་ཡང་ལོག་པར་མི་བལྟ་ཞིང་། །
  ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །
  བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །ཅེས་གསུངས་པ་ལྟར་རོ། །ཁོང་གི་མགུར་གླུ་བདེ་ཞིང་ཚིག་སྙན་པས་གང་སར་ཁྱབ་གདལ་བྱུང་ཚུལ་སོགས་མཁྱེན་གསལ་ལགས་པས་འདིར་ཞུ་དགོས་དོན་མ་མཆིས་སོ། །དེ་བཞིན་རྗེ་བཙུན་མི་ལའི་གསུང་མགུར་ནི་གཙོ་བོ་འཁོར་བར་ངེས་འབྱུང་གི་མགུར་གླུ་ཡིན་པས་ནང་དོན་གཙོ་བོ་ཆོས་ལུགས་ཡིན་པ་སྨོས་ཅི། འོན་ཀྱང་མགུར་གླུའི་ཚིག་གོ་བདེ་ལ་གནའ་བོའི་མགུར་གླུའི་རྩོམ་སྲོལ་སྤྱད་པར་ཐུན་མིན་གྱི་ཁྱད་ཆོས་ལྡན་ཡོད་ཅིང་། ཚེག་ཁྱིམ་ཡང་བདུན་དགུ་སོགས་འདྲ་མིན་སྣ་ཚོགས་བེད་སྤྱོད་གནང་ཡོད་པ་དཔེར་ན། གཅེས་པ་བཅུ་ཡི་གླུ་ལས། །
  འཇའ་ཚོན་ལྟ་བུའི་ལྷ་སྐུ་ལ། །
  ཟུང་འཇུག་རང་བཞིན་སྟོང་པ་གཅེས། །
  འདྲེ་གདོན་སེམས་ཀྱི་ཆོ་འཁྲུལ་ལ། །
  མེད་སྣང་སྒྱུ་མར་ཤེས་པ་གཅེས། །
  དྲིན་ཅན་བླ་མ་རྗེ་བཙུན་ལ། །
  རྒྱུན་ཆད་མེད་པའི་མོས་གུས་གཅེས། །
  ལྟ་བུ་ནི་སློབ་གསོའི་དོན་སྙིང་ལྡན་ལ་གོ་བདེ་བའི་ཁྱད་ཆོས་ཡོད་པ་ཞིག་སྟེ་གཞིར་འཛིན་ཆོག་པའི་རིན་ཐང་ལྡན་ནོ། །
  ༢ ཚོགས་གླུ། ཚོགས་གླུ་ཞེས་པ་སྤྱིར་ཆོས་ལུགས་ཀྱི་ཆོ་གའི་བྱེ་བྲག་ག་གེ་མོ་ཞིག་གྲུབ་རྗེས་ལེན་པའི་གླུ་ཞིག་ཡིན་པས་གཞས་ཚིག་རབ་ཏུ་སྙན་ཞིང་ནང་དོན་ཆུ་ནང་ནས་ལྡེའུ་གསལ་བ་ལྟར་གསལ་བ་ནི་དཔེར་ན།
  ལས་སྨོན་རྟེན་འབྲེག་དཔལ་བསམ་ལྗོན་ཤིང་གི་སྟེང་ན། །
  རྒྱ་གར་ཤར་གྱི་རྨ་བྱ་གཞོན་ནུ་ཡང་ཕེབས་བྱུང་། །
  རྨ་བྱའི་ཟློས་གར་དམ་པའི་ཆོས་ཕྱོགས་ལ་བསྒྱུར་དང་། །
  གཞོན་པ་ང་ཚོས་ཐར་པའི་ལམ་སྣེ་ཞིག་ཟིན་ཡོང་། །
  བསོད་ནམས་དཔྱིད་ཀྱི་རྒྱལ་མོ་ཤིང་རྟ་ལ་ཕེབས་དང་། །
  ལྷོ་མོན་ཤིང་ལོའི་ཚལ་གྱི་ཁུ་བྱུག་གི་གསུང་སྙན། །
  ཡ་གིའི་དྲི་ཟའི་བུ་མོའི་གླིང་བུ་ལས་སྙན་པ། །
