གཙོ་ངོས།>> ཞིབ་འཇུག>>སྐད་ཡིག

ཚེ་དབང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༩ཚེས་༡༣ཉིན།

༄༅།། བོད་རྒྱ་ཚིག་མཛོད་ཆེན་མོའི་ཚིག་དོན་འགའ་ཞིག་ལ་བརྟག་པའི་དཔྱད་རྩོམ་མཁས་པའི་མགུལ་རྒྱན་ཞེས་བྱ་བ།


ཚེ་དབང་།
          ཡེ་ཤེས་ངོ་བོ་མཉྫུ་གྷོ་ཥ་དང་། ། བྱམས་བརྩེའི་གཏེར་ཆེན་ལོ་ཀེ་ཤྭ་ར་དང་། ། མཐུ་སྟོབས་ཡོངས་རྫོགས་བཛྲ་པཱ་ཎེ་ཡིས། །ཀཱཡ་ལྦཀ་ཙི་ཏྟའི་བྱིན་ཆེན་སྩོལ། ། རབ་འབྱམས་རྒྱལ་ཀུན་འདུས་པའི་ཡེ་ཤེས་ནི། ། རབ་རྫོགས་མཚན་དཔེའི་ལང་ཚོར་སྨིན་པ་ཡི། ། རབ་མཛེས་ངག་གི་ལྷ་མོ་དབྱངས་ཅན་མས། ། རབ་རྨོངས་བདག་ཡིད་ཁྱིམ་འདི་མཛེས་པར་མཛོད། །ཤེས་པར་བྱ་བའི་གནས་ལུགས་ཕྲ་རགས་ཀུན། །མ་འདྲེས་གསལ་བར་འབྱེད་པའི་རྣམ་དཔྱོད་ཀྱི། །སྤོབས་པའི་སྣང་བ་འབྱིན་མཛད་དགེ་བའི་བཤེས། །ལན་བརྒྱར་དྲན་ནོ་བརྩེ་ཆེན་ཞགས་པས་གཟུང་། །ཞེས་ཤིས་པར་བརྗོད་པའི་ཚིག་གི་མེ་ཏོག་ཅུང་ཟད་འཐོར་བ་སྔོན་དུ་བཏང་ནས་ཇི་སྐད་དུ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་ལས། གལ་ཏེ་ཡང་དག་དམ་བཅའ་ཙམ་ཞིག་གིས། ། ངེས་པ་བརྙེད་ཀྱང་སྒྲུབ་དང་སུན་འབྱིན་གྱི། །ཚད་མའི་སྟོབས་ཀྱིས་ངེས་པ་མ་རྙེད་ན། །འདམ་ལ་བཏབ་པའི་ཕུར་པ་བཞིན་འགྱུར་བས། ཡང་དག་བག་ཆགས་བརྟན་པོ་འཇོག་མི་ནུས། །ཞེས་གང་གསུངས་པ་ལྟར། ཡང་དག་པ་དང་། ཡང་དག་པ་མིན་པའི་དོན་ལ་ཚུལ་གསུམ་པ་ཅན་གྱི་རྟགས་ལ་བརྟེན་ནས་སྐྱེས་པའི་རྗེས་དཔག་གམ་མངོན་གསུམ་གྱེས་ངེས་པ་མ་དྲངས་པར་ཡིད་དཔྱོད་ཙམ་གྱིས་དེའི་དོན་གོ་ཡང་། དེ་ནི་གཞན་གྱི་རྒྱུ་མཚན་ལྟར་སྣང་འགའ་ཞིག་གིས་བཟློག་པར་སླ་བ་ནི་འདམ་ལ་བཏབ་པའི་ཕུར་པ་ཅུང་ཟད་འཐེན་པས་བུད་པ་དང་མཚུངས་པར་གསུངས་པས། བྱ་བ་གང་ལ་ཡང་ཚད་མས་ངེས་པ་དྲངས་དགོས་པ་གལ་ཆེ་ཞིང་། གསུང་རབ་དགོངས་འགྲེལ་དང་བཅས་པ་ཡང་། ཡང་དག་པའི་ལུང་དང་རིགས་པས་ལེགས་པར་གཏན་ལ་ཕབ་སྟེ། ལུང་རིགས་ཀྱིས་མི་གནོད་ཅིང་དེས་གྲུབ་ན་ཁས་བླངས་ཤིང་།  དེ་དག་གི་རྗེས་སུ་འཇུག་པ་ལས། རྒྱུ་མཚན་ཡང་དག་མ་མཐོང་བར་འདི་ནི་ཡང་དག་པའོ།   འདི་ནི་ཡང་དག་པ་མིན་ནོ་ཞེས་གཞན་ཟེར་གྱི་རྗེས་སུ་འབྲང་བ་ནི་བླུན་པོའི་འཇུག་ཚུལ་ཡིན་པས། མཁས་རྣམས་དེ་ལས་ལྡོག་སྟེ། ལུང་རིགས་དང་མི་མཐུན་ན། དེ་དགག་པ་དང་།རང་གི་འཐད་པའི་དོན་གཞག་དགོས་པས། ཁོ་བོས་ཀྱང་དེ་དག་དང་མཐུན་པར་ཏང་གི་མི་རིགས་སྲིད་ཇུས་དང་། ཆོས་དད་རང་མོས། ཆབ་སྲིད་གཅིག་གྱུར་བཅས་ཡང་དག་པའི་མཛད་ཕྱོགས་འོད་སྣང་འབར་བའི་འོག་དཔྱད་རྩོམ་ཐུང་ངུ་ཞིག་བརྩམས་པའི་བྱ་བ་ལ་ཞུགས་སོ། དེ་ཡང་། བོད་རྒྱ་ཚིག་མཛོད་ཆེན་མོའི་ཤོག་གྲངས564ནང་། རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས། འབྲས་བུ་རྟགས་ལྔའི་ནང་གསེས་སྒྲུབ་བྱེད་རོ་ཡོད་པའི་རྟགས་ཀྱིས་གཟུགས་ཡོད་པར་སྒྲུབ་པ་སྟེ། དཔེར་ན། ཁ་ནང་གི་བུ་རམ་གོང་བུའི་སྟེང་ན་ཆོས་ཅན།་ བུར་གཟུགས་ད་ལྟར་བ་ཡོད་དེ། བུ་རོ་ད་ལྟར་བ་ཡོད་པའི་ཕྱིར་ཞེས་པ་ལྟ་བུའོ་ཞེས་བུ་རོ་ད་ལྟར་ཁ་ནང་གི་བུ་རམ་གོང་བུའི་སྟེང་ན་བུར་གཟུགས་ད་ལྟ་བ་ཡོད་པར་སྒྲུབ་པའི་རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་གི་མཚན་གཞིར་བཀོད་འདུག་ཀྱང་ཁོ་བོས་བལྟས་ན་དེ་ནི་འཐད་པར་མ་མཐོང་སྟེ། བུ་རོ་ད་ལྟར་བ་དེ་ཁ་ནང་བུ་རམ་གོང་བུའི་སྟེང་ན་བུར་གཟུགས་ད་ལྟར་བ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་མ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཆོས་ཅན། དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་མ་ཡིན་པར་ཐལ། བུར་གཟུགས་ད་ལྟར་བའི་འབྲས་བུ་མ་ཡིན་པའི་ཕྱིར། མ་གྲུབ་ན། བུ་རོ་ད་ལྟར་བ་ཆོས་ཅན། བུར་གཟུགས་ད་ལྟར་བའི་འབྲས་བུ་མ་ཡིན་པར་ཐལ། བུར་གཟུགས་ད་ལྟར་བ་དང་དུས་མཉམ་ཡིན་པའི་ཕྱིར།   མ་གྲུབ་ན། དེར་ཐལ། བུ་རམ་གྱི་རོ་གཟུགས་གཉིས་པོ་དངོས་རྒྱུ་ཚོགས་པ་ཚར་གཅིག་ལ་རག་ལས་པའི་ལྷན་གཅིག་པའི་ཆོས་ཡིན་པའི་ཕྱིར། དེར་ཐལ། རྣམ་འགྲེལ་རྩ་བ་ལས།  ནུས་པ་འཇུག་པར་མེད་པར་ནི། །རོ་མེད་དེ་ཉིད་གཞན་གྱི་རྒྱུ། །ཞེས་དང་། ཡང་རྩ་བ་ལས། རྒྱུ་གཅིག་ཕྱིར་ན་ལྷན་ཅིག་གནས། །དབང་བཞིན་གཟུགས་དང་རོ་བཞིན་ནོ། །ཞེས་དང་པོས་བུ་རམ་གྱི་རོ་སྔ་མས་བུ་རམ་གྱི་གཟུགས་ཕྱི་མའི་ལྷན་ཅིག་བྱེད་རྐྱེན་དང་། བུར་གཟུགས་ཕྱི་མའི་ཉེར་ལེན་བྱེད་པར་གསུངས་པས། དེ་གཉིས་དངོས་རྒྱུ་ཚོགས་པ་ཚར་གཅིག་ལ་རག་ལུས་པ་དང་། གཞུང་ཕྱི་མས། ལུས་སེམས་ལྷན་ཅིག་ཏུ་གནས་པའི་དཔེར་དབང་པོ་ལྔ་དང་། བུ་རམ་གྱི་རོ་གཟུགས་བཀོད་པའི་ཕྱིར། དང་པོ་གྲུབ་སྟེ། ཊིཀ་ཆེན་རིགས་པའི་རྒྱ་མཚོ་ཤོག་གྲངས་ཞེ་བཞིའི་ཡིག་ཕྲེང6པར། དེས་ན་གཟུགས་སྔ་མའང་གཟུགས་ད་ལྟར་བའི་ཉེར་ལེན་དང་། རོ་ད་ལྟར་བའི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་པས། དེ་གཉིས་རྒྱུ་ཚོགས་གཅིག་ལ་རག་ལུས་པ་ཡིན་ལ་ཞེས་དང་། ཐར་ལམ་གསལ་བྱེད། འཇམ་དབྱངས་སྨོན་ཊིཀ་སོགས་ལས་ཀྱང་དེ་བཞིན་དུ་གསུངས་ཡོད་ཀྱང་མང་བས་མ་བྲིས་པའི་ཕྱིར། གཉིས་པ་གྲུབ་སྟེ།  ལེའུ་གཉིས་པའི་ཊིཀ་ཆེན་རིགས་པའི་རྒྱ་མཚོ་ཤོག་གྲངས་ཞེ་དྲུག་ཡིག་ཕྲེང་དང་པོར། གལ་ཏེ་ལུས་ལོག་པས་སེམས་ལྡོག་པ་མ་ཡིན་ན། ལུས་སེམས་གཉིས་ལྷན་ཅིག་ཏུ་གནས་པ་ཅི་ཞེ་ན།   སྔོན་གྱི་འཕེན་བྱེད་རྒྱུ་ལས་གཅིག་གིས་ལྷན་ཅིག་ཏུ་གནས་པར་འཕངས་པའི་ཕྱིར་ན་ལྷན་ཅིག་གནས་པ་ཡིན་ཏེ། དཔེར་ན་དབང་པོ་ལྔ་བཞིན་དང་། བུ་རམ་གྱི་གཟུགས་དང་རོ་བཞིན་ནོ་ཞེས་གསུངས་པའི་ཕྱིར། དེར་མ་ཟད། བུ་རམ་གྱི་རོ་གཟུགས་དངོས་རྒྱུ་གཅིག་པས་དུས་མཉམ་ཡིན་ཏེ། ཨུཏྤ་ལའི་རེག་གཟུགས་དངོས་རྒྱུ་གཅིག་པས་དུས་མཉམ་ཡིན་པའི་ཕྱིར་ཏེ།  ལེའུ་གཉིས་པའི་ཊིཀ་ཆེན་ཤོག་གྲངས་གྱ་གཉིས་པའི་ཡིག་ཕྲེང6པར་ཨུཏྤ་ལའི་རེག་པ་སྔ་མ་དེ་མིག་ཤེས་ཀྱི་གཟུང་དོན་དུ་གྱུར་པའི་ཨུཏྤ་ལའི་གཟུགས་ཕྱི་མ་དེའི་རྒྱུ་ཡིན་པའི་ཕྱིར། གཟུགས་དེ་མཐོང་བའི་མིག་ཤེས་ལ་ནི་བརྒྱུད་པའི་རྒྱུ་ཡིན་ནོ། དེ་ཡང་ཨུཏྤ་ལའི་གཟུགས་སྔ་མས་དེའི་གཟུགས་ཕྱི་མའི་ཉེར་ལེན་དང་། རེག་པ་ཕྱི་མའི་ལྷན་ཅིག་བྱེད་རྐྱེན་བྱེད་ལ། དེ་བཞིན་དུ་རེག་པ་སྔ་མས་རེག་པ་ཕྱི་མའི་ཉེར་ལེན་དང་། གཟུགས་ཕྱི་མའི་ལྷན་ཅིག་བྱེད་རྐྱེན་བྱེད་དོ།  དུས་མཉམ་པའི་རེག་གཟུགས་གཅིག་མེད་ན་གཅིག་མེད་དགོས་ཀྱང་། གཅིག་འཕེན་བྱེད་དུ་ཡོད་པའི་སྟོབས་ཀྱིས་ཅིག་ཤོས་སྐྱེ་བ་མིན་ལ། འདིར་སྨྲས་པའི་རྒྱུ་འབྲས་ཀྱི་རྗེས་སུ་འགྲོ་ལྡོག་ལ་ཚུལ་དེ་དགོས་པ་ཡིན་པས་སྐྱོན་མེད་དོ་ཞེས་པ་སྟེ། གཞན་དག་གིས་སླ་མོ་འདི་ཙམ་ཡང་མ་ཤེས་པར་སྣང་ངོ་ཞེས་གསུངས་པའི་ཕྱིར། གཞན་ཡང་གོང་དུ་བཤད་པ་དེ་མི་འཐད་དེ། བུ་རོའི་རྟགས་ལས་བུར་གཟུགས་ད་ལྟར་བ་རྟོགས་པའི་རྗེས་དཔག་སྐྱེས་ཀྱང་བུ་རོ་ད་ལྟར་བ་དེ།   དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་མི་དགོས་ཞེས་འདོད་པ་ནི་རིགས་པའི་དབང་ཕྱུག་གི་དགོངས་པ་ཡིན་པའི་ཕྱིར། དེར་ཐལ། དེ་ནི་རྣམ་གསུམ་ཉིད། ཅེས་རྟགས་ཡང་དག་ལ་འབྲས་རང་མ་དམིགས་པ་གསུམ་དུ་ཁས་བླངས་པ་ལ་ཕྱོགས་སྔས་དེ་མི་འཐད་དེ། བུ་རོ་ད་ལྟར་བ་ལས་བུར་གཟུགས་ཡོད་པར་རྟོགས་པའི་ཚད་མ་སྐྱེ་བས། བུ་རོ་ད་ལྟར་བ་དེ་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟར་བ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་གང་ཞིག་གསུམ་པོ་གང་རུང་མ་ཡིན་པའི་ཕྱིར་ཞེས་རྩོད་པ་བཀོད་པའི་ལན་དུ། དེ་འདྲའི་རྗེས་དཔག་དེ་ནི་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུ་རོ་སྔ་མས་བུར་གཟུགས་ཕྱི་མ་བསྐྱེད་པའི་ནུས་པ་ཡོད་པར་སྒྲུབ་པའི་རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པས་སྐྱོན་མེད་ཅེས་ལན་བཏབ་པའི་ཕྱིར་ཏེ། རིགས་པའི་དབང་ཕྱུག་གིས། ཚོགས་པ་གཅིག་ལ་རག་ལུས་པའི། །གཟུགས་ལ་སོགས་པ་རོས་རྟོགས་པ། །   རྒྱུ་ཆོས་རྗེས་སུ་དཔོག་པ་ནི། །ཞེས་སོགས་དང་། རང་དོན་ལེའུའི་ཊིཀ་ཆེན་རིགས་པའི་རྒྱ་མཚོ་ཤོག་གྲངས་ཞེ་བཞིའི་ཡིག་ཕྲེང4པར།  གལ་ཏེ་བུ་རམ་གྱི་རོ་མཐོང་བ་ལས་བུ་རམ་གྱི་གཟུགས་ཡོད་པར་རྟོགས་པའི་ཚད་མ་སྐྱེ་བར་མཐོང་བའི་ཕྱིར་ཚད་མ་དེའི་རྟེན་དུ་གྱུར་བའི་རྟགས་ཡང་དག་ཡོད་དགོས་ཤིང་། རྟགས་དེ་ཡང་བུ་རམ་གྱི་རོ་ད་ལྟར་བ་ཡོད་པའི་རྟགས་ཀྱིས་ཁ་ནང་བུ་རམ་ལ་གཟུགས་ད་ལྟར་བ་དཔོག་པ་ལྟ་བུ་ལས་གཞན་དུ་མི་འཐད་པས། དེ་ཉིད་རྟགས་ཡང་དག་ཡིན་དགོས་ལ། དེ་ལྟར་ན།  བུ་རམ་གྱི་རོ་གཟུགས་ད་ལྟར་བ་གཉིས་པོ་དེ་རྒྱུ་འབྲས་མ་ཡིན་པས་འབྲས་རྟགས་སུ་མི་འཐད་ཅིང་། རྫས་ཐ་དད་པས་རང་བཞིན་གྱི་རྟགས་མ་ཡིན་ལ་དགག་པ་དངོས་སུ་སྒྲུབ་པ་མ་ཡིན་པའི་ཕྱིར་མ་དམིགས་པའི་རྟགས་ཀྱང་མ་ཡིན་པས་རྟགས་ཡང་དག་འབྲས་རང་མ་དམིགས་པ་གསུམ་དུ་གྲངས་ངེས་པ་ཉམས་སོ་ཞེ་ན། རྒྱུ་རྐྱེན་གྱི་ཚོགས་པ་གཅིག་ལ་རག་ལུས་པའི་གཟུགས་ལ་སོགས་པ་རོས་རྟོགས་པའི་ཚད་མ་དེ་ལྟ་བུ་སྐྱེས་པ་ནི། རོ་ད་ལྟར་བ་གཟུགས་ད་ལྟར་བ་སྒྲུབ་པའི་རྟགས་ཡང་དག་ཏུ་སོང་བའི་རྒྱུ་མཚན་གྱིས་མ་ཡིན་གྱི་རོ་ད་ལྟར་བས་རང་དང་ཚོགས་པའི་གཟུགས་ད་ལྟར་བ་དེའི་རྒྱུའི་ཆོས་གཟུགས་སྔ་མའི་ནུས་པ་རྗེས་སུ་དཔག་པའི་སྟོབས་ལས་སྐྱེས་པ་ཡིན་ཏེ་ཞེས་སོགས་དང་། དེའི་ཤོག་གྲངས་ཞེ་ལྔའི་ཡིག་ཕྲེང4པར། ཤེས་བྱ་ཆོས་ཅན། ཁ་ནང་བུ་རམ་གོང་བུའི་སྟེང་གི་རོ་ད་ལྟར་བ་དམིགས་པ་ལས་གོང་བུའི་སྟེང་དུ་གཟུགས་ད་ལྟར་བ་ཡོད་པར་རྟོགས་པའི་ཚད་མ་སྐྱེས་པའི་རྒྱུ་མཚན་གྱེས་རོ་ད་ལྟར་བ་དེ། དེ་འདྲའི་གཟུགས་ད་ལྟར་བ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཏུ་འགྱུར་མི་དགོས་པར་ཐལ།   དེའི་ཚེ་དེ་འདྲའི་ཚད་མ་སྐྱེས་པ་ནི་བུ་རམ་གྱི་རོ་ད་ལྟར་བ་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུ་རམ་གྱི་གཟུགས་སྔ་མའི་ནུས་པ་དཔོག་པ་ལ་རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་ཏུ་སོང་བ་ལ་བརྟེན་ནས་སྐྱེས་པ་ཙམ་ཡིན་པའི་ཕྱིར་ཞེས་སོགས་དང་། ཐར་ལམ་གསལ་བྱེད་སོགས་གཞུང་མང་ཆེ་བར་མགྲིན་གཅིག་ཏུ་གསུངས་ཀྱང་མང་བས་མ་བྲིས།   འོ་ན་ཁྱེད་རང་ལ།   རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་གི་མཚན་གཞིར་ཇི་འདྲ་ཞིག་བཀོད་ཅེ་ན། གོང་དུ་གསུངས་པ་ལྟར་ཁོ་བོ་ནི། ཁ་ནང་བུ་རམ་གོང་བུའི་སྟེང་ན་ཆོས་ཅན། བུ་རོ་སྔ་མས་བུར་གཟུགས་ཕྱི་མ་བསྐྱེད་པའི་ནུས་པ་ཡོད་དེ། བུ་རོ་ད་ལྟར་བ་ཡོད་པའི་ཕྱིར་ཞེས་པའི་རྟགས་སྦྱོར་འདི་འགོད་དེ། རིགས་པའི་དབང་ཕྱུག་གིས། དེ་ནི་འབྲས་བུའི་རྟགས་ལས་སྐྱེས། །ཞེས་གསུངས་པའི་ཕྱིར། འོ་ན། བོད་རྒྱ་ཚིག་མཛོད་འདིར་གསུངས་པའི་དཔེར་བརྗོད་འདི་རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་མ་ཡིན་ན། རྟགས་ཡང་དག་ཀྱང་མ་ཡིན་ནམ་ཞེ་ན། ཤིན་ཏུ་འདོད་དེ། དེ་དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་ཡིན་པའི་ཕྱིར་ཏེ། དེ་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར་ཏེ། དེ་དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར་ཏེ། བཀྲས་ལྷུན་དཀྱིལ་ཁང་གྲྭ་ཚང་གི་རང་དོན་ལེའུའི་རྣམ་བཤད་མཐའ་དཔྱོད་ལུང་དང་རིགས་པའི་གཏེར་མཛོད་ལས། བུ་རོ་ད་ལྟར་བ་དེ། ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟར་བ་ཡོད་པར་སྒྲུབ་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཡིན་ནོ་ཞེས་གསུངས་པའི་ཕྱིར། ཡང་ཚིག་མཛོད་ཆེན་མོ་དེའི་ཤོག་གྲངས564ནང་རྒྱུ་མཐུན་གྱི་འབྲས་བུ། འབྲས་བུ་ལྔའི་ནང་གསེས་རང་རྒྱུ་རང་དང་གཅིག་པ་དང་རྣམ་པ་མཐུན་པར་འབྱུང་བ་སྟེ། དགེ་བ་ལས་དགེ་བ་སྐྱེས་པ་ལྟ་བུ་སྐལ་མཉམ་དང་།   ཀུན་འགྲོའི་རྒྱུ་གཉིས་ཀྱི་འབྲས་བུའོ་ཞེས་དགེ་བ་སྔ་མ་དགེ་བ་ཕྱི་མ་དང་གཅིག་པ་དང་། དགེ་བ་ཕྱི་མའི་སྐལ་མཉམ་གྱི་རྒྱུ་དང་། ཀུན་འགྲོའི་རྒྱུ་ཡིན་པར་གསུངས་པས། དགེ་བ་སྔ་མ་དགེ་བ་ཕྱི་མའི་སྐལ་མཉམ་གྱི་རྒྱུ་ཡིན་པ་ཤིན་ཏུ་འཐད་དེ། མངོན་པ་མཛོད་ལས། སྐལ་མཉམ་རྒྱུ་ནི་འདྲ་བའོ། །ཞེས་གསུངས་པ་དང་མཐུན་ཀྱང་། དགེ་བ་སྔ་མ་དགེ་བའི་ཕྱི་མ་དང་གཅིག་པར་གསུངས་པ་དེ་ཤིན་ཏུ་མི་འཐད་དེ། དེ་ལྟར་ན། རྒྱུ་འབྲས་གཅིག་པར་འདོད་པའི་རང་སྡེའི་གྲུབ་མཐའ་སྨྲ་བ་གཅིག་ཀྱང་མེད་པར་མ་ཟད། བདག་སྐྱེ་ཁས་ལེན་པ་རྣམས་ཀྱིས་ཀྱང་།  