༄༅།། བྲིས་པ་ལྷུན་གྲུབ་རྒྱ་མཚོའི་ཡིག་གཟུགས་སློབ་སྦྱོང་གི་བཤུལ་ལམ།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 09-13


ལྷུན་གྲུབ་རྒྱ་མཚོ།

      ལྷུན་གྲུབ་རྒྱ་མཚོ་ནི་༡༩༨༩ལོར་རྔ་བ་རྫོང་རྔ་སྨད་དགེ་ལིར་བྲིས་པའི་ཁྱིམ་རྒྱུད་ཅིག་ཏུ་སྐྱེས། ཆུང་དུས་ནས་བྲིས་ལ་མཁས་པའི་དབོན་པོ་ཀུན་བྷེ་ལགས་ཀྱི་མཛུབ་ཁྲིད་བཟང་བོས་ཡིག་གཟུགས་ལ་དགའ་བའི་གོམས་གཤིས་ཟབ་མོ་བཞག སློབ་ཆུང་མཐར་ཕྱིན་རྗེས་བླ་བྲང་བཀྲ་ཤིས་འཁྱིལ་སོགས་སུ་ཐུན་མོང་རིག་གནས་ལ་སློབ་སྦྱོང་བྱེད་ཁུལ་བྱས། ཉིས་སྟོང་བརྒྱད་ནས་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ཏེ་སློབ་མའི་གཟེངས་རྟགས་མང་དུ་ཐོབ། ཉིས་སྟོང་བཅུ་གསུམ་ལོ་ནས་བོད་ཀྱི་ཡིག་གཟུགས་ཆེད་སྦྱོང་གི་ལམ་དུ་ཞུགས་ཏེ་མཚོ་སྔོན་དང་ལྷ་ས། གཙང་བཀྲ་ཤིས་ལྷུན་པོ། ཆབ་མདོ་སྟེང་ཆེན་རྫོང་སོགས་བོད་སྟོད་སྨད་བར་གསུམ་གྱི་ཡིག་གཟུགས་མཁས་ཆེན་མང་པོའི་མདུན་སར་ཆེད་བཅར་གྱིས་བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་དྲི་མ་མེད་པར་འབྲི་སྦྱོང་ལྷོད་མེད་བྱས་ཤིང་། དགེ་རྒན་ཁོང་རྣམ་པས་ཀྱང་དམིགས་བསལ་ལྟ་སྐྱོང་དང་བསྔགས་བརྗོད། བྲིས་རྒྱུན་གཙང་མ་ཐོབ་པའི་དཔང་ཡིག་ཕྱག་བྲིས་ཐམ་ཀ་སོགས་ཀྱང་གནང་། 
     ད་ལྟ་མཚོ་སྔོན་ཙོང་ཁ་བཀའ་བསྟན་གསེར་བྲིས་གླིང་གི་ཡིག་གཟུགས་དགེ་རྒན་དང་འཛམ་གླིང་གི་ཆེས་ཆེ་བའི་གསེར་བྲིས་གླེགས་བམ་གླང་རྒྱབ་མའི་དབུ་མཛད་ཆེན་མོའི་འགན་ཁུར་བའི་ཞོར་དུ་སློབ་མ་མང་པོ་སྐྱེད་སྲིང་བྱས་དང་བྱེད་མུས་སུ་ཡོད་དོ།། སློབ་མ་རྣམས་ཀྱིས་ཀྱང་ཡུལ་ཤུལ་གསེར་སྒྲུང་གླིང་དང་ཁྲེང་ཏུའུ་པདྨ་གསེར་བྲིས་ཁང་། ཐོན་མིའི་གསེར་བྲིས་ཁང་། རེབ་གོང་བཀའ་བསྟན་གསེར་བྲིས་ཁང་། དཀར་མཛེས་གསེར་བྲིས་ཁང་སོགས་ཁམས་དང་ཨ་མདོའི་ས་ཆ་སོ་སོ་ནས་གསེར་བྲིས་གཙོས་པའི་རིག་གནས་ཤུལ་བཞག་གི་ལས་ལ་འབད་མུས་ལགས་ཤིང་། གུས་པ་རང་གིས་ཀྱང་དབུ་ཅན་སྙེ་བྲིས་དང་སྨོན་ལམ་ཡིག་གཟུགས། གཞུང་བྲིས་ཚུགས་རིང་དང་ཚིགས་ཐུང་། འབྲུ་ཚ། གཙང་བྲིས་ལན་ཝར་སོགས་ཀྱིས་གསེར་བྲིས་སྣ་ཚོགས་བཞེངས་བཞིན་མཆིས།
     དེ་བས། སྙེ་བྲིས་ཀྱི་སྨྱུག་འགྲོས་སྙན་ཐུང་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲྭ་བའི་ཆེད་མཁས་དཔྱད་འདེབས་པས་ཚད་ལྡན་དཔྱད་ཞིབ་བརྒྱུད་དྲྭ་ལམ་དཔེ་ཁྲིད་ཀྱི་གྲས་སུ་གདམས། ཀྲུང་གོ་བོད་ཀྱི་དྲ་བ་དང་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཨ་མདོ་བརྙན་འཕྲིན་ཁང་གི་ཁ་བའི་ཞབས་རྗེས་ཀྱི་ལེ་ཚན་སོགས་སུ་གདན་ཞུས་ལྟར་ཡིག་གཟུགས་སྐོར་གྱི་དྲི་བ་དྲིས་ལན་དང་རང་གི་བསམ་ཚུལ་བརྗོད། གཅན་ཚ་རྫོང་གི་སྐབས་གཉིས་པའི་ཡིག་གཟུགས་འགྲན་སྡུར་སྐབས་སྙེ་བྲིས་མཁས་པ་ཨང་དང་པོའི་བྱ་དགའ་ཐོབ་པ་སོགས་དམིགས་བསལ་གྱི་གྲུབ་འབྲས་མང་པོ་བླངས་ཡོད།


      ལྷུན་གྲུབ་རྒྱ་མཚོའི་བཤད་རྒྱུར་ངས་དམིགས་བསལ་ཡིག་གཟུགས་གཉིས་བདམས་ཡོད། གཅིག་ནི་སྙེ་བྲིས་དང་གཅིག་ནི་འབྲུ་མ་ཡིན། ཡིག་སྣ་དེ་གཉིས་གང་ལ་མཚོན་ནའང་ཨ་མདོའི་ཕྱོགས་སུ་འབྲི་མཁན་ཉུང་ཉུང་རེད། དེ་བས་ཡིག་སྣ་ཁྱད་པར་བ་དེ་དག་ལ་སློབ་སྦྱོང་བྱས་པ་ཡིན། དེའི་རྒྱུད་རིམ་ལས་ཡིག་གཟུགས་ཙམ་མིན་པར་བློ་སྐྱེད་མང་པོ་བསྩལ་མྱོང་། སྙེ་བྲིས་དགེ་རྒན་སྙེ་འཕྲིན་ལས་རྒྱལ་མཚན་མཆོག་དང་འབྲུ་མའི་དགེ་རྒན་ཆུང་རྒྱུད་ཚེ་དབང་མཐར་ཕྱིན་ཁོང་རྣམ་པ་གཉིས་སུ་ལ་མཚོན་ནའང་བྲིས་པའི་ཁྱིམ་རྒྱུད་ཀྱི་མི་སྣ་རེད། དེ་ལྟར་ཡིན་པར་ཁྱད་ཆོས་བླ་མེད་ཡོད་དེ། ཕ་ཡི་རིང་ཡི་གེ་བྲིས་ཤིང་བུ་ཡི་རིང་ལ་ཡང་ཡི་གེ་འབྲི་རྒྱུ་ལས་ལས་ཀ་གཞན་གང་ཡང་དོན་དུ་མི་གཉེར་བ་དེ་རེད། དེས་ད་ལྟའི་འཚོ་བ་སྒྲུབ་ཐུབ་ཀྱི་ཡོད་པ་མ་ཟད་བུ་རབས་ཚ་རྒྱུད་རྣམས་ལའང་ལས་ཀ་གཞན་ནས་བཙལ་མི་དགོས་པའི་ངལ་བ་ཐག་གཅོད་བྱས་འདུག མ་ཟད་རིག་གནས་རྒྱུད་འཛིན་དང་རིག་གནས་ཞབས་ཞུའི་ངོས་ནས་ཡང་དཔེ་མེད་པའི་བཀའ་དྲིན་ཆེན་པོ་ཞིག་ཏུ་གྱུར་འདུག་ཟེར། ཡང་ཁོས་དེ་དག་མཐོང་བས་ང་ལ་སྔར་བས་སེམས་ཤུགས་བསྩལ་སོང་། ཡིད་ཆེས་གནང་སོང་། སྔོན་ཡིག་གཟུགས་ཕྱོགས་སུ་དུས་ཚོད་མང་པོ་གཏོང་མྱོང་བ་བཞིན་མ་འོངས་པའི་དུས་སུའང་ཡི་གེ་འབྲི་རྒྱུ་ལས་གཞན་དྲན་རྒྱུ་མེད་པ་བྱས་ཡོད། དེ་བས་ད་ལྟ་སྤྱི་ཚོགས་སྟེང་གོམ་པ་དངོས་སུ་སྤོས་ཏེ་གསེར་བྲིས་འབྲི་བའི་ལམ་དུ་འགྲོ་བཞིན་ཡོད། དེའི་ངོས་ནས་གནའ་བོའི་གསེར་བྲིས་མཐོང་ན་མིག་དབང་འཕྲོག་པ་དག་སློབ་སྦྱོང་གི་དམིགས་ཡུལ་དུ་བཟུང་ནས་མུ་ནས་འབད་བརྩོན་བྱ་དགོས་རྒྱུ་མ་ཟད་ཨ་མདོའི་ཕྱོགས་སུ་དར་དང་དར་བཞིན་བའི་གསེར་བྲིས་ཁང་དང་ན་གཞོན་བྲིས་པ་རྣམས་ལ་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་ཐོན་ན་བསམ་ཡོད།དེ་ནི་བྲིས་ཀྱི་ལམ་ཁའི་ཕུགས་བསམ་ཞེས་བཤད་ན་ཆོག་སྙམ། ཞེས་བརྗོད་པས་ཁོའི་བྲིས་ཀྱི་རིག་གནས་ལ་བཟུང་བའི་མི་ཕྱེད་དད་འདུན་གྱི་རང་མདངས་མངོན་མཐོང་ཐུབ།
        ས་བོན་མེ་ཡིས་ཚིག་པ་ལས།། སྨྱུ་གུ་སྔོན་པོ་ཇི་བཞིན་ནོ།། ཞེས་པ་ལྟར། ལྷུན་གྲུབ་རྒྱ་མཚོའི་ད་ལྟའི་གྲུབ་འབྲས་ཡོད་ཚད་དཀའ་ཁག་ཅི་ཡང་མ་བརྒྱུད་པར་རང་བཞིན་གྱིས་བྱུང་བ་ཞིག་མ་ཡིན་པར། དཀའ་སྤྱད་སྡུག་རུས་དང་འབད་པ་ལྷུར་ལེན་བྱས་པ་ལས་བྱུང་བ་ཡིན་པས། དཀའ་སྡུག་གི་འགག་ཕྲེང་རེ་རེ་ནི་ཁོས་མདུན་བསྐྱོད་ཀྱི་ས་མཚམས་རེ་རེ་ཡིན། ནམ་རྒྱུན་མི་མང་པོ་ཞིག་གི་སེམས་སུ་ཡིག་གཟུགས་ཤིག་སྦྱངས་ནས་ཅི་ཞིག་འཇོན་ནམ་སྙམ་པའི་དོགས་པ་ཧ་ཅང་ཆེ་བས་མཐོང་ཆུང་དང་ཟུར་ཟ་མང་པོ་བྱས་མྱོང་ལ་ད་དུང་ཡང་བྱེད་མི་རེ་ཟུང་འདུག