༄༅།། ཨ་རིག་པེ་ཧུ་དགོན་ཐོས་བསམ་དར་རྒྱས་གླིང་།

བློ་བཟང་རབ་དགའ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།དགེ་ལུགས་པའི་དྲ་བ། སྤེལ་དུས། 09-10


           ༄༅།།དགོན་པ་འདིའི་མིང་ཆ་ཚང་ལ་ཨ་རིག་བེ་ཧུ་དགོན་དགའ་ལྡན་ཐོས་བསམ་དར་རྒྱས་གླིང་དུ་འབོད།དགོན་གནས་ནི་མདོ་ལ་རྫོང་མཁར་ནས་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ༡༠༥ཡི་མཚམས་སུ་ཡོད། ཨ་རིག་ས་ཁུལ་གྱི་དགེ་ལུགས་པའི་དགོན་སྡེ་དྲུག་ལས་ཆེ་ཤོས་ཀྱི་གྲས་ཡིན། 
           དགོན་པའི་ལོ་རྒྱུས་མདོ་ཙམ་བརྗོད་ན།དགོན་འདི་ནི་ཐོག་མར་རྒྱ་ལི་སྟག་ཕྲུག་ཀྱིས་ཚངགིས༡༦༩༠ཡས་མས་ཞིག་ལ་ལྷ་རི[རྡེའུ་དཀར་]དེའི་དཀར་ཟེར་བའི་སར་ཕྱག་འདེབས་མཛད། རྗེས་སུ་ཨ་རིག་དང་མགོ་ལོག་འཁྲུགས་ནས་དགོན་པ་བཅོམས། སྐུ་ཕྱོགས་རྒྱ་ལི་བློ་བཟང་བསྟན་དར་གྱིས་རྫོགས་ཆེན་ཁུགས་ཞེས་པར་བསྐྱར་བཞེངས་མཛད། རྒྱལ་བ་སྐལ་བཟང་རྒྱ་མཚོ་ཚང་ལ་ཞུས་ནས་མ་ཎི་སྤྱི་སྲུང་བཙུགས། དེ་ནས་ཁོང་གིས་འདུ་ཁང་རྒྱབ་ཕྱོགས་སུ་ཨ་ཡིག་ཅིག་བྲིས། དེ་ལ་རྟ་མགྲིན་རང་བྱོན་བསྟིམས་ཡོད་པར་གསུངས། རྗེས་ཕྱོགས་སུ་འདུ་ཁང་གང་རུང་ཞིག་བཞེངས་ན་རྒྱབ་ཕྱོགས་ལ་ཨ་ཡིག་ཅིག་བྲིས་ན་ཁོང་གིས་རབ་གནས་ཐོབ་ཡོད་གསུངས། ཨ་རིག་བནྡེ་གྲགས་པ་དབང་ཕྱུག་དང་བེ་ཧུའི་དཀོན་མཆོག་རབ་བརྟན་གཉིས་ཀྱི་རིང་ལ་ཇག་པ་འཕྲད་ནས་དགོན་པར་ཆག་ཉམས་ཆེན་པོ་བྱུང་བས། གཉན་ཆེན་གེ་ཐོས་རི་ལ་གནས་སྤར། དགོན་མིང་ལའང་གེ་ཐོས་ནག་དགོན་དུ་འབོད། སྐུ་ཕྱོགས་རྒྱ་ལི་བློ་བཟང་བསྟན་དར་གྱིས་བསྒོམ་མཐར་རབ་འབྱམས་པ་ཚང་ལ་དགོན་མགོ་གཏད། དགོན་པ་དར་རྒྱས་ཆེན་པོ་བྱུང་ནས་གེ་ཐོས་སྐེད་དུ་དགྲ་བཅོམ་པ་ལྔ་བརྒྱ་བཞུགས་ཞེས་གྲགས་སྐད་ཆེ་པོ་རྒྱས།རྗེས་སུ་ཆིན་རྒྱལ་རབས་ཀྱི་དུས་མཇུག་ཏུ་རང་བྱུང་དང་མིས་བཟོས་རྒྱུ་རྐྱེན་དུ་མའི་དབང་གིས་བླ་དཔོན་དང་ཡོན་བདག་རྣམས་གྲོས་མཐུན་བྱུང་སྟེ་དགོན་འགོ་ཨ་རིག་རྭ་རྒྱའི་ཤིང་བཟའ་པཎ་ཊི་ཏ་ཚང་ལ་ཕུལ།དགོན་མིང་ལ་ཨ་རིག་བེ་ཧུའི་དགའ་ལྡན་ཐོས་བསམ་དར་རྒྱས་གླིང་དུ་འབོད། གྲུབ་མཐའ་དགེ་ལུགས་པར་གཏོགས་ཤིང་ཆོས་ཐོག་དང་འདོན་ཕྱག་ལེན་དབྱངས་རྟ་འདུར་སོགས་རྭ་རྒྱ་དང་གཅིག་པར་བྱས། དེའི་རྗེས་རྐྱེན་དབང་དུ་མས་སྡེ་བ་དང་ཨ་རིག་དགེ་བཤེས་ཆེན་མོ་ལྷན་ཅིག་ཏུ་མཚོ་སྔོན་ཕྱོགས་སུ་འོངས། དུད་ཁྱིམ་སྟོང་ལྷག་ཡོད། སྒོ་མེའི་བ་ཝོད་ཟེར་བའི་ས་ཆ་ནས་ཨ་རིག་དགེ་བཤེས་ཆེན་མོ་སྐུ་གཤེགས། ཁོང་གི་སྡེ་བ་མཚོ་སྔོན་པོའིི་བྱང་ཕྱོགས་སུ་སོང་ན་བཟང་བའི་ལུང་བསྟན་ལྟར་མཚོ་སྲིབ་བརྒྱུད་ནས་འོངས། དེ་ནས་རིམ་བཞིན་ད་ལྟའི་མཚོ་ལྷོ་དང་མདའ་བཞི། རྐང་ཚ། རྒྱ་མདོ་སོགས་མཚོ་སྔོན་པོའི་མཐའ་འཁོར་གྱིས་ས་ཆར་ཚོ་བ་དང་མཉམ་དུ་སྐོར་བསྐྱོད་བྱས།
           རྗེས་ནས་གསེར་ཁོག་གི་སྐུ་ཕྱོགས་ཞ་ལུ་བ་ལེགས་པའི་རྒྱལ་མཚན་ཁོང་ཨ་རིག་བེ་ཧུའི་བྱ་བྲལ་གྲགས་པ་ཚང་ལ་སྐུ་འཁྲུངས། བེ་ཧུའི་བྱ་བྲལ་རིན་ཆེན་ཚང་ལ་ཨ་ལགས་དགེ་རྒྱལ་འཁྲུངས་ནས་བཟུང་ཁོང་རྣམ་པ་གཉིས་དང་མུ་རི་གངས་དཀར་ཝང་དཔོན་པོ་སོགས་བླ་དཔོན་གྱི་འབྲེལ་བ་ཟབ་མོ་བྱུང་།དེ་ནས་བཟུང་སྟེ་ཝང་བེ་ཧུའི་གཉིས་ལྷ་སྡེ་གཅིག་ཏུ་གྱུར། ཝང་ཚང་ལ་གུར་དགོན་ཞིག་ཡོད་པ་དེ་མུ་རི་རྟ་ནག་པའི་རིང་ལ་འཇིག་སོང། སོག་པོའི་རྒྱལ་པོ་ཀུ་ཤུར་ཧན་གྱི་རིང་གི་ལྷ་གུར། རྟེན་དང་བཅས་བ་སྡེ་གཞུང་ལ་བླངས། མཐར་མུ་རིའི་གྲུབ་ཆེན་ཚང་དང་ཝང་ཨ་ཉ། མུ་རི་བདེ་ལེགས་དང་བེ་ཧུའི་རྒྱ་དང་སོགས་ཐུགས་དགོངས་གཅིག་མཐུན་གྱིས་ལྷ་གུར་དང་རྟེན། ད་དུང་གྲྭ་རྒྱུན་དང་བཅས་ཨ་ལགས་བསྒོམ་མཐར་ཚང་དང་རྭ་རྒྱའི་དགེ་བཤེས་ཨ་ཁུ་ཕུན་ཚོགས་ཚང་རྣམ་པ་གཉིས་ལ་ཕུལ། རབ་བྱུང་བཅུ་དྲུག་པའི་ས་མོ་སྤྲུལ་ཏེ། སྤྱི་ལོ་༡༩༢༩ནས་རབ་བྱུང་བཅུ་དྲུག་པའི་ས་མོ་ལུག་སྟེ་སྤྱི་ལོ་༡༩༤༣ལོའི་བར་དུ་དགོན་པ་མུ་རི་ས་ཆ་ནས་གནས་སྤོར་གང་མང་བྱས་མྱོང་། དགོན་པ་དར་རྒྱས་སུ་སོང་ནས་གྲྭ་བཙུན་བརྒྱ་ལྷག་ལ་སླེབས་པ་དང་།
           བླ་སྤྲུལ་བསྒོམ་མཐར་ཚང་གཙོ་བྱས་བའི།        ཨ་ལགས་བསྒོམ་སེར་ཚང་དང། ཀླུ་རྩེ་ཚང་། དགེ་རྒྱ་ཚར། རྭ་རྒྱ་མ་ཚང། གྲྭ་ཁྱོམ་ཚང་། མདོ་མང་། ཆོམ་ཚ་ཚང་། སོག་པོ་ཚང་། མུ་རི་ཚང་། མཁན་པོ་སོགས་བླ་མ་བཅུ་གྲངས་ཤིག་ཡོད། སྐབས་དེར་སྐུ་ཕྱོགས་ཨ་རོལ་རིན་པོ་ཆེ་རྡོ་རྗེ་འཆང་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་ཚང་ཞུས་ནས་དབང་ལུང་རྗེས་གསུམ་གང་མང་གསུངས། དགོན་པའི་སྐུ་རིམ་ལ་མགོན་པོའི་གཏོར་སྒྲུབ་བཙུགས། དབྱར་གནས་ཆེན་མོ་བཙུགས། དེའི་རྗེས་སྐུ་ཕྱོགས་ཨ་རོལ་རྡོ་རྗེ་འཆང་རྗེ་ལུང་རྟོགས་བསྟན་པའི་རྒྱལ་མཚན་ཡང་བསྐྱར་ཞུས་ནས་དུས་འཁོར་དབང་ཆེན་དང་གཅོད་དབང་སོགས་གནང་།རབ་བྱུང་བཅུ་དྲུག་པའི་ས་མོ་ལུག་སྟེ་སྤྱི་ལོ་༡༩༤༣ལོར་མུ་རི་གངས་དཀར་ཝང་དཔོན་པོ་མགོན་པོ་རྡོ་རྗེ་དང་ཀུན་དཔོན་པོ་བསོད་རྣམས་རྡོ་རྗེ། བེ་ཧུའུ་ཚེ་བྷ་བཅས་ཀྱི་རིང་ལ་ད་ལྟའི་ཡུལ་འདིར་གཏན་ཁེལ་བྱས་ཤིང་།གནམ་འཁོར་ལོ་རྩིབས་བརྒྱད། ས་པདྨ་འདབ་བརྒྱད་ལྟ་བུར་གནས་བཅས་སྟེ། མུ་རི་ཚོ་བ་བདུན་གྱི་མཆོད་གནས་སུ་གྱུར། རབ་བྱུང་བཅུ་དྲུག་པའི་ཤིང་སྤྲེལ་ཏེ།༡༩༤༤ལོར་རྗེ་བསྒོམ་མཐར་སྐུ་ཕྲེང་བཅུ་གསུམ་པ་ཚང་སྐུ་གཤེགས། ཤིང་ཕག་ལོ་སྟེ་༡༩༤༧ལོར་བསྟན་པ་ཇ་སག་སྡེ་བའི་དཔོན་པོ་སྟེ། ཡབ་ལྷ་དབང་དང་ཡུམ་སྒྲོལ་སྐྱིད་གཉིས་ཀྱི་སྲས་སུ་ཡང་སྤྲུལ་འཁྲུངས། ཆུ་འབྲུག་སྟེ་༡༩༥༢ལོར་སྐུ་ཕྱོགས་ཨ་རོལ་རིན་པོ་ཆེ་ཚང་གིས་ཐུགས་ཐག་བཅད་པ་ལྟར་བསྒོམ་མཐར་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་དུ་ངོས་འཛིན་བྱས། བསྒོམ་མཐར་སྐུ་ཕྲེང་བཅུ་བཞི་བ་དགེ་འདུན་བསྟན་པའི་རྒྱལ་མཚན་ཚང་དང་རྗེ་གྲུབ་ཐོབ་པ་མདོ་མང་དངོས་གྲུབ་བསྟན་པའི་རྒྱལ་མཚན་ཚང་རྣམ་པ་གཉིས་ལྷན་གཅིག་ཏུ་ཁྲི་སར་བཀོད།
           དེ་ནས་ཁོང་རྣམ་པ་གཉིས་ནི་རང་དགོན་གྱི་ཨ་ལགས་དགེ་རྒྱའི་དྲུང་དུ་རབ་བྱུང་སྒྲུབ་ནས་ཚོགས་གྲལ་དུ་ཞུགས། སྐབས་དེར་གྲྭ་བ་བརྒྱ་དང་བཅུ་གྲངས་ལྷག་བཞུགས། 
           ནང་ཆེན་དང་གྲྭ་ཤག་བཅས་ཁང་མིག་བཞི་བཅུ་ལྷག་བཀབ། འདུ་ཁང་ལ་ཚོགས་རས་བདུན་དང་། ལྷ་ཁང་ལ་སོག་གུར་གཉིས་ཡོད། སྤྱི་ལོ་༡༩༥༨ལོའི་སྔོན་དུ་དགོན་པ་འདིར་འཕེལ་རྒྱས་ཅུང་ཙམ་བྱུང་ཞིང་། བླ་གྲྭ་བརྒྱ་དང་ཉི་ཤུ་ལྷག་ཡོད་ལ། དགོན་པའི་སྔོན་གྱི་ནང་རྟེན་ལ་རྒྱལ་དབང་སྐལ་བཟང་རྒྱ་མཚོས་གནང་བའི་ཁོང་གི་དབུ་མནབས་དང་བཞུགས་གདན་དང་རྒྱབ་ཡོལ། ཨ་རིག་དགེ་བཤེས་ཆེན་མོས་གནང་བའི་ཁོང་གི་དབུ་མནབས་དང་ཆོས་གོས། ཞ་ལུ་བས་གནང་བའི་རྗེ་དགེ་ལེགས་མ་སོགས་རྟེན་མང་པོ་ཡོད། ཨ་ལགས་དགེ་རྒྱ་ཚང་གིས་གསེར་ཟངས་ལས་གྲུབ་པའི་སྨན་བླ་བདེ་གཤེགས་བརྒྱད་དང་། བྱམས་ཆེན་གྱི་གོས་སྐུ་ཆེན་མོ། གསེར་ཚོན་ལས་གྲུབ་པའི་བཙོང་ཁ་བརྒྱད་ཅུའི་ཐང་ག 
           ཨ་ལགས་སྒོམ་སེར་ཚང་གིས་བཞེངས་བའི་གསེར་ཚོན་ལས་གྲུབ་པའི་དཔག་བསམ་འཁྲི་ཤིང་ཐང་ག་བཅུ་གཉིས། ཨ་ལགས་གྲྭ་ཁྱོམ་གྱིས་བཞེངས་བའི་གནས་བརྟན་བཅུ་དྲུག་གི་རྟོགས་བརྗོད་ཀྱི་ཐང་ག་བཅོ་བརྒྱད།རྒྱ་ནག་པེ་ཅིན་ནས་ཞུས་བའི་གསེར་ཟངས་ཀྱི་སྒྲོལ་མ་ཉེར་གཅིག རྗེ་ཡབ་སྲས་གསུམ་གྱི་ལི་སྐུ་གཙོ་བྱས་པའི་ལྷ་རྟེན་ཆོས་གསུམ།མཆོད་པ་མཆོད་རྫས་སོགས་གང་མང་བཞུགས་སོ།།
           ༡༩༥༨ལོར་དམངས་གཙོ་བཅོས་སྒྱུར་དང་ཟིང་འཁྲུག་བདེ་བཀོད་རྒྱུ་རྐྱེན་བྱས་པ་སོགས་ཀྱི་དབང་གིས་དགོན་པ་གཏོར། བླ་གྲྭ་སྐོར་ཞིག་འཛིན་བཟུང་བྱས་པ་དང་བླ་གྲྭ་མང་ཤོས་སྐྱ་སར་ཕབ་ནས་ཕྱུགས་འཚོ་སྐྱོང་བྱེད་དུ་བཅུག ལྷ་རྟེན་ཆོས་གསུམ་མེར་སྲེག་པ་དང་ཆུ་རླུང་ལ་བསྐུར་ནས་མེད་བརླགས་སུ་བཏང་།
           ཆུ་ཕོ་སྟག་སྟེ།༡༩༦༢ལོར་ནུབ་བྱང་མི་རིགས་ཆོས་ལུགས་བྱ་བའི་གྲོས་ཚོགས་རྗེས་ནས་གྲྭ་བ་བདུན་བརྒྱད་ཅིག་འཛོམས་ནས་དགོན་པ་སླར་གསོ་ཙམ་བྱས།  ༡༩༦༦ལོར་བཞི་གཙང་ལས་འགུལ་དང་རིག་གསར་སྐབས་སླར་ཡང་གཏོར་བཤིག་རྨང་མེད་དུ་བཏང་། ཏང་གི་སྐབས་བཅུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས།  ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ལག་ལེན་དངོས་འབེབས་བྱས་ཤིང་དགོན་པ་འདིའང་སླར་གསོ་བྱེད་པའི་སྐལ་བ་ལྡན།  ཆུ་མོ་ཕག་སྟེ་སྤྱི་ལོ་༡༩༨༣ལོར་བསྐྱར་འདེབས་ཀྱི་ཆོག་མཆན་གནང་བས་མཚོ་བྱུང་ཁུལ་མདོ་ལ་ས་ཁུལ་དུ། ཨ་རིག་དགོན་ཆེན་དང་བེ་ཧུའི་དགོན་སོགས་རིམ་བཞིན་བསྐྱར་འདེབས་བྱས། དགོན་པ་བསྐྱར་འདེབས་ཀྱིས་མི་སྣ་གཙོ་བོ་རྣམས་ནི་བསྒོམ་མཐར་སྐུ་ཕྲེང་བཅུ་བཞི་བ་དགེ་འདུན་བསྟན་པའི་རྒྱལ་མཚན་ཚང་དང་བསྒོམ་སེར་སྐུ་ཕྲེང་གསུམ་པ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ཚང་།  རྗེ་གྲུབ་ཐོབ་པ་མདོ་མང་དངོས་གྲུབ་བསྟན་པའི་རྒྱལ་མཚན་ཚང་།  ཨ་རིག་སྡེ་མང་དགོན་པའི་དགོན་བདག་བླ་མ་སྐྱབས་རྗེ་སྐུ་ཕྱོགས་སོ་མའི་སྐུ་ཕྲེང་གསུམ་པ་ལུང་རྟོགས་དཔལ་ལྡན་རྒྱ་མཚོ་མཆོག་དང་།  ཨ་རིག་སྐུ་ཆེན་ཚང་གི་སྐུ་ཕྲེང་དགུ་བ་འཇམ་དབྱངས་ཤེས་རབ་རྒྱ་མཚོ་ཚང་རྣམས་གཙོ་བྱས་པའི།  བླ་གྲྭ་དེ་རྣམས་ནི་མེ་ཏོག་བདྨ་འདམ་ལས་སྐྱེས་ཀྱང་འདམ་གྱིས་མ་གོས་བཞིན་ཡུན་རིང་བོར་དམངས་ཁྲོད་དུ་བཞུགས་ཀྱང་རང་རང་གི་ཁས་བླངས་བའི་དམ་ཚིག་དང་སྡོམ་པ་མ་ཉམས་པར་སྲུང་བའི་དགེ་སློང་དྲུག་བདུན་ཙམ་གྱི་སྤྱི་ལོ༡༩༨༣ལོའི་ཟླ་༤པའི་ཚེས་༡ཉིན་ནས་གཞི་བཟུང་སྟེ་མགོ་བརྩམས།བཙན་ཁང་དང་འདུ་ཁང།  གྲྭ་ཤག་སོགས་སྦྲ་དང་གུར་ཡིན།  ལོ་དེའི་བཞི་བའི་སྨྱུང་ཆེན་ནས་བཟུང་དགོན་པའི་ཆོས་ཐོག་རྣམས་ཀྱི་འགོ་ཐོག་མར་བཙུགས།  ཕྱིས་སུ་འདུ་ཁང་། བཙན་ཁང་། ནང་ཆེན། གྲྭ་ཤག་སོགས་རིམ་བཞིན་ཁང་བར་བསྒྱུར་ནས་བཞེངས་བསྐྲུན་བྱས།  སྐབས་དེར་བླ་གྲྭ་བཅུ་ལྷག་བཞུགས།
           སྤྱི་ལོ༡༩༨༦ལོར་ལ་མོ་ཞབས་དྲུང་སྒར་ཐོག་གི་ཨ་ལགས་ཉི་མགོན་སྐུ་ཕྲེང་དྲུག་པ་ངག་དབང་བསྟན་འཛིན་རབ་རྒྱས་ཚང་ཞུས་ནས་འདུ་ཁང་སོགས་ལ་རབ་གནས་དང་དབང་ལུང་མང་པོ་གསུངས་མྱོང་།
           སྤྱི་ལོ༡༩༨༧ལོར་རྭ་རྒྱའི་དབུ་མཛད་ནགས་སྐོར་བློ་གྲོས་བཟང་བོ་ཕེབས་ཏེ་གཞི་གསུམ་གྱི་ཉམས་ལེན་བསྐྱར་གསོ་མཛད་ནས་དབྱར་ གནས་ཆེན་མོ་བཙུགས།
            ༡༩༩༣ལོར་བོད་ཟླ་༨པའི་ཚེས་༢༠ཉིན་མང་ར་རྫོང་ཐར་ཤུལ་དགོན་པའི་ལ་མོ་ཡོངས་འཛིན་རྡོ་རྗེ་འཆང་རྗེ་བློ་བཟང་མཁས་གྲུབ་རྒྱ་མཚོ་ཚང་ཞུས་ནས་ཁོང་གིས་འཇིགས་བྱེད་དང་རྟ་མགྲིན་སོགས་དབང་ལུང་རྗེས་གསུམ་མང་པོ་གསུངས་ནས་ཉིན་ལྔའི་རིང་ ལ་བཞུགས།སྤྱི་ལོ་༡༩༩༨ལོར་འདུ་ཁང་ཇེ་ཆེར་གཏོང་དགོས་སྙམ་ནས་འདུ་ཁང་ཉིས་ཐོག་ཅན་ཁང་མིག་༧༠གསར་དུ་བཞེངས་ནས་༡༩༩༩ལོའི་བོད་ཟླ་༦བའི་ཚེས་༤ཉིན་ལེགས་འགྲུབ་བྱུང་།
           སྤྱི་ལོ་༢༠༠༣ལོར་ཟླ་༩་བའི་ཚེས་༢༢ཉིན་མགོ་ལོག་ཁུལ་ཨ་རིག་རྭ་རྒྱ་དགོན་པའི་སྐུ་ཕྱོགས་རྒྱ་ལི་བློ་བཟང་འཕྲིན་ལས་ཚང་ཕེབས་ནས་དགོན་པ་ནས་ཉིན་བཞི་ལ་སྐུ་རིམ་བཙུགས།  དེ་ནས་ཁོང་གིས་ཐུགས་བཀོད་ལྟར་བཀའ་འགྱུར་དག་ཚར་དང་མཆོད་རྟེན་བརྒྱད་པ་ཞིག་བཞེངས་དགོས་པའི་བཀའ་སྩལ།
           སྤྱི་ལོ་༢༠༠༤ལོར་ཟླ་༤བའི་ཚེས་༡ཉིན་བཞེངས་འགོ་བརྩམས་ནས་ལོ་དེའི་ཟླ་༧པའི་ཚེས་༥ཉིན་ལེགས་འགྲུབ་བྱུང་། 
           སྤྱི་ལོ༡༩༩༩ལོར་དད་ལྡན་དམངས་ཚོགས་རྣམས་ཀྱི་སྒོར་འབུམ་གསུམ་ལྷག་ཞབས་འདེབས་སུ་ཕུལ་ནས་བཞེངས་བའི་འདུ་ཁང་སྟེ་ལོ་བཅུ་ལྷག་འགོར་བས་རྨང་གཞི་མི་བཟང་བ་དང་སྐབས་དེའི་བཟོ་ལས་ལག་རྩལ་སོགས་ཞན་པས་ཞིག་རལ་ཏུ་གྱུར་།
           དེ་ནས་སྤྱི་ལོ་༢༠༡༠ལོར་གོང་རིམ་ལ་ཡར་ཞུ་བྱས་ནས་ཆོག་མཆན་གནང་སྟེ།མུ་རི་སྡེ་བ་སོ་སོ་ནས་དད་ལྡན་དམངས་ཚོགས་རྣམས་ཀྱིས་དམངས་སྒོར་འབུམ་བརྒྱད་ལྷག་གི་འགྲོ་སོང་ཕུལ་བས། སྔོན་གྱི་འདུ་ཁང་ཤུལ་གྱི་རྡོ་རྩིག་རྨང་གཞི།  གཞིར་བྱས་སྟེ་འདུ་ཁང་སུམ་ཐོག་ཅན་ཞིག་བཞེངས།  བསྐྱར་བཞེངས་མི་སྣ་གཙོ་བོ་ནི།ཨ་ལགས་བསྒོམ་མཐར་སྐུ་ཕྲེང་བཅུ་བཞི་བ་དགེ་འདུན་བསྟན་པའི་རྒྱལ་མཚན་ཚང་དང་ཨ་ལགས་བསྒོམ་སེར་སྐུ་ཕྲེང་གསུམ་པ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ཚང་།རྗེ་གྲུབ་ཐོབ་པ་མདོ་མང་སྐུ་ཕྲེང་གསུམ་པ་དངོས་གྲུབ་བསྟན་པའི་རྒྱལ་མཚན་ཚང་དང་རྭ་རྒྱ་མ་འཇམ་དབྱངས་མཁས་གྲུབ་རྒྱ་མཚོ་ཚང་གཙོ་བྱས་ཏེ་རང་དགོན་གྱི་དགེ་སློང་དམ་ཆོས་འོད་སྲུང་། དགེ་འདུན་རྒྱ་མཚོ། རྡོ་རྗེ་བཟང་བོ། བློ་བཟང་རབ་དགའ། མུ་རིའིི་གྲོང་གཙོ་ཚེ་རིང་དོན་གྲུབ། ལུང་རྒན་སྡེ་བའི་འཇིགས་བྱེད་དང་མུ་རིའི་ཚོ་བ་དྲུག་གི་སྡེ་དཔོན་དང་རུ་དཔོན་སོགས་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་འོག་ནས་འདུ་ཁང་འདི་འདྲ་ཞིག་ལེགས་འགྲུབ་བྱུང།