  དབྱར་གསུམ་ནམ་ཟླ་སྤྲོ་བའི་རྟེན་འབྲེལ་ལ་ཡག་བྱུང་། །
  འདིར་འདུས་ལས་སྨོན་མཐུན་པའི་རྡོ་རྗེ་ཡི་སྤུན་གྲོགས། །
  ང་ཚོའི་བླ་མ་བཞུགས་པའི་ཆོས་གྲལ་ལ་ཕེབས་དང་། །
  སྨིན་གྲོལ་བདུད་རྩི་འཐུང་བའི་དགའ་སྟོན་གྱི་ངང་ནས། །
  ཉམས་དགའ་གླུ་རུ་ལེན་པའི་ཁྱད་ཆོས་ཤིག་ཡོད་དོ། །ཞེས་པ་ལྟ་བུའོ། །
  ༣ གཅོད་གླུ། དེ་ཡང་གཅོད་ཅེས་པ་ནི། ཕོ་གཅོད་མོ་གཅོད་གཉིས་ཀ། གཉའ་ས་རི་ཁྲོད་འགྲིམ་པ་ཕྱི་ཡི་གཅོད། ཕུང་པོ་གཟན་དུ་བསྐྱུར་བ་ནང་གི་གཅོད། ཉག་གཅིག་རྩད་ནས་གཅོད་པ་དོན་གྱི་གཅོད།ཅེས་གསུངས་པ་ལྟར་དབྱེ་བ་མང་ཡང་གཙོ་བོ་མ་རིག་པ་དང་འཁྲུལ་སྣང་ཐམས་ཅད་ཀྱི་རྩ་བ་བདག་འཛིན་རྩད་ནས་གཅོད་པ་ལ་ཉག་གཅིག་རྩད་ནས་གཅོད་པ་དོན་གྱི་གཅོད་ཟེར། དེས་ན་གཅོད་ཀྱི་ཚིག་ནི་འདུལ་རྒྱུའི་ལྷ་འདྲེ་(བདག་འཛིན)འདུལ་བའམ་གཅོད་པ་བྱེད་པའི་ཚིག་ཁོ་ན་ཡིན་ཏེ། དཔེར་ན།
  ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མ། །
  བྱམས་པ་ཆེན་པོའི་ཕུར་པ་ཁྱེར། །
  ལྷོ་ཕྱོགས་རྡོ་རྗེ་མཁའ་འགྲོ་མ། །
  བདག་འཛིན་གྱི་མགོ་བོ་དང་། །
  ལྷུ་ཚིག་བཞི་ལ་བཏབ་པ་ཡིས། །
  གཡོ་འགུལ་མེད་པར་གནས་པར་གྱུར། །
  གཅེས་འཛིན་གྱི་ཕུང་པོ་སྒྱུ་མའི་འདུས། །
  མཎྜལ་གྱི་ཚོམ་བུར་རབ་བཀོད་ནས། །
  བདག་འཛིན་གྱི་རྩ་བ་ཆོད་པར་ཤོག །
  ལྟ་བུ་གསར་བུ་བ་རྣམས་ལ་ངོ་སྤྲོད་ཞུས་པ་ཙམ་ལགས་སོ། །དེ་བཞིན་གྲགས་ཅན་གྱི་ལོ་རྒྱུས་མཚོན་པའི་སྙན་ངག་རིང་པོ་《གེ་སར་སྒྲུང་》ནང་གི་གླུ་ཚིག་ནི་བླངས་ན་འཛད་མཐའ་མེད་པའི་གཞས་ཚིག་འབྲི་བའི་སློབ་དེབ་ཅིག་ཡིན་པ་མཁྱེན་གསལ་ལྟར་རོ། །
གསུམ་པ། ཕུལ་བྱུང་གི་གསར་རྩོམ་གཞས་ཚིག་དཔེ་མཚོན།