རང་དང་བདག་ཉིད་གཅིག་པའི་རྒྱུ་ལས་སྐྱེས་པ་ཁས་བླངས་པ་ལས་རྒྱུ་འབྲས་གཅིག་པ་ཡིན་ཞེས་མངོན་སུམ་ལ་བསྙོན་འདིང་བར་མི་བྱེད་པའི་ཕྱིར། དེས་ན་རྣམ་པ་འདྲ་བ་དང་རྣམ་པ་གཅིག་པ་གཉིས་གཅིག་པ་མིན་ཀྱང་གཅིག་པ་ཡིན་ཞེས་ཁྱབ་མཐར་ཁས་བླངས་ན་ཚད་མའི་རིགས་ལམ་གྱི་འགྲོ་ཚུལ་དང་ཤིན་ཏུ་འགལ་ལོ་སྙམ་མོ། དགེ་བ་སྔ་མ་དགེ་བ་ཕྱི་མའི་ཀུན་འགྲོའི་རྒྱུ་ཡིན་པ་ཤིན་ཏུ་མི་འཐད་དེ། ཀུན་འགྲོའི་རྒྱུ་ཡིན་ན་ཉོན་མོངས་ཅན་ཡིན་པ་དང་།  རང་ཉིད་ཀྱི་ཀུན་འགྲོའི་རྒྱུ་བྱེད་པའི་འབྲས་བུ་དེ་དང་ས་གཅིག་ཏུ་གཏོགས་པ་དང་། དགེ་བ་མ་ཡིན་པ་སོགས་དགོས་པའི་ཕྱིར་ཏེ། ཆོས་མངོན་པ་མཛོད་ལས། ཀུན་འགྲོ་ཞེས་བ་ཉོན་མོངས་ཅན། །རྣམས་ཀྱི་རང་ས་ཀུན་འགྲོ་ལྔ། །  ཞེས་དང་། མཛོད་ཊིཀ་མངོན་པའི་རྒྱན་ཤོག་གྲངས108ཡིག་ཕྲེང4པར། ལྔ་པ་ཀུན་འགྲོའི་རྒྱུ་ནི། ཀུན་འགྲོ་ཞེས་བྱ་བའི་རྒྱུ་ནི་སྡུག་བསྔལ་མཐོང་སྤང་གི་ལྟ་བ་ལྔ་དང་། ཐེ་ཚོམ་དང་། མ་རིག་པ་སྟེ་བདུན་དང་། ཀུན་འབྱུང་མཐོང་སྤང་གི་ལྟ་བ་མཆོག་འཛིན་དང་། ལོག་ལྟ་དང་། ཐེ་ཚོམ་དང་། མ་རིག་པ་དང་བཞི་སྟེ་བཅུ་གཅིག་ཡིན་ཏེ། ཉོན་མོངས་ཅན་རྣམས་ཀྱི་སྔོན་དུ་འགྲོ་བའི་རྒྱུ་ཐུན་མོང་མ་ཡིན་པ་ཡིན་པའི་ཕྱིར་རོ། ཐམས་ཅད་དུའམ་ཞེ་ན། རང་གི་ས་གཅིག་པར་གཏོགས་པའི་ཡིན་གྱི།    ས་གཞན་གྱི་ལྟ་བ་ལ་སོགས་པ་ནི་ས་གཞན་གྱི་མ་ཡིན་ནོ། རིས་གཞན་ནི་རིས་གཞན་གྱི་ཀུན་འགྲོའི་རྒྱུ་ཡིན་ཏེ། སྡུག་བསྔལ་དང་ཀུན་འབྱུང་མཐོང་སྤང་ནི་ཉོན་མོངས་པའི་རིས་ལྔ་ཆར་གྱི་ཀུན་འགྲོའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་དང་། དེར་མ་ཟད་དགེ་བ་དེ་ཀུན་འགྲོའི་རྒྱུ་ལས་མི་སྐྱེ་སྟེ།    ཉོན་མོངས་ཅན་མ་ཡིན་པའི་ཕྱིར་དང་། དགེ་བ་ཡིན་པའི་ཕྱིར། ཁྱབ་པ་རེ་རེ་ནས་གྲུབ་སྟེ།   མཛོད་ཊིཀ་མངོན་པའི་རྒྱན་ཤོག་གྲངས111ཡིག་ཕྲེང1པོར། རྣམ་པར་སྨིན་པ་ལས་སྐྱེས་པ་རྣམས་ནི་རིམ་པ་བཞིན་དུ་ཀུན་འགྲོའི་རྒྱུ་མ་གཏོགས་པ་ལྷག་མ་ལྔ་ལས་སྐྱེ་སྟེ། ཀུན་འགྲོ་ལས་མི་སྐྱེ་བ་ནི་ཉོན་མོངས་ཅན་མ་ཡིན་པའི་ཕྱིར་རོ་ཞེས་དང་། ཤོག་གྲངས་དེའི་ཡིག་ཕྲེང3པར།   དང་པོ་འཕགས་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་སྐད་ཅིག་མ་དང་པོ་སྟེ་ཞེས་པ་ནས། རྣམ་སྨིན་དང་ཀུན་འགྲོ་ལས་མི་སྐྱེ་བ་ནི། དེ་དགེ་བ་ཡིན་པའི་ཕྱིར་རོ་ཞེས་གསུངས་པའི་ཕྱིར་རོ། ཀུན་ཏུ་འགྲོ་དང་རྣམ་སྨིན་གྱི། །རྒྱུ་སོགས་རང་གི་ངོ་བོ་དང་། །འབྲས་བུ་འབྱིན་པའི་ཚུལ་མཐའ་དག། མ་འདྲེས་གསལ་བར་ཤེས་འདོད་རྣམས། །ཆོས་མངོན་གཞུང་ལུགས་དངུལ་དཀར་གྱི། །མེ་ལོང་ཉིད་ལ་བསྟེན་རིགས་སོ། །ཞེས་ཀྱང་སྨྲས་སོ། ཡང་ཚིག་མཛོད་འདིའི་ཤོག་གྲངས565རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པ། འགལ་བའི་ཁྱབ་བྱ་དམིགས་པ་བཞིའི་ནང་གསེས་གནོད་བྱེད་ཀྱི་ཁྱབ་བྱ་རྟགས་སུ་བཀོད་ནས་གནོད་བྱའི་རྒྱུ་འགོག་པ་སྟེ། དཔེར་ན། ཙན་དན་གྱི་མེས་ཁྱབ་པར་ནོན་པའི་གཞིར་ཆོས་ཅན། གྲང་རྒྱུ་ནུས་པ་ཐོགས་མེད་མེད་དེ། ཙན་དན་གྱི་མེས་ཁྱབ་པར་ནོན་པའི་དངོས་པོ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་ཙན་དན་གྱི་མེས་གྲང་རེག་གི་རྒྱུ་མེད་པར་སྒྲུབ་པའོ། ཞེས་ཙན་དན་གྱི་མེས་ཁྱབ་པར་ནོན་པའི་དངོས་པོ་དེ་ཙན་དན་གྱི་མེས་ཁྱབ་པར་ནོན་པའི་གཞིར་གྲང་རྒྱུ་ནུས་པ་ཐོགས་མེད་མེད་པར་སྒྲུབ་པའི་རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པར་གསུངས་འདུག    དེ་ནི་མི་འཐད་དེ་ཙན་དན་གྱི་མེས་ཁྱབ་པར་ནོན་པའི་དངོས་པོ་དེ། དེས་ཁྱབ་པར་ནོན་པའི་གཞིར་གྲང་རྒྱུ་ནུས་པ་ཐོགས་མེད་མེད་པར་སྒྲུབ་པའི་དེ་སྒྲུབ་ཀྱི་རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པ་རྟགས་སུ་བཀོད་པ་མ་ཡིན་ཕྱིར་ཏེ། དེ་དེ་སྒྲུབ་ཀྱི་དགག་བའི་ཆོས་སུ་བཏགས་པའི་དོན་གྱི་རྒྱུ་དང་འགལ་བའི་ཁྱབ་བྱ་མ་ཡིན་པའི་ཕྱིར་ཏེ། དེ་དེ་སྒྲུབ་ཀྱི་དགག་བའི་ཆོས་སུ་བཏགས་པའི་དོན་གྱི་འབྲས་བུ་དང་འགལ་བའི་ཁྱབ་བྱ་ཡིན་པའི་ཕྱིར། མ་གྲུབ་ན། ཙན་དན་གྱི་མེ་སྟོབས་ཆེན་ཆོས་ཅན། དེ་སྒྲུབ་ཀྱི་དགག་བའི་ཆོས་སུ་བཏགས་པའི་དོན་གྱི་འབྲས་བུ་དང་འགལ་བའི་ཁྱབ་བྱ་ཡིན་པར་ཐལ། མེ་སྟོབས་ཆེན་གྱི་ཁྱབ་བ་ཡིན་པའི་ཕྱིར། རྟགས་ཁས་བླངས་ཤིང་ཚད་མས་ཀྱང་གྲུབ། མེ་སྟོབས་ཆེན་དེ་དེ་སྒྲུབ་ཀྱི་དགག་བའི་ཆོས་སུ་བཏགས་པའི་དོན་གྱི་འབྲས་བུ་དང་འགལ་བའི་འགལ་ཟླ་དངོས་ཡིན་པའི་ཕྱིར། མ་གྲུབ་ན། མེ་སྟོབས་ཆེན་ཆོས་ཅན། དེ་སྒྲུབ་ཀྱི་དགག་བའི་ཆོས་སུ་བཏགས་པའི་དོན་གྱི་འབྲས་བུ་དང་འགལ་བའི་འགལ་ཟླ་དངོས་ཡིན་པར་ཐལ། གྲང་རེག་དང་འགལ་བའི་འགལ་ཟླ་དངོས་ཡིན་པའི་ཕྱིར།  ཁྱབ་སྟེ། གྲང་རེག་དེ་དེ་སྒྲུབ་ཀྱི་དགག་བའི་ཆོས་སུ་བཏགས་པའི་དོན་གྱི་དངོས་འབྲས་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེར་ཐལ། གྲང་རྒྱུ་ནུས་པ་ཐོགས་མེད་དེ། དེ་སྒྲུབ་ཀྱི་དགག་བའི་ཆོས་སུ་བཏགས་པའི་དོན་དང་། གྲང་རེག་གི་རྒྱུ་གཉིས་ཀ་ཡིན་པའི་ཕྱིར་ཏེ། དང་པོ་གང་ཞིག   ཕྱི་མ་ཡིན་པའི་ཕྱིར།   གཉིས་པ་སླ། དང་པོ་མ་གྲུབ་ན། དེ་སྒྲུབ་ཀྱི་དགག་བའི་ཆོས་སུ་བཏགས་པའི་དོན་ལ་གང་གཞག་སྨྲ་དགོས་སོ།   གཞན་ཡང་། རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པའི་མཚན་གཞིར་དེ་ལྟར་འཇོག་པ་མི་འཐད་དེ། དེ་ལས་གོ་ལྡོག་སྟེ་བསྒྲུབ་བའི་ཆོས་ལ་གྲང་འབྲས་སྤུ་ལོང་བྱེད་མེད་དེ་ཞེས་བཀོད་དགོས་ཏེ། རིགས་རྒྱན་ཤོག་གྲངས137ཡིག་ཕྲེང་དང་པོར། ཙན་དན་གྱི་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་གཞིར་གྲང་འབྲས་ཡོད་པར་ཁས་ལེན་པའི་ངོར། དེས་ཁྱབ་པར་ནོན་པ་མ་ཡིན་པར་ཐལ། གྲང་འབྲས་ཡོད་པའི་ཕྱིར་ཞེས་པ་ལྟ་བུ་ཁྱབ་བྱེད་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར་གྱིས་རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པའི་རང་རྒྱུད་འཕེན་པ་ཡིན་ནོ་ཞེས་དང་། སྡེ་བདུན་རྒྱན་དཔེ་དེབ་ཤོག་གྲངས301ཡིག་ཕྲེང21པར། འགལ་བའི་ཁྱབ་བྱ་དམིགས་པ་བཞི་ནི་རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པ། རང་བཞིན་དང་འགལ་བའི་ཁྱབ་བྱ་དམིགས་པ།  འབྲས་བུ་དང་འགལ་བའི་ཁྱབ་བྱ་དམིགས་པ། ཁྱབ་བྱེད་དང་འགལ་བའི་ཁྱབ་བྱ་དམིགས་པ་རྣམས་ཏེ། དཔེ་རིམ་བཞིན་ཙན་དན་གྱི་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་གཞིར་གྲང་རེག་སོགས་བཞི་མེད་པར་སྒྲུབ་པ་ལ་ཙན་དན་གྱི་མེ་སྟོབས་ཆེན་པོས་ཁྱབ་པར་དམིགས་པ་རྟགས་སུ་བཀོད་པ་ལྟ་བུའོ་ཞེས་གསུངས་པའི་ཕྱིར། དེར་མ་ཟད་གོང་དུ་མཚན་གཞི་དེ་ལྟར་བཀོད་པ་དང་། ཚིག་མཛོད་འདིའི་བར་ཆའི་ཤོག་གྲངས1992ནང་འབྲས་བུ་དང་འགལ་བའི་ཁྱབ་བྱ་དམིགས་པ། འགལ་བའི་ཁྱབ་བྱ་དམིགས་པ་བཞིའི་ནང་གསེས་གནོད་བྱེད་ཀྱི་ཁྱབ་བྱ་རྟགས་སུ་བཀོད་ནས་གནོད་བའི་འབྲས་བུ་འགོག་པ་སྟེ། དཔེར་ན། ཙན་དན་གྱི་མེས་ཁྱབ་པར་ནོན་པའི་གཞིར་ཆོས་ཅན། གྲང་འབྲས་སྤུ་ལོང་བྱེད་མེད་དེ། ཙན་དན་གྱི་མེས་ཁྱབ་པར་ནོན་པའི་དངོས་པོ་ཡིན་པའི་ཕྱིར་ཞེས་པ་ལྟ་བུ། ཙན་དན་གྱི་མེས་གྲང་བའི་འབྲས་བུ་མེད་པར་སྒྲུབ་པའོ་ཞེས་ཟེར་བ་དང་། གོང་དུ་བཤད་པ་དེ་གཉིས་རང་ཚིག་སྔ་ཕྱི་དངོས་སུ་འགལ་བར་གྱུར་འདུག་གོ། ཡང་ཚིག་མཛོད་འདིའི་ཤོག་གྲངས565རྒྱུ་དང་འགལ་བའི་རྒྱུ་དམིགས་པའི་ཐལ་འགྱུར། ལྷན་ཅིག་མི་གནས་འགལ་གྱི་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར་གསུམ་གྱི་ནང་གསེས་འགལ་བའི་རྒྱུ་རྟགས་སུ་བཀོད་པའི་ཐལ་འགྱུར་གང་ཞིག  བཟློག་ན་འབྲས་བུ་དང་འགལ་བའི་འབྲས་བུ་དམིགས་པའི་རང་རྒྱུད་འཕེན་པ་སྟེ། དཔེར་ན། དུ་བ་དྲག་ཏུ་འཕྱུར་བ་ཚད་མའི་སྟོབས་ཀྱིས་ངེས་པའི་ཤར་གཞིར་ཆོས་ཅན། དུ་བ་དྲག་ཏུ་འཕྱུར་བ་ཚད་མའི་སྟོབས་ཀྱིས་ངེས་པ་མ་ཡིན་པར་ཐལ། གྲང་རེག་གི་དངོས་རྒྱུ་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་གྱིས། དེ་ཆོས་ཅན། གྲང་རེག་གི་དངོས་རྒྱུ་མེད་དེ། དུ་བ་དྲག་ཏུ་འཕྱུར་བ་ཚད་མའི་སྟོབས་ཀྱིས་ངེས་པའི་ཕྱིར། ཞེས་ལྡོག་པ་གཞན་རིག་འཕེན་པའི་ཐལ་འགྱུར་རོ་ཞེས་བཀོད་པ་དང་། ཚིག་མཛོད་བར་ཆའི་ཤོག་གྲངས1992པར། འབྲས་བུ་དང་འགལ་བའི་འབྲས་བུ་དམིགས་པ། འགལ་བའི་འབྲས་བུ་དམིགས་པ་བཞིའི་ནང་གསེས་གནོད་བྱེད་ཀྱི་འབྲས་བུ་རྟགས་སུ་བཀོད་ནས་གནོད་བའི་འབྲས་བུ་འགོག་པ་སྟེ། དཔེར་ན། དུ་བ་དྲག་ཏུ་འཕྱུར་བས་ཁྱབ་པར་ནོན་པའི་གཞིར་ཆོས་ཅན། གྲང་འབྲས་སྤུ་ལོང་བྱེད་མེད་དེ། དུ་བ་དྲག་ཏུ་འཕྱུར་བས་ཁྱབ་པར་ནོན་པའི་དངོས་པོ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་མེ་འབྲས་ཀྱི་ས་གྲང་བའི་འབྲས་བུ་མེད་པར་བསྒྲུབ་པའོ།  ཞེས་བཀོད་པ་ཡང་རང་ཚིག་སྔ་ཕྱི་འགལ་བས་གཅིག་གིས་གཅིག་སུན་དབྱུང་བར་འགྱུར་ཏེ།  སྔ་མ་ཁས་བླངས་ན་ཕྱི་མ་ལ་གནོད།  ཕྱི་མ་ཁས་བླངས་ན་སྔ་མ་ལ་གནོད་པའི་ཕྱིར་ཏེ། སྔ་མའི་བསྒྲུབ་བའི་ཆོས་ལ་གྲང་འབྲས་ཀྱི་དངོས་རྒྱུ་མེད་པ་བཀོད།  ཕྱི་མའི་བསྒྲུབ་བྱའི་ཆོས་ལ་གྲང་འབྲས་སྤུ་ལོང་བྱེད་མེད་པ་བཀོད་པའི་ཕྱིར། རྒྱུ་མཚན་དེ་ལྟ་བས་ན། ཕྱི་མ་དེ་ཉིད་འབྲས་བུ་དང་འགལ་བའི་འབྲས་བུ་དམིགས་པའི་རྟགས་སུ་མི་འཐད་པ་ཆེས་ཤིན་ཏུ་རྟོགས་སླ་བས། ངེ་ནི་རྒྱུ་དང་འགལ་བའི་འབྲས་བུ་དམིགས་པའི་རྟགས་སུ་འཇོག་དགོས་པའི་ཕྱིར་ཏེ།  སྡེ་བདུན་རྒྱན་དཔེ་དེབ་ཤོག་གྲངས301ཡིག་ཕྲེང16པར། འབྲས་བུ་དང་འགལ་བའི་འབྲས་བུ་དམིགས་པ་བཞི་ནི། རང་བཞིན་དང་འགལ་བའི་འབྲས་བུ་དམིགས་པ། རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ། འབྲས་བུ་དང་འགལ་བའི་འབྲས་བུ་དམིགས་པ། ཁྱབ་བྱེད་འགལ་བའི་འབྲས་བུ་དམིགས་པ་རྣམས་ཏེ། དཔེར་ན། རིམ་པ་བཞིན། དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པའི་གཞིར། གྲང་རེག་སོགས་བཞི་པོ་མེད་པར་སྒྲུབ་པ་ལ། དུ་བ་དྲག་འཕྱུར་བས་ཁྱབ་པར་དམིགས་པ་སོ་སོར་རྟགས་སུ་བཀོད་པ་ལྟ་བུའོ་ཞེས་དང་། རིགས་རྒྱན་ཤོག་གྲངས100ཡིག་ཕྲེང(རྒྱབ་ཤོག)དང་པོར། དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པའི་ཤར་ཕྱོགས་ཆོས་ཅན། གྲང་འབྲས་སྤུ་ལོང་བྱེད་སྟོབས་ཆེན་རྒྱུན་ཆགས་པ་མེད་དེ། དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པའི་ཕྱིར་ཞེས་པ་ལྟ་བུའོ། ཞེས་གསུངས་པའི་ཕྱིར། ཡང་ཚིག་མཛོད་འདིའི་ཤོག་གྲངས566པར། རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ། འགལ་བའི་འབྲས་བུ་དམིགས་པ་བཞིའི་ནང་གསེས་གནོད་བྱེད་ཀྱི་འབྲས་བུ་རྟགས་སུ་བཀོད་ནས་གནོད་བའི་རྒྱུ་འགོག་པ་སྟེ། དཔེར་ན་དུ་བ་དྲག་ཏུ་འཕྱུར་བས་ཁྱབ་པར་ནོན་པའི་གཞིར་ཆོས་ཅན།   གྲང་རྒྱུ་ནུས་པ་ཐོགས་མེད་མེད་དེ། དུ་བ་དྲག་ཏུ་འཕྱུར་བས་ཁྱབ་པར་ནོན་པའི་དངོས་པོ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་མེ་འབྲས་ཀྱིས་གྲང་བའི་རྒྱུ་མེད་པར་སྒྲུབ་པའོ་ཞེས་བཀོད་པ་དང་། ཡང་དེའི་འོག་དེ་མ་ཐག་རྒྱུ་དང་འགལ་བའི་འབྲས་བུ་དམིགས་པའི་རྟགས་སྣང་རུང་གི་འགལ་ཟླ་དམིགས་པའི་རྟགས་ཀྱི་ནང་གསེས་རང་རྒྱུ་དང་འགལ་བའི་འབྲས་བུ་རྟགས་སུ་བཀོད་ནས་དགག་བྱ་འགོག་པ་སྟེ། དུ་བ་དྲག་ཏུ་འཕྱུར་བས་ཁྱབ་པར་ནོན་པའི་གཞིར་ཆོས་ཅན། གྲང་འབྲས་སྤུ་ལོང་བྱེད་རྒྱུན་ཆགས་སུ་གནས་པ་མེད་དེ། དུ་བ་དྲག་ཏུ་འཕྱུར་བས་ཁྱབ་པར་ནོན་པའི་དངོས་པོ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་མེ་འབྲས་རྟགས་སུ་བཀོད་ནས་གྲང་འབྲས་འགོག་པའོ་ཞེས་པ་དང་། ཡང་དེའི་འོག་དེ་མ་ཐག་ཏུ། རྒྱུ་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར། རང་རིག་འཕེན་པའི་ཐལ་འགྱུར་བཞིའི་ནང་གསེས་འགལ་བའི་འབྲས་བུ་རྟགས་སུ་བཀོད་ནས་ཐལ་བ་འཕངས་པ་གང་ཞིག  ལྡོག་ན་རྒྱུ་དང་འགལ་བའི་འབྲས་བུ་དམིགས་པའི་རང་རྒྱུད་འཕེན་པ་སྟེ། དཔེར་ན། དུ་བ་དྲག་ཏུ་འཕྱུར་བ་ཚད་མའི་སྟོབས་ཀྱིས་ངེས་པའི་ཤར་གཞིར་ཆོས་ཅན། དུ་བ་དྲག་ཏུ་འཕྱུར་བ་ཚད་མའི་སྟོབས་ཀྱིས་ངེས་པ་མ་ཡིན་པར་ཐལ། གྲང་འབྲས་སྤུ་ལོང་བྱེད་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་གྱིས། དེ་ཆོས་ཅན། གྲང་འབྲས་སྤུ་ལོང་བྱེད་མེད་དེ། དུ་བ་དྲག་ཏུ་འཕྱུར་བ་ཚད་མའི་སྟོབས་ཀྱིས་ངེས་པའི་ཕྱིར། ཞེས་ལྡོག་པ་རང་རིག་གཅིག་པའི་རང་རྒྱུད་འཕེན་པའོ་ཞེས་བཀོད་འདུག་པ་ཡང་། སྔ་མས་ཕྱི་མ་དེ་གཉིས་ཀ་སུན་དབྱུང་བར་འགྱུར་ཏེ། སྔ་མས་གྲང་རྒྱུ་ནུས་པ་ཐོགས་མེད་མེད་པ་བསྒྲུབ་བའི་ཆོས་དང་།  གྲང་རྒྱུ་དགག་བྱའི་ཆོས་སུ་བཏགས་པའི་དོན་དུ་འཇོག་པ་གང་ཞིག ཕྱི་མ་གཉིས་ཀྱིས་གྲང་འབྲས་སྤུ་ལོང་བྱེད་མེད་པ་བསྒྲུབ་བའི་ཆོས་དང་། གྲང་བའི་འབྲས་བུ་དགག་བྱའི་ཆོས་སུ་བཏགས་པའི་དོན་ལ་འཇོག་པ་གང་ཞིག གསུམ་གའང་རྒྱུ་དང་འགལ་བའི་འབྲས་བུ་དམིགས་པའི་མཚན་གཞིར་འཇོག་པའི་ཕྱིར། དེ་ལ་ཁྱབ་པ་མེད་ན། རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ་དང་། འབྲས་བུ་དང་འགལ་བའི་འབྲས་བུ་དམིགས་པའི་རྟགས་ཡང་དག་གི་ཁྱད་པར་མེད་པར་འགྱུར་བས་ཚད་མའི་གཞུང་ལུགས་ཕལ་ཆེར་དང་འགལ་བས་དེ་ལྟར་བཀོད་པ་ལ་ལུང་དང་རིགས་པའི་ཁུངས་ཅི་ཞིག་ཡོད་སྟོན་དགོས་སོ། རྒྱུ་མཚན་དེ་ཡི་ཕྱིར་ན། དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པའི་དངོས་པོ་དེ། དེས་ཁྱབ་པར་ནོན་པའི་གཞིར་གྲང་རྒྱུ་ནུས་པ་ཐོགས་མེད་མེད་པར་བསྒྲུབ་པའི་རྒྱུ་དང་འགལ་བའི་འབྲས་བུ་དམིགས་པའི་རྟགས་སུ་འདོད་པ་ལ། ལུང་དང་རིགས་པའི་ཁུངས་མེད་པའི་ཕྱིར་ན་རྟགས་དེ་ནི་འབྲས་བུ་དང་འགལ་བའི་འབྲས་བུ་དམིགས་པའི་རྟགས་སུ་འཇོག་དགོས་པའི་ཕྱིར་ཏེ། སྡེ་བདུན་རྒྱན་དཔེ་དེབ་ཤོག་གྲངས301ཡིག་ཕྲེང་16 པར་འགལ་བའི་འབྲས་བུ་དམིགས་པ་བཞི་ནི་ཞེས་པ་ནས། དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པའི་གཞིར་གྲང་རེག་སོགས་བཞི་པོ་མེད་པར་སྒྲུབ་པ་ལ། དུ་བ་དྲག་འཕྱུར་བས་ཁྱབ་པར་དམིགས་པ་སོ་སོར་རྟགས་སུ་བཀོད་པ་ལྟ་བུའོ་ཞེས་གསུངས་པའི་ཕྱིར་དང་། རིགས་པས་ཀྱང་གྲུབ་སྟེ། དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་ལ་གྲངརྐྱུ་ནུས་པ་ཐོགས་མེད་སོང་།  དེའི་འབྲས་བུ་ལ་གྲང་རེག་སོང་། དེའི་ལྷན་ཅིག་མི་གནས་འགལ་ལ་མེ་སྟོབས་ཆེན་སོང་།   དེའི་འབྲས་བུ་ལ་དུ་བ་དྲག་འཕྱུར་བ་སོང་། དེ་དམིགས་པ་རྟགས་སུ་བཀོད་པ་འབྲས་བུ་དང་འགལ་བའི་འབྲས་བུ་དམིགས་པ་ལས། རྒྱུ་དང་འགལ་བའི་འབྲས་བུ་དམིགས་པའི་ཕྱོགས་ཙམ་དུ་ཡང་མ་སོང་བའི་ཕྱིར། དེར་མ་ཟད་ཚིག་མཛོད་བར་ཆའི་ཤོག་གྲངས1992པར།  འབྲས་བུ་དང་འགལ་བའི་འབྲས་བུ་དམིགས་པ། འགལ་བའི་འབྲས་བུ་དམིགས་པ་བཞིའི་ནང་གསེས་གནོད་བྱེད་ཀྱི་འབྲས་བུ་རྟགས་སུ་བཀོད་ནས་གནོད་བའི་འབྲས་བུ་འགོག་པ་སྟེ།  དཔེར་ན། དུ་བ་དྲག་ཏུ་འཕྱུར་བས་ཁྱབ་པར་ནོན་པའི་གཞིར་ཆོས་ཅན། གྲང་འབྲས་སྤུ་ལོང་བྱེད་མེད་དེ། དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པའི་དངོས་པོ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་མེ་འབྲས་ཀྱིས་གྲང་བའི་འབྲས་བུ་མེད་པར་སྒྲུབ་པའོ་ཞེས་པ་དེས་ཀྱང་། སྔ་ཨེ་དེ་ལ་དངོས་སུ་གནོད་པ་ལྟས་པ་ཙམ་གྱིས་མཐོང་བར་གྱུར་རོ། ཡང་ཚིག་མཛོད་འདིའི་བར་ཆ་ཤོག་གྲངས1992པར་འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པ། འགལ་བའི་རང་བཞིན་དམིགས་པ་བཞིའི་ནང་གསེས་གནོད་བྱེད་ཀྱི་ངོ་བོ་རྟགས་སུ་བཀོད་ནས་གནོད་བའི་འབྲས་བུ་འགོག་པ་སྟེ། དཔེར་ན། མེས་ཁྱབ་པར་ནོན་པའི་ཤར་གཞིར་ཆོས་ཅན། གྲང་འབྲས་སྤུ་ལོང་བྱེད་མེད་དེ། མེས་ཁྱབ་པར་ནོན་པའི་དངོས་པོ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་མེའི་རང་བཞིན་གྱིས་གྲང་བའི་འབྲས་བུ་མེད་པར་སྒྲུབ་པའོ་ཞེས་མེས་ཁྱབ་པར་ནོན་པའི་དངོས་པོ་དེ།  དེས་ཁྱབ་པར་ནོན་པའི་གཞིར་གྲང་འབྲས་སྤུ་ལོང་བྱེད་མེད་པར་སྒྲུབ་པའི་འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པར་གསུངས་འདུག་ཀྱང་། དེ་ནི་འཐད་པར་མ་མཐོང་སྟེ།  རྟགས་དེ་ནི་རྒྱུ་དང་འགལ་བའི་རང་བཞིན་དམིགས་པའི་རྟགས་སུ་སོང་བ་ལས། འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པའི་རྟགས་ཀྱི་ཕྱོགས་ཙམ་དུ་ཡང་མ་སོང་བའི་ཕྱིར།  རྟགས་དེ་འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པའི་རྟགས་ཀྱི་ཕྱོགས་ཙམ་དུ་ཡང་མ་སོང་སྟེ། འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པའི་རྟགས་ཟེར་བ་དེ་ནི། དེ་སྒྲུབ་ཀྱི་དགག་བའི་ཆོས་སུ་བཏགས་པའི་དོན་གྱི་འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པའི་རྟགས་སུ་བཀོད་པའི་དེ་སྒྲུབ་ཀྱི་འགལ་དམིགས་ཀྱི་རྟགས་ཡང་དག་ཅིག་ལ་ཟེར་བ་གང་ཞིག རྟགས་དེ་ནི། དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་གྱི་འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པའི་རྟགས་སུ་བཀོད་པ་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན།འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པའི་རྟགས་ཡང་དག་ཟེར་བ་དེ་གང་འདྲ་ཞིག་ལ་ཟེར་རྒྱུ་མཚན་དང་བཅས་ཏེ་གསུངས་རིགས་སོ། རྟགས་གཉིས་པ་མ་གྲུབ་ན། དེར་ཐལ།  རྟགས་དེ་ནི། དེ་སྒྲུབ་ཀྱི་དགག་བའི་ཆོས་སུ་བཏགས་པའི་དོན་གྱི་རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ་རྟགས་སུ་བཀོད་པའི་ཕྱིར་ཏེ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་ལ།  གྲང་འབྲས་སྤུ་ལོང་བྱེད་སོང་། དེའི་རྒྱུ་ལ་གྲང་རེག་སོང་། དེའི་དངོས་ཀྱི་ལྷན་ཅིག་མི་གནས་འགལ་ལ་མེ་སོང་བ་གང་ཞིག དེ་དམིགས་པ་རྟགས་སུ་བཀོད་པའི་ཕྱིར། མ་ཁྱབ་ན། རྒྱུ་དང་འགལ་བའི་རང་བཞིན་དམིགས་པའི་དོན་གང་ཡིན་ཤེས་བྱེད་ཀྱི་ལུང་རིགས་དང་བཅས་ཏེ་གསུངས་རིགས་སོ། དེར་མ་ཟད་རྟགས་དེ་རྒྱུ་དང་འགལ་བའི་རང་བཞིན་དམིགས་པར་འཇོག་པའི་ཕྱིར་ཏེ། སྡེ་བདུན་རྒྱན་དཔེ་དེབ་ཤོག་གྲངས301ཡིག་ཕྲེང9པར། དང་པོ་བཞི་ནི་རང་བཞིན་དང་འགལ་བའི་རང་བཞིན་དམིགས་པ། རྒྱུ་དང་འགལ་བའི་རང་བཞིན་དམིགས་པ། འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པ། ཁྱབ་བྱེད་དང་འགལ་བའི་རང་བཞིན་དམིགས་པ་རྣམས་ཏེ། དཔེར་ན་རིམ་པ་བཞིན། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་གཞིར། གྲང་རེག་དང་། གྲང་འབྲས་སྤུ་ལོང་བྱེད་དང་། གྲང་རྒྱུ་ནུས་པ་ཐོགས་མེད་དང་། བ་མོའི་རེག་པ་རྣམས་མེད་པར་སྒྲུབ་པ་ལ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པ་བཀོད་པ་ལྟ་བུའོ་ཞེས་གསུངས་པའི་ཕྱིར། ཡང་ཚིག་མཛོད་སྟོད་ཆ་ཤོག་གྲངས566རྒྱུ་དང་འགལ་བའི་རང་བཞིན་དམིགས་པ། འགལ་བའི་རང་བཞིན་དམིགས་པ་བཞིའི་ནང་གསེས།  གནོད་བྱེད་ཀྱི་ངོ་བོ་རྟགས་སུ་བཀོད་ནས་གནོད་བྱའི་རྒྱུ་འགོག་པ་སྟེ། དཔེར་ན། མེས་ཁྱབ་པར་ནོན་པའི་ཤར་གཞིར་ཆོས་ཅན། གྲང་རྒྱུ་ནུས་པ་ཐོགས་མེད་མེད་དེ། མེས་ཁྱབ་པར་ནོན་པའི་དངོས་པོ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་མེའི་རང་བཞིན་གྱིས་གྲང་བའི་རྒྱུ་མེད་པར་སྒྲུབ་པའོ་ཞེས་མེས་ཁྱབ་པར་ནོན་པའི་དངོས་པོ་དེ། དེས་ཁྱབ་པར་ནོན་པའི་ཤར་གཞིར་གྲང་རྒྱུ་ནུས་པ་ཐོགས་མེད་དུ་སྒྲུབ་པའི་རྒྱུ་དང་འགལ་བའི་རང་བཞིན་དམིགས་པར་གསུངས་འདུག་པ་དེ་ཡང་ཤིན་ཏུ་མི་འཐད་དེ་རྟགས་དེ་ནི་འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པའི་རྟགས་ཡང་དག་ཏུ་རིགས་ཀྱི། རྒྱུ་དང་འགལ་བའི་རང་བཞིན་དམིགས་པའི་རྟགསཀྱི་ཕྱོགས་ཙམ་དུ་ཡང་མ་སོང་བའི་ཕྱིར། རྟགས་དེ་འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པའི་རྟགས་ཡང་དག་ཡིན་ཏེ། སྡེ་བདུན་རྒྱན་དཔེ་དེབ་ཤོག་གྲངས301གོང་དུ་དྲང་བའི་ལུང་དེའི་ཕྱིར། ཁོ་བོས་ལྟས་ན་རྟགས་འདི་འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པའི་རྟགས་ཡང་དག་དང་། གོང་གི་འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པའི་རྟགས་ཡང་དག་གི་མཚན་གཞིར་བཀོད་པ་དེ་རྒྱུ་དང་འགལ་བའི་འབྲས་བུ་དམིགས་པའི་རྟགས་སུ་བཀོད་དགོས་པར་འདུག་སྟེ། དེའི་ཐད་ཕལ་ཆེ་བ་བལ་བ་ཛ་བཞིན་དུ་འཛིང་པར་འགྱུར་རམ་སྙམ་དུ་བསམས་ཀྱང་། ད་དུང་ཞིབ་ཏུ་གཟིགས་ནས་ཁོ་བོས་བཤད་པ་དེར་ནོར་འཁྲུལ་ཡོང་སྲིད་པའི་ཕྱིར་ན། ཡང་དག་པའི་ལུང་དང་རིགས་པའི་སྒོ་ནས་ལོག་རྟོག་རྨོངས་པའི་དྲི་མ་བཅོམ་སྟེ། དགག་གཞག་གི་མི་ཏོག་མཉམ་བཞད་ཡོད་པར་འཚལ། འོ་ན་ཁྱེད་རང་ལ་རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པའི་རྟགས་ཀྱི་མཚན་གཞིར་གང་འགོད་ཅེས་འདྲི་ན། ཁོ་བོ་ནི་འདི་ལྟར་སྨྲ་སྟེ། དེའི་མཚན་གཞི་འགོད་པའི་ཐོག་མར། དེའི་དོན་བཤད་ན་ཤོད་མཁན་བཤད་བདེ་བ་དང་། ཉན་མཁན་ཡང་ཉན་སླ་བ་དང་། སྔ་ཕྱི་མི་འཁྲུལ་བའི་ཕྱིར་ཐོག་མར་དེའི་དོན་བཤད་པར་བྱ་སྟེ། དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་གྱི་རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པ་རྟགས་སུ་བཀོད་པའི། དེ་སྒྲུབ་ཀྱི་འགལ་དམིགས་ཀྱི་ཚུལ་གསུམ་ཡིན་པ་དེ། དེ་སྒྲུབ་ཀྱི་རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་དུ་འཇོག    དེའི་མཚན་གཞི་ནི། ཙན་དན་གྱི་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཤར་ཕྱོགས་ཆོས་ཅན། རང་གི་གཞིར་གྲང་སྤུ་ལོང་བྱེད་སྟོབས་ཆེན་རྒྱུན་ཆགས་ཡུན་རིང་དུ་མི་གནས་ཏེ། ཙན་དན་གྱི་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་དངོས་པོ་ཡིན་པའི་ཕྱིར་ཞེས་བཀོད་པའི་ཚེ་ན་དེ་ལྟ་བུ་ཡིན་ཏེ། དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་ལ་གྲང་འབྲས་སྤུ་ལོང་བྱེད་སོང་། དེའི་རྒྱུ་ལ་གྲང་རེག་སོང་། དེ་དང་ལྷན་ཅིག་མི་གནས་འགལ་ལ་མེ་སྟོབས་ཆེན་སོང་། དེའི་ཁྱབ་བྱ་ལ་ཙན་དན་གྱི་མེ་སྟོབས་ཆེན་སོང་བ་གང་ཞིག  ཙན་དན་གྱི་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་དངོས་པོ་རྟགས་སུ་བཀོད་པའི་ཕྱིར། རྒྱུ་དང་འགལ་བའི་འབྲས་བུ་དམིགས་པའི་རྟགས་ཡང་དག་གི་དོན་ཡོད་དེ། དེ་སྒྲུབ་ཀྱི་དགག་བའི་ཆོས་སུ་བཏགས་པའི་དོན་གྱི་རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ་རྟགས་སུ་བཀོད་པའི་དེ་སྒྲུབ་ཀྱི་འགལ་དམིགས་ཀྱི་ཚུལ་གསུམ་ཡིན་པ་དེ་ཡིན་པའི་ཕྱིར། དེའི་མཚན་གཞི། དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པའི་ཤར་ཕྱོགས་ཆོས་ཅན། རང་གི་གཞིར་གྲང་འབྲས་སྤུ་ལོང་བྱེད་སྟོབས་ཆེན་རྒྱུན་ཆགས་ཡུན་རིང་དུ་མི་གནས་ཏེ། དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པའི་དངོས་པོ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་ཡིན་ཏེ། དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་ལ་གྲང་འབྲས་སྤུ་ལོང་བྱེད་སོང་། དེའི་རྒྱུ་ལ་གྲང་རེག་སོང་། དེའི་ལྷན་ཅིག་མི་གནས་འགལ་ལ་མེ་སྟོབས་ཆེན་སོང་། དེའི་དངོས་ཀྱི་འབྲས་བུ་ལ་དུ་བ་དྲག་འཕྱུར་བ་སོང་བ་གང་ཞིག དེ་རྟགས་སུ་བཀོད་པའི་དེ་སྒྲུབ་ཀྱི་འགལ་དམིགས་ཀྱི་ཚུལ་གསུམ་ཡིན་པའི་ཕྱིར།  དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་གྱི་རྒྱུ་དང་འགལ་བའི་རང་བཞིན་དམིགས་པ་རྟགས་སུ་སྦྱར་བའི་དེ་སྒྲུབ་ཀྱི་འགལ་དམིགས་ཀྱི་ཚུལ་གསུམ་ཡིན་པ། དེ་སྒྲུབ་ཀྱི་རྒྱུ་དང་འགལ་བའི་རང་བཞིན་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། མཚན་གཞི་ནི་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཤར་ཕྱོགས་ཆོས་ཅན། རང་གི་གཞིར་གྲང་འབྲས་སྤུ་ལོང་བྱེད་སྟོབས་ཆེན་རྒྱུན་ཆགས་ཡུན་རིང་དུ་མི་གནས་ཏེ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་དངོས་པོ་ཡིན་པའི་ཕྱིར་ཞེས་པ་ལྟ་བུ་ཡིན་ཏེ། དེ་དེ་སྒྲུབ་ཀྱི་འགལ་དམིགས་ཀྱི་ཚུལ་གསུམ་གང་ཞིག དེ་སྒྲུབ་ཀྱི་དགག་བའི་ཆོས་སུ་བཏགས་པའི་དོན་ལ་གྲང་འབྲས་སྤུ་ལོང་བྱེད་སོང་།  དེའི་རྒྱུ་ལ་གྲང་རེག་སོང་། དེའི་དངོས་ཀྱི་ལྷན་ཅིག་མི་གནས་འགལ་ལ་མེ་སྟོབས་ཆེན་སོང་བའི་ཕྱིར། དེ་སྒྲུབ་ཀྱི་དགག་བའི་ཆོས་སུ་བཏགས་པའི་དོན་གྱི་འབྲས་བུ་དང་འགལ་བའི་ཁྱབ་བྱ་དམིགས་པ་རྟགས་སུ་བཀོད་པའི་དེ་སྒྲུབ་ཀྱི་འགལ་དམིགས་ཀྱི་ཚུལ་གསུམ་ཡིན་པ་དེ་སྒྲུབ་ཀྱི་འབྲས་བུ་དང་འགལ་བའི་ཁྱབ་བྱ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། མཚན་གཞི་ནི། ཙན་དན་གྱི་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཤར་ཕྱོགས་ཆོས་ཅན། རང་གི་གཞིར་གྲང་རྒྱུ་ནུས་པ་ཐོགས་མེད་སྟོབས་ཆེན་རྒྱུན་ཆགས་ཡུན་རིང་དུ་མི་གནས་ཏེ། ཙན་དན་གྱི་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་དངོས་པོ་ཡིན་པའི་ཕྱིར་ཞེས་པ་ལྟ་བུ་ཡིན་ཏེ། དེ་དེ་སྒྲུབ་ཀྱི་འགལ་དམིགས་ཀྱི་ཚུལ་གསུམ་ཡིན་པ་གང་ཞིག  དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་ལ་གྲང་རྒྱུ་ནུས་པ་སྟོབས་ཆེན་སོང་། དེའི་འབྲས་བུ་ལ་གྲང་རེག་སྟོབས་ཆེན་སོང་། དེའི་ལྷན་ཅིག་མི་གནས་འགལ་ལ་མེ་སྟོབས་ཆེན་སོང་། དེའི་དངོས་ཀྱི་འབྲས་བུ་ལ་དུ་བ་དྲག་འཕྱུར་བ་སོང་། དེས་ཁྱབ་པར་ནོན་པ་རྟགས་སུ་བཀོད་པའི་ཕྱིར། དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་གྱི་འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པ་རྟགས་སུ་བཀོད་པའི་དེ་སྒྲུབ་ཀྱི་འགལ་དམིགས་ཀྱི་ཚུལ་གསུམ་ཡིན་པ། དེ་སྒྲུབ་ཀྱི་འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། མཚན་གཞི་ནི། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཤར་ཕྱོགས་ཆོས་ཅན། རང་གི་གཞིར་གྲང་རྒྱུ་ནུས་པ་ཐོགས་མེད་རྒྱུན་ཆགས་ཡུན་རིང་དུ་མི་གནས་ཏེ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་དངོས་པོ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་ཡིན་ཏེ། དེ་དེ་སྒྲུབ་ཀྱི་འགལ་དམིགས་ཀྱི་ཚུལ་གསུམ་ཡིན་པ་གང་ཞིག་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་ལ་གྲང་རྒྱུ་ནུས་པ་ཐོགས་མེད་སོང་། དེའི་འབྲས་བུ་ལ་གྲང་རེག་སོང་། དེའི་དངོས་ཀྱི་ལྷན་ཅིག་མི་གནས་འགལ་གྱི་རང་བཞིན་ལ་མེ་སྟོབས་ཆེན་སོང་བ་གང་ཞིག དེས་ཁྱབ་པར་ནོན་པའི་དངོས་པོ་རྟགས་སུ་བཀོད་པའི་ཕྱིར། མཚན་གཞི་དེ་དག་ནི་རིགས་རྒྱན། སྡེ་བདུན་རྒྱན་སོགས་གཞུང་ཕལ་ཆེར་དང་མཐུན་པར་བཀོད་ཡོད་པས།    དེར་གཟིགས་པར་ཞུ། ཡང་ཚིག་མཛོད་འདིའི་བར་ཆ།  ཤོག་གྲངས1989འབྲས་རྟོགས་གཉིས་པ། འབྲས་རྟོགས་གསུམ་གྱི་ཡ་གྱལ་རང་རིག་གི་ཚད་འབྲས་ཏེ།   འཛིན་རྣམ་གྱི་ཤེས་པས་རང་རྟོགས་པའི་ཆ། གཟུང་རྣམ་གཞལ་བྱ། འཛིན་རྣམ་ཚད་མ། རང་རིག་འབྲས་བུར་འཇོག་པ་ནི་སེམས་ཙམ་པའི་ཐུན་མོང་མ་ཡིན་པའི་ཚད་འབྲས་ཀྱི་རྣམ་གཞག་གོ།   ཞེས་དེ་འདྲའི་ཚད་འབྲས་དེ་སེམས་ཙམ་པའི་ཐུན་མོང་མ་ཡིན་པའི་ཚད་འབྲས་ཀྱི་རྣམ་གཞག་ཏུ་བཤད་མོད། དེ་ནི་ཆེས་མི་འཐད་དེ། དེ་འདྲའི་ཚད་འབྲས་མདོ་སྡེ་པས་ཀྱང་ཁས་ལེན་པའི་ཕྱིར་ཏེ། མདོ་སྡེ་པས། གཟུང་རྣམ་གཞལ་བྱ། འཇིན་རྣམ་ཚད་མ།  རང་རིག་འབྲས་བུར་འཇོག་པའི་ཕྱིར་ཏེ། མདོ་སྡེ་པས་གཟུང་རྣམ་དེ་འཛིན་རྣམ་གྱི་གཞལ་བྱ་དང་། འཛིན་རྣམ་དེ་རང་རིག་གི་འཇོག་བྱེད་དུ་འདོད་པའི་ཕྱིར་ཏེ། ཤེས་པ་ཀུན་རང་ཉམས་སུ་མྱོང་བའི་འཛིན་རྣམ་གྱི་མྱོང་བར་འདོད་པའི་ཕྱིར་ཏེ།  རྣམ་འགྲེལ་རྩ་བ་ལས།  རང་གི་ངོ་བོ་སྒྲ་དོན་མིན། དེ་ཕྱིར་དེ་ལ་ཀུན་མངོན་སུམ། ཞེས་གསུངས་པའི་ཕྱིར་དང་།  དེའི་འགྲེལ་པ་མང་པོར་ཡང་དེ་ལྟར་གསུངས་ཡོད་ཀྱང་མང་བས་མ་བྲིས། མདོ་སྡེ་པས།   གཟུང་རྣམ་འཛིན་རྣམ་གྱི་གཞལ་བྱར་འདོད་ཅིང་། འཛིན་རྣམ་དེ་འཇལ་བྱེད་དང་། རང་རིག་འབྲས་བུར་འདོད་ཀྱང་། དེ་འདྲའི་ཚད་འབྲས་དེ་ཚད་འབྲས་ཀྱི་རྣམ་གཞག་འཐད་ལྡན་དུ་ཁས་ལེན་མི་དགོས་སོ་ཞེ་ན་ནི། འོ་ན་དེའི་འོག་དེ་མ་ཐག་འབྲས་རྟོགས་དང་པོ། འབྲས་རྟོགས་གསུམ་གྱི་ཡ་གྱལ་གཞན་རིག་གི་ཚད་འབྲས་ཏེ། གཟུང་རྣམ་གྱི་ཤེས་པ་རྣམས་ཀྱིས་རང་ཡུལ་རྟོགས་པའི་ཆ། གཟུང་བའི་ཡུལ་གཞལ་བྱ། འཛིན་བྱེད་ཀྱི་བློ་ཡུལ་དེའི་རྣམ་པ་ཤར་ནས་ཡུལ་དེ་ལ་གསར་དུ་མི་སླུ་བའི་ཤེས་པ་ཚད་མ། རང་ཡུལ་དངོས་སུ་རྟོགས་པ་འབྲས་བུར་འཇོག་པ་སྟེ། མདོ་སེམས་ཐུན་མོང་བའི་ཚད་འབྲས་ཀྱི་རྣམ་གཞག་གོ་ཞེས་གཟུང་ཡུལ་གཞལ་བར་བྱས་པའི་ཚད་འབྲས་ཀྱི་རྣམ་གཞག་དེ་མདོ་སེམས་ཐུན་མོང་བའི་ཚད་འབྲས་ཀྱི་རྣམ་གཞག་ཏུ་བཤད་པ་དང་ནང་འགལ་བར་འགྱུར་ཏེ། ཇི་ལྟར་འགལ་ཞེ་ན། མདོ་སེམས་གཉིས་ཀས་གཟུང་བའི་ཡུལ་གཞལ་བྱ། དེ་འཛིན་བྱེད་ཀྱི་བློ་ཚད་མ། རང་ཡུལ་དངོས་སུ་རྟོགས་པ་འབྲས་བུར་འདོད་པའི་རྒྱུ་མཚན་གྱིས། དེ་འདྲའི་ཚད་འབྲས་དེ་མདོ་སེམས་ཐུན་མོང་བའི་ཚད་འབྲས་ཀྱི་རྣམ་གཞག་ཏུ་འདོད་པ་ལས་འོས་མེད་ལ། དེ་ལྟར་ན་སྔ་མ་ཡང་མདོ་སེམས་ཐུན་མོང་བའི་ཚད་འབྲས་ཀྱི་རྣམ་གཞག་ཏུ་འདོད་རིགས་པར་ཐལ། མདོ་སེམས་གཉིས་ཀས་གཟུང་རྣམ་གཞལ་བྱ། འཛིན་རྣམ་ཚད་མ། རང་རིག་འབྲས་བུར་འདོད་པའི་ཕྱིར། རྣམ་པ་ཀུན་ནས་མཚུངས་སོ། འོ་ན་ཁྱེད་རང་ལ། གོང་གི་ཚད་འབྲས་དེ་སེམས་ཙམ་པའི་ཐུན་མོང་མ་ཡིན་པའི་ཚད་འབྲས་ཀྱི་རྣམ་གཞག་མིན་ན། མདོ་སེམས་ཐུན་མོང་བའི་ཚད་འབྲས་ཀྱི་རྣམ་གཞག་ཡིན་ནམ་ཞེ་ན། ཤིན་ཏུ་འདོད་པ་ཡིན་ཏེ། དེ་འདྲའི་ཚད་འབྲས་དེ་ཚད་འབྲས་ཀྱི་རྣམ་གཞག་འཐད་ལྡན་དུ་མདོ་སེམས་གཉིས་ཀས་འདོད་པའི་ཕྱིར་དང་། སྡེ་བདུན་རྒྱན་དཔེ་དེབ་ཤོག་གྲངས255ཡིག་ཕྲེང2པར་ཤེས་བྱ་ཆོས་ཅན། གཟུང་རྣམ་གཞལ་བྱ། འཛིན་རྣམ་ཚད་མ། རང་རིག་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་གཞག་འདི་སེམས་ཙམ་པའི་ཐུན་མོང་མ་ཡིན་པའི་ཚད་འབྲས་ཀྱི་རྣམ་གཞག་ཏུ་མི་འཐད་པར་ཐལ། དེ་ལྟ་བུའི་ཚད་འབྲས་ཀྱི་རྣམ་གཞག་མདོ་སྡེ་པ་ཡང་ཁས་ལེན་པའི་ཕྱིར། དེར་ཐལ། མདོ་སྡེ་པ་ཡང་། བློ་གཅིག་གི་འཛིན་རྣམ་དེ་བློ་གཅིག་གི་གཟུང་རྣམ་ལ་རང་རིག་མངོན་སུམ་དུ་ཁས་ལེན་པའི་ཕྱིར་ཞེས་དང་། ཐར་ལམ་གསལ་བྱེད་ཤོག་གྲངས291ཡིག་ཕྲེང4པར་གཟུང་རྣམ་གཞལ་བྱ། འཛིན་རྣམ་ཚད་མ། རང་རིག་འབྲས་བུར་བཅས་པ་འབྲས་རྟོགས་གཉིས་པའི་རྣམ་གཞག་ཏུ་བཟུང་ནས་རྣམ་རིག་པ་ཁོ་ནའི་ལུགས་སུ་སྨྲ་བ་དང་ཞེས་པ་ནས་དེ་དག་གིས་ཚད་མ་དང་ཚད་མའི་འབྲས་བུ་ལེགས་པར་བཀག  རིགས་པ་སྨྲ་བའི་དགོངས་པའང་དོར། རང་ཉིད་མི་ཤེས་གསལ་བར་བསྒྲགས་ཞེས་སོ་ཞེས་དང་། རིགས་རྒྱན་ཤོག་གྲངས54ཡིག་ཕྲེང6(རྒྱབ་ཤོག)པར་ཁ་ཅིག་གཟུང་རྣམ་གཞལ་བྱ། འཛིན་རྣམ་ཚད་མ། རང་རིག་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་གཞག་འདི་འབྲས་རྟོགས་གཉིས་པའི་ཐུན་མོང་མ་ཡིན་པའི་ཚད་འབྲས་ཀྱི་རྣམ་གཞག་ཡིན་ཟེར་བ་མི་འཐད་དེ་འདི་འདྲའི་ཚད་འབྲས་ཀྱི་རྣམ་གཞག་མདོ་སྡེ་པས་ཀྱང་ཁས་ལེན་པའི་ཕྱིར་དང་ཞེས་གསུངས་པའི་ཕྱིར། ཡང་ཚིག་མཛོད་འདིའི་བར་ཆ་ཤོག་གྲངས1077པར་རྟོག་པ་འཁྲུལ་ཤེས། རྟོག་པ་ལོག་ཤེས་དང་དོན་གཅིག་ཅེས་རྟོག་པ་འཁྲུལ་ཤེས་དང་རྟོག་པ་ལོག་ཤེས་དོན་གཅིག་ཏུ་གསུངས་པའང་ཆེས་ཤིན་ཏུ་མི་འཐད་དེ། རྟོག་པ་འཁྲུལ་ཤེས་ཡིན་ན་རྟོག་པ་ལོག་ཤེས་ཡིན་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཚད་མ་ཆོས་ཅན། རྟོག་པ་ལོག་ཤེས་ཡིན་པར་ཐལ། རྟོག་པ་འཁྲུལ་ཤེས་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཚད་མ་ཆོས་ཅན། ཁྱོད་རྟོག་པ་འཁྲུལ་ཤེས་ཡིན་པར་ཐལ། ཁྱོད་རྟོག་པ་གང་ཞིག   འཁྲུལ་ཤེས་ཡིན་པའི་ཕྱིར། རྟགས་དང་པོ་སླ། གཉིས་པ་མ་གྲུབ་ན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་ཅན། ཁྱོད་འཁྲུལ་ཤེས་ཡིན་པར་ཐལ། རང་གི་སྣང་ཡུལ་ལ་འཁྲུལ་བའི་རིག་པ།  ཡིན་པའི་ཕྱིར། དེར་ཐལ།  རྟོག་པ་ཡིན་པའི་ཕྱིར། ཁྱབ་སྟེ། རྟོག་པ་ཡིན་ན་སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་རིག་ཡིན་དགོས་པའི་ཕྱིར། དེར་ཐལ། སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་རིག་རྟོག་པའི་མཚན་ཉིད་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། རྟོག་པའི་མཚན་ཉིད་ལ་གང་འཇོག གཞན་ཡང་རྟོག་པ་འཁྲུལ་ཤེས་དང་། རྟོག་པ་ལོག་ཤེས་དོན་གཅིག་ཏུ་འདོད་པས་རྟོག་པ་ཐམས་ཅད་ལོག་ཤེས་ཡིན་ན་རྟོག་པ་ཐམས་ཅད་རྟོག་པ་དོན་མི་མཐུན་དུ་ཐལ་ཞིང་། དེ་ལྟར་ན་རྟོག་པ་དོན་མཐུན་མེད་པར་འགྱུར་ལ། དེ་ལྟར་ན་ཤོག་གྲངས་དེ་གར་རྟོག་པ་དོན་མཐུན་རང་ཡུལ་ཡོད་པ་ཅན་གྱི་རྟོག་བཅས་ཀྱི་ཤེས་པ་སྟེ། དཔེར་ན། བུམ་འཛིན་རྟོག་པ་དང་། སྒྲ་མི་རྟག་པར་རྟོག་པ་ལྟ་བུ་དོན་དང་མཐུན་པའོ་ཞེས་དང་། དེའི་འོག་དེ་མ་ཐག་རྟོག་པ་དོན་མི་མཐུན་རང་ཡུལ་མེད་པའི་རྟོག་པ། དཔེར་ན། སྒྲ་རྟག་འཛིན་རྟོག་པ་དང་། རི་བོང་རྭ་འཛིན་རྟོག་པ་ལྟ་བུའོ་ཞེས་སོགས་སྔ་ཕྱི་འགལ་བར་འགྱུར་བ་དང་། ལོག་ཤེས་ལ་དོན་དང་མཐུན་མི་མཐུན་གྱི་ཁྱད་པར་གང་འདྲ་ཞིག་འཇོག   རྗེས་དཔག་ཐམས་ཅད་འཁྲུལ་ཤེས་མིན་ནོ་ཞེ་ན་ནི། རྣམ་འགྲེལ་རྩ་བ་ལས། ཇི་བཞིན་མངོན་ཞེན་མིན་པའི་ཕྱིར། གཉིས་པ་འཁྲུལ་པ་ཡིན་པར་བཞེད། ཅེས་དང་། ཐར་ལམ་གསལ་བྱེད་ཤོག་གྲངས224ཡིག་ཕྲེང3(རྒྱབ་ཤོག)པར་གཉིས་པ་རྗེས་དཔག་ཚད་མ་ཆོས་ཅན། རང་མཚན་དངོས་སུ་སྣང་ཡང་འཁྲུལ་པ་ཡིན་པར་བཞེད་དེ། དེ་སྣང་ཡང་ཇི་ལྟར་མངོན་པར་ཞེན་པ་བཞིན་དུ་གྲུབ་པ་མིན་པར་རང་མཚན་མིན་པ་ལ་རང་མཚན་དུ་སྣང་བའི་ཤེས་པ་ཡིན་པའི་ཕྱིར་ཞེས་དང་། ཡང་རྣམ་འགྲེལ་རྩ་བ་ལས། བསམ་པ་ལ་ནི་བསླུ་མེད་ཕྱིར། །འཁྲུལ་པ་ཡིན་ཡང་ཚད་མ་ཉིད། །ཅེས་དང་།ཐར་ལམ་གསལ་བྱེད་ཤོག་གྲངས224ཡིག་ཕྲེང5(རྒྱབ་ཤོག)པར་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཚད་མ་ཆོས་ཅན། འཁྲུལ་པ་ཡིན་ཡང་ཚད་མ་ཉིད་ཡིན་ཏེ། བསམ་པའི་དོན་སྒྲ་མི་རྟག་པ་ལ་གསར་དུ་བསླུ་བ་མེད་པའི་ཤེས་པ་ཡིན་པའི་ཕྱིར་ཞེས་དང་། ཡང་རྩ་བར། དེ་ཡི་ངོ་བོས་སྟོང་དེ་དག   །དེ་ཡང་ངོ་བོར་ཞེན་པའི་ཕྱིར། །དེ་དངོས་བསླུ་བྱེད་ཉིན་མིན་ཡང་། །འཁྲུལ་པར་རྣམ་གཞག་བྱས་པ་ཡིན། །ཞེས་སོགས་རྩ་འགྲེལ་མཐའ་ཡས་པ་དང་འགལ་བར་མ་ཟད། རིགས་པས་ཀྱང་གནོད་པའི་ཕྱིར་ན། རྟོག་པ་ལོག་ཤེས་དང་རྟོག་པ་འཁྲུལ་ཤེས་དོན་གཅིག་ཏུ་འདོད་པ་ནི་ཆེས་ཤིན་ཏུ་མི་འཐད་ལ། དེ་ལྟར་འདོད་པའི་དོན་ལ་ཡང་དག་པའི་ལུང་དང་རིགས་པ་ཇི་འདྲ་ཡོད་གསུངས་བར་རིགས་སོ། འོ་ན་ཁྱེད་རང་ལ་དེ་གཉིས་དོན་གཅིག་མ་ཡིན་ནམ་ཞེ་ན། ཤིན་ཏུ་མ་ཡིན་ཏེ། རྟོག་པ་ཡིན་ན་རྟོག་པ་འཁྲུལ་ཤེས་ཡིན་པས་ཁྱབ་པ་གང་ཞིག རྟོག་པ་ལོག་ཤེས་ཡིན་ན་རང་གི་ཞེན་ཡུལ་མེད་པའི་རྟོག་པ་ཡིན་དགོས་པའི་ཕྱིར་རོ། ཡང་ཚིག་མཛོད་བར་ཆའི་ཤོག་གྲངས1305པར་དོན་སྤྱི་སྤྱིའི་ནང་གསེས་རྟོག་པའི་སྣང་ངོ་ཙམ་དུ་གྲུབ་པའི་སྒྲོ་བཏགས་ཀྱི་ཆའམ་དོན་གྱི་ཆ་འདྲ་བློ་ལ་སྣང་བ།   དཔེར་ན་རྟོག་པ་ལ་སྣང་བའི་བུམ་པ་ལྟ་བུའོ་ཞེས་རྟོག་པ་ལ་སྣང་བའི་བུམ་པ་དོན་སྤྱིར་གསུངས་འདུག་པའང་ཆེས་ཤིན་ཏུ་མི་འཐད་དེ། དེ་ནི་རྟོག་པ་ལ་བུམ་པར་སྣང་བ་དང་།  རྟོག་པ་ལ་སྣང་བའི་བུམ་པ་གཉིས་གཅིག་ཏུ་འཁྲུལ་བའི་སྐྱོན་ཡིན་པའི་ཕྱིར་ཏེ། རྟོག་པ་ལ་བུམ་པར་སྣང་བ་དོན་སྤྱིར་འཇོག་ལ་རྟོག་པ་ལ་སྣང་བའི་བུམ་པ་དོན་སྤྱིར་བཞག་ན་ཤིན་ཏུ་མི་འཐད་པའི་ཕྱིར་ཏེ། དོན་སྤྱི་ཡིན་ན་རྟོག་པས་སྒྲོ་བཏགས་ཙམ་གྱི་ཆོས་ཡིན་དགོས་པར་བཤད་མ་ཐག་པའི་དེབ་དེར་གསལ་བར་མ་ཟད། ཚད་མས་ཀྱང་གྲུབ། རྟོག་པ་ལ་སྣང་བའི་བུམ་པ་རྟོག་པས་སྒྲོ་བཏགས་ཙམ་དུ་ཁས་བླངས་ན་ཆེས་ཤིན་ཏུ་མི་འཐད་དེ། དེ་ལྟར་ན་རྟོག་པ་ལ་སྣང་བའི་བུམ་པ་རྟག་པ་ཡིན་དགོས་ལ། དེ་ཡང་འདོད་ན་དེ་བུམ་པ་མ་ཡིན་པར་འགྱུར་ཞིང་།   དེ་ལྟར་ན་རྟོག་པ་ལ་སྣང་བའི་རང་མཚན་རང་མཚན་མ་ཡིན་པ་སོགས་ཁས་ལེན་དགོས་པར་འགྱུར་བས་མཐར་རང་མཚན་རྟོག་པ་ལ་མི་སྣང་ཞེས་པའི་ཐ་ཆད་པའི་ལུགས་སུ་འགྱུར་བས་དེ་ལྟར་མ་གསུངས་ན་ལེགས་སོ། འོ་ན་ཁྱེད་རང་ལ་རྟོག་པ་ལ་སྣང་བའི་བུམ་པ་བུམ་པའི་དོན་སྤྱི་མིན་ནམ་ཞེ་ན། ཤིན་ཏུ་མ་ཡིན་ཏེ། དེ་ནི་བུམ་པ་ཡིན་པའི་ཕྱིར་དང་། དོན་སྤྱི་ཡིན་ན་རྟོག་པས་སྒྲོ་བཏགས་ཙམ་ཡིན་དགོས་པའི་ཕྱིར་རོ།   
          སྨྲས་པ། རྣམ་མང་གཞུང་ལུགས་གཏིང་ཟབ་རྒྱ་མཚོའི་མཐར། །བདག་བློ་བྱིས་པའི་རྩལ་གྱིས་བགྲོད་པར་དཀའ། །འོན་ཀྱང་མཁས་པའི་དེད་དཔོན་ལ་བརྟེན་ནས། །ཚིག་དོན་ནོར་བུའི་ཆ་ཤས་འདི་ན་སྤེལ། །སྐྱེས་སྦྱངས་བློ་གྲོས་བརྟུལ་ཕྱིར་ནོངས་པའི་ཚོགས། །ཇི་སྙེད་མཆིས་པ་དེ་དག་གཟུར་གནས་ཀྱི། །དྲན་དབང་མཁས་པའི་མདུན་སར་གནོང་སེམས་ཀྱིས། །བཤགས་ཤིང་སླན་ཆད་བསྡོམ་པར་བགྱིད་ལགས་སོ། །དེ་ལས་བྱུང་བའི་རབ་དཀར་དགེ་བའི་ཚོགས། །བསིལ་ཟེར་བྱེ་བའི་འོད་རླབས་འབར་བ་ཡིས། །རྒུད་པའི་ཚ་གདུངས་བསལ་དང་ལྷན་ཅིག་ཏུ། །སྐྱེ་རྒུའི་ཕན་བདེའི་རྒྱ་མཚོ་གཡོས་གྱུར་ཅིག །ཅེས་པ་འདི་ནི་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་མིང་ཐ་ཤལ་བ་ཚེ་དབང་ནས། བོད་མེ་སྟག་ལོའི་ཐ་སྐར་ཟླ་བའི་དགའ་བ་དང་པོར་བྲིས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1