           སྤྱི་ལོ་༢༠༡༠ལོར་ཨ་རོལ་རྡོ་རྗེ་འཆང་སྐུ་ཕྲེང་བཞི་བ་ཏིང་འཛིན་དགེ་ལེགས་དབང་བོ་ཚང་གིས།   ཨ་ལགས་མུ་རིི་སྐུ་ཕྲེང་བཞི་བ་བློ་བཟང་བསྟན་པ་རབ་རྒྱས་ཀྱི་ཡང་སྤྲུལ་ངོས་བཟུང་བྱས།  ཡང་སྤྲུལ་གྱི་སྐྱེས་མིང་ལ་བསོད་ནམས་བཀྲ་ཤིས་ཟེར་ལ།  དེ་དུས་དགུང་ལོ་༡༣ཡིན། ཨ་རོལ་རྡོ་རྗེ་འཆང་གིས་ཡོངས་འཛིན་སྐལ་བཟང་འཇིགས་མེད་བློ་གྲོས་མཆོག་གི་དྲུང་དུ་རབ་བྱུང་དང་དགེ་ཚུལ་བསྒྲུབས། མཚན་ལ་བློ་བཟང་མདོ་སྔགས་ཆོས་ཀྱི་ཉི་མ་ཞེས་གསོལ།
 སྤྱི་ལོ༡༩༨༣ལོར་ནས༢༠༡༦ལོའི་བར་ལ་གསར་བཞེངས་བྱས་པའི་ནང་རྟེན་གི་རིགས་ལ་ཐུགས་རྗེ་ཆེན་པོ་ཕྱག་བཞི་བའི་ལི་སྐུ་མཐོ་ཚད་ལ་སྨི་གསུམ་ཅན་ཞིག་དང་ཉེས་བའི་སྲས་ཆེན་བརྒྱད།  སྨན་བླ་བདེ་གཤེགས་བརྒྱད།  ཚེ་དཔག་མེད་ལྷ་དགུ་སོགས་སྐུ་གསུང་ཐུགས་རྟེན་སོགས་མང་པོ་བཞུགས་ལ།   ད་སྐབས་བླ་གྲྭ་སུམ་བཅུ་ལྷག་བཞུགས།  ད་དུང་ཨ་རིག་དགོན་ཆེན་གྱི་བླ་མ་ཨ་ལགས་སྨྲ་ཁམས་སྐུ་ཕྲེང་གསུམ་པ་བློ་བཟང་ཚུལ་ཁྲིམས་བསྟན་འཛིན་ཚང་གིས༡༩༩༦ལོར་བཞེངས་པའི་དུས་འཁོར་མཆོད་རྟེན་ཆེན་མོ་དང་རང་དགོན་གྱི་དགེ་སློང་བློ་བཟང་རབ་དགའ་ནས་སྤྱི་ལོ༢༠༡༤ལོའི་བོད་ཟླ་༥བའི་ཚེས༥ཉིན་རབ་དགའ་ཀུན་ཕན་ཤེས་རིག་དར་སྤེལ་གསབ་སྦྱོང་འཛིན་གྲྭ་ཞེས་པའི་སློབ་གླིང་ཞིག་བཙུགས།       
           ཆོས་ཐོག་གི་སྐོར་ལ་རྒྱལ་ལོ་སྨོན་ལམ་ཉིན་བརྒྱད།  གསུམ་པའི་སྒྲུབ་མཆོད་ཉིན་དགུ  བཞི་བའི་སྨྱུང་གནས་ཉིན་བཞི།   དྲུག་པའི་མཆོད་པ་དང་དབྱར་གནས་ཉིན་ཞེ་ལྔ།བརྒྱད་པའི་མ་ཎི་ཉིན་བཅུ།  དགུ་བའི་ལྷ་མཇལ་ཉིན་ལྔ། བཅུ་བའི་ལྔ་མཆོད་ཆེན་མོ་ཉིན་བདུན།  བཅུ་གཅིག་པའི་བཟང་སྤྱོད་ཉིན་དྲུག །བཅུ་གཉིས་བའི་དགུ་གཏོར་ཉིན་གསུམ་བཅས་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1