  དེང་ཆར་བོད་ཡིག་ཐོག་ནས་གསར་རྩོམ་བྱས་པའི་གཞས་ཚིག་ཕུལ་དུ་བྱུང་བ་མི་ཉུང་བ་ཞིག་ཡོད་པ་ལ་རྒྱ་ཆེའི་མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་པ་མ་ཟད།་མི་མང་པོ་ཞིག་གི་བློར་བཟུང་ནས་གཏོང་དང་གཏོང་བཞིན་ཡོད་པ་ནི། དཔེར་ན། 《 ང་ཡི་ལྷ་ས་》ཞེས་པའི་གླུ་གཞས་དེ་ནི་ཚིག་དང་གདངས་གཉིས་ཀ་ཆེས་ཕུལ་དུ་བྱུང་བ་ཞིག་ཡིན་པའི་ཞིང་ཁུལ་དུ་ངལ་རྩོམ་བྱེད་སྐབས་ཀྱང་མང་ཚོགས་ཀྱིས་གཞས་དེ་གཏོང་བ་ཁོ་བོས་དངོས་སུ་མཐོང་བྱུང་། དེའི་གཞས་ཚིག་ནི་སྤྱིར་ལྷ་ལྡན་གྱི་མཛེས་ལྗོངས་ལ་བསྔགས་བརྗོད་པ་ཞིག་ཡིན་པས་དུས་ནམ་ཞིག་དང་ས་ཆ་གང་ཞིག་ཏུ་གླུ་དེ་འགྱུར་བ་མེད་པའི་གླུ་ཚེ་རིང་ཞིག་ཡིན་པ་དང་། གཞས་ཚིག་ནི་ཤིན་ཏུ་སྙན་པའི་གསལ་བྱེད་རྒྱན་དང་རང་བཞིན་བརྗོད་པའི་རྒྱན་གྱིས་སྤུད་པས་རྣ་བར་འཇེབས་ཤིང་གོ་བདེ་བ་ལ་སོགས་ཁྱད་ཆོས་མང་དུ་མཆིས་པས་བདག་ཅག་ཀུན་གྱིས་མིག་དཔེར་འཛིན་འོས་པའི་གནས་ལགས། དེ་ཡང་འདིར་བོད་ཡིག་ཁོ་ནའི་སྟེང་ནས་ཞུས་པ་ལས་ཡིག་རིགས་གཞན་སྟེང་ནས་བཤད་ན་སྐབས་སུ་མ་བབས་པས་རེ་ཞིག་བཞག་གོ། །
  གཞན་ཡང་དཔེར་ན་བྱིས་པའི་གླུ། བྱི་བ་གླང་སྟག་ཡོས་འབྲུག་སྦྲུལ། རྟ་ལུག་སྦྲེལ་དང་བྱ་ཁྱི་ཕག་ཅེས་པ་དང་། དེ་བཞིན་ཀ་མད་སུམ་ཅུའི་གླུ་གཞས་དེ་གཉིས་ནི་གཞས་ཚིག་གསར་རྩོམ་བྱས་པ་ཞིག་མིན་ཡང་ཚང་མས་ཧ་ཅང་དགའ་པོ་བྱེད་པ་མ་ཟད། བྱིས་པ་ཚོས་ལོ་འཁོར་བཅུ་གཉིས་དང་ཀ་མད་སུམ་ཅུ་བློར་འཛིན་རྒྱུར་སློབ་ཚན་ཆེད་དུ་ཁྲིད་པ་ལྟ་བུའི་ནུས་པ་ཐོན་བཞིན་འདུག ད་དུང་བརྩེ་གདུང་གི་སྐྱོ་གནས་མཚོན་པའི་གླུ་གཞས་《སྐད་ཅིག་གི་འཇའ་ཚོན་》ཞེས་པའི་གླུ་དེ་ཤིན་ཏུ་སྙན་ཞིང་བློ་ལ་ཟུག་པའི་ཁྱད་ཆོས་ཡོད་པས་ཤིན་ཏུ་མྱུར་པོས་མང་ཚོགས་ཁྲོད་དུ་ཁྱབ་གདལ་སོང་ཡོད།
བཞི་པ། རྣ་བར་ཅུང་ཟད་མི་སྙན་པའི་གཞས་ཚིག་དཔེ་མཚོན།
  དེང་སྐབས་བློ་མཐུན་ལ་ལས་བོད་ཡིག་གི་གཞས་ཚིག་ལ་དོ་སྣང་གནང་བའམ་མཐོང་ཆུང་གནང་བ་ཅི་སྟེ་གང་ལྟར་གཞས་ཚིག་འགའ་ཞིག་བསྐྱར་ཟློས་མང་བ་དང་ཚིག་འབྲེལ་མི་ཆགས་པས་རྣ་བར་མི་སྙན་པའང་ཐོན་བཞིན་ཡོད་ལ། ཡང་གླུ་གཞས་འགའ་ཞིག་དམངས་གཞས་ཡིན་ཡང་གཞས་ཚིག་བཅོས་པ་མིན་ལ་སྔར་ལྟར་ཡང་མིན་པས་རྣ་བར་མི་སྙན་པའང་འདུག་སྟེ་(རང་ཁུལ་ལས་གཞན་ལ་བརྗོད་པར་མི་བྱ་)
  དཔེར་ན། ང་ཚོ་འདི་རུ་འཛོམས་འཛོམས། །
  བསྙུན་གཞི་འགུལ་འཆམ་མ་གཏོང་། །
  ང་ཚོ་ཕ་མ་སྤུན་མཆེད། །
  བསྙུན་གཞི་འགུལ་འཆམ་མ་གཏོང་། ། ཞེས་གཏོང་བའི་ཚིག་རྐང་ཕྱི་མ་གཉིས་ཡིན་པར་ཆ་བཞག་ཚིག་རྐང་སྔ་མ་གཉིས་ཏེ། ང་ཚོ་འདི་རུ་འཛོམས་འཛོམས། བསྙུན་གཞི་འགུལ་འཆམ་མ་གཏོང་། ཞེས་པའི་ཚིག་ནི་སྔ་ཕྱི་གཏན་ནས་མི་འབྲེལ་བ་རྡོ་ཆག་བཙན་སྒྲིག་བྱས་པ་ཞིག་མ་རེད་དམ། དེ་བཞིན་“ཡ་གིའི་དགུང་བསངས་མཐོ་པོ། དྲིན་ཅན་ཉི་མ་ཤར་བྱུང་”ཞེས་པའི་གླུ་གཞས་ནང་ཚིག་རྐང་དེ་གཉིས་ཁོ་ན་བསྐྱར་ཟློས་ཐེངས་བཞི་ལྔ་བྱས་པས་ཚང་མ་དགོད་ཤོར་བའི་གནས་སུ་གྱུར་ཡོད། རྒྱུ་མཚན་ནི་གཞས་དེ་དམངས་གཞས་ཡིན་ཡང་གཞས་ཚིག་ཚིག་རྐང་གཉིས་ཁོ་ན་ལས་མེད་པ་མ་ཡིན་ཏེ།དགུང་བསངས་དང་དྲིན་ཅན། ། གངས་སྟོད་དང་སེང་གེ །  སྤང་སྟོད་དང་ཤ་བ། ། བྲག་སྟོད་དང་རྒོད་པོ།། མཚོ་སྟོད་དང་ཉ་ཆུང་། ། ལྕང་གླིང་དང་བྱི་ཆུང་།། གཞས་རྭ་དང་ཕོ་གཞོན་མོ་གཞོན་ཞེས་དཔེ་དོན་ཕུན་སུམ་ཚོགས་པོ་ཡོད་པ་རྣམས་རྒྱ་ཆེའི་མང་ཚོགས་ཀྱིས་ཤེས་ཀྱི་ཡོད་པ་མ་བརྗེད་པ་བྱེད་དགོས་སྙམ། དེ་ལྟར་རྒྱུན་འབྱམས་སུ་སོང་ན་གླུ་མ་མཛེས་མས་རང་གི་པ་ཕར་མཆོད་ཆང་བཀྱག་དུས་ཀྱང་ཆང་གཞས། ཕར་ལ་མིག་གཅིག་བལྟས་པས། ཚུར་ལ་སྤྱན་གཅིག་གཟིགས་བྱུང་། སྤྱན་མིག་ཀྲི་གའི་འོག་ནས། ལས་འཕྲོའི་མདུད་པ་ཐེབས་བྱུང་། ཞེས་གཏོང་ཉེན་ཆེ།
  ད་དུང་གསར་དུ་བརྩམས་པའི་གཞས་ཚིག་འགའ་ཞིག་ཀྱང་ཚིག་སྦྱོར་མི་མཛེས་ལ་བརྗོད་དོན་མི་གསལ་བ་ཁུངས་ལུང་མེད་པར་མཐོང་ཡང་དེ་དག་དམར་འདོན་བྱེད་པའི་སྤོབས་པ་ཁོ་བོར་མེད་ལ་དགོས་པའང་མེད་པས་རེ་ཞིག་“མགོ་བོ་མལ་སར་འཛུལ་ན་ལྷགས་པ་ཆུང་”ཞེས་པའི་དཔེ་ལྟར་ལགས་ན་རང་གདོང་ལ་རང་གིས་ཞིབ་ཏུ་གཟིགས་པར་འཚལ་ཞེས་ཞུའོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1