ཡིན་ནའང་ཁོས་དེ་དག་ལ་གདོང་ལེན་ཡག་པོ་བྱེད་ཐུབ་ཀྱི་ཡོད། རྒྱུ་མཚན་ལྷུན་གྲུབ་རྒྱ་མཚོས་བཤད་རྒྱུར། ང་ཚོར་ཡིག་གཟུགས་ཀྱི་ཁོར་ཡུག་ཞན་པའི་སྟབས་ཀྱིས་ཡིག་གཟུགས་ལ་གོ་བ་ཡག་པོ་ཞིག་ལོན་གྱི་མི་འདུག་སྙམ་པས་ཡིན། ད་ལྟ་ཡི་གེ་འབྲི་མི་ཇེ་མང་དུ་འགྲོ་བཞིན་ཡོད་པའི་སྣང་ཚུལ་ཡོད་ནའང་བརྒྱ་ཆའི་མང་ཤོས་ཀྱིས་དགའ་ཕྱོགས་ཙམ་གཙོ་བོར་བཟུང་ནས་ཡིག་གཟུགས་འབྲི་བཞིན་ཡོད་པ་ལས་ཆེད་ལས་ཡིག་འབྲི་བ་དང་ལས་ཀ་དང་པོ་ཡི་གེ་འབྲི་རྒྱུ་ཡིན་མཁན་ཉུང་། དེ་ནི་དོན་དངོས་ཀྱི་བྲིས་པ་མང་པོ་མ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་དེ་ལོས་ཡིན་སྙམ། གང་ལྟར་ཡིག་གཟུགས་ཟེར་བ་དེ་ལ་ང་ཚོས་གཏིང་ཟབ་ས་ནས་གོ་བ་བླངས་ན་མི་ཚེ་གཅིག་ལ་སྦྱངས་ཀྱང་མཐར་ཕྱིན་དཀའ་བའི་སྦྱང་བྱ་ཆེན་པོ་ཞིག་རེད། དེ་བས་འདམ་གསེས་ཡོད་པ་དང་ཁ་ཕྱོགས་ཡོད་པའི་ངང་ནས་ཡིག་སྣ་གཅིག་དང་གཉིས་ཙམ་ལ་དཔྱིས་ཕྱིན་པ་ཞིག་བསླབ་པ་གལ་ཆེན་དུ་མཐོང་། དེ་ལྟར་མིན་པར་ཡར་མར་གང་ཡིན་ལ་ལད་མོ་བྱས་ན་མཐའ་མར་འདི་འབྲི་ཤེས་སོང་སྙམ་པ་གཅིག་ཀྱང་བྱུང་དཀའ། དེ་ཞོར་དུ་སེམས་གཏམ་ཙམ་ཞུས་པ་ལགས། གཉིས་ནས་ལོ་ངོ་མང་པོའི་རིང་ཡོང་སྒོ་སྐར་གང་མེད་པར་ཡིག་གཟུགས་ཀྱི་དོན་དུ་ཡར་མར་ལ་འཁྱམ་པ་ཡིན་མོད་ཁྱིམ་མིས་རྒྱབ་སྐྱོར་བཟང་བས་འཚོ་བའི་དཀའ་ཁག་གང་ཡང་བྱུང་མྱོང་མེད་ནའང་ཆུང་ནས་དར་མའི་བར། དར་ནས་དར་ལ་བབ་པའི་དུས་སུ་ཡང་ཁྱིམ་མིར་ཁེན་དགོས་པ་སོགས་སེམས་ཀྱི་དཀའ་ངལ་ཡང་མང་པོ་བྱུང་མྱོང་། དེ་བཞིན་བདེ་སྐྱིད་ཡང་མང་པོ་སྟེར་ཕུབ་ཀྱི་ཡོད། ཡི་གེ་ཡག་པོ་རེ་ལག་ནས་ཐོན་དུས་སེམས་ཀྱི་མི་བདེ་བ་ཐམས་ཅད་སེལ་ཐུབ་པ་མ་ཟད་དགོང་མོ་རྨི་ལམ་ཡང་སྐྱིད་པོ་རེ་རྨིས་ཐུབ་ཀི དེས་སང་ཉིན་གྱི་ལས་ཀ་ལའང་ཤུགས་རྐྱེན་སྟེར་ཐུབ་ཀྱི་འདུག ཡང་ན་ཡིག་གཟུགས་འདི་ལ་བརྟེན་ནས་གྲོགས་པོ་མང་བོ་ཞིག་ངོ་ཤེས་སུ་གྱུར་ཡོད། དེ་བཞིན་མཐོ་དམན་གྱི་མི་མང་བོས་ཡིད་ཆེས་ཐོབ་ཅིང་རེ་བས་ལྟ་བཞིན་འདུག དེ་དག་ནི་ཆེས་རྙེད་དཀའ་བའི་བདེ་སྐྱིད་ཅིག་ཏུ་ངོས་འཛིན་བྱས་ཡོད་ཟེར།   
      ལྷུན་གྲུབ་རྒྱ་མཚོས་འབྲི་བཞིན་པ་ནི་གཟུགས་རིས་རྐྱང་བ་ཤིག་མིན་པར་དེ་ནི་བོད་མི་རིགས་ཀྱི་རིག་གནས་ཐམས་ཅད་ཀྱི་སྲོག་རྩར་ཐུག་པའི་རྨ་ཤེས་ཤིག་ཡིན་པར་འདོད་པས། རང་མི་རིགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་བར་ཡིག་གཟུགས་ཀྱི་རྒྱུན་གཙང་མ་འཛིན་པ་དང་དར་སྤེལ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན།

སྙེ་བྲིས།





     དུས་རབས་བཅུ་གསུམ་ཙམ་དུ་སྔོན་ཁྱུང་པོ་གཡུ་ཁྲི་འབར་གྱིས་བོད་ཀྱི་ཡི་གེ་ལ་ཐིག་རྩ་གཏན་ཁེལ་བྱས་པའི་ཁྱུང་བྲིས་ལག་ལེན་བྱེད་མཁན་བོད་ཀྱི་ས་ཆ་གང་སར་ཡོད་ཀྱང་དུས་རབས་བཅུ་བཞི་བའི་ནང་གི་ཡིག་མཁན་ཕལ་ཆེར་སྙེ་མོ་རྫོང་ནས་ཡིན་པས་རིམ་བཞིན་ཡུལ་མིང་ཡི་གེ་ལ་ཐོགས་ཏེ་སྙེ་བྲིས་ཞེས་ཀུན་ལ་གྲགས། སྙེ་བྲིས་ནི་ཁྱུང་པོ་གཡུ་ཁྲི་འབར་གྱི་ཁྱུང་བྲིས་དངོས་ཡིན་སྟབས་བོད་ཀྱི་ཡི་གེའི་ལོ་རྒྱུས་ཁྲོད་གོ་གནས་གལ་ཆེན་ཟིན་པའི་ཡིག་སྣ་ཞིག་ཡིན་པ་མ་ཟད་ད་ལྟ་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་ཁྲོད་ཀྱི་ནོར་བུ་ཞིག་ཡིན། གནའ་དུས་བཀའ་བསྟན་གསུང་རབ་གསེར་དངུལ་གཡུ་བྱུར་སོགས་རིན་ཆེན་སྣ་བདུན་གྱིས་བཞེངས་སྐབས་ཕལ་ཆེར་སྙེ་བྲིས་ཡིག་གཟུགས་ཁོ་ནས་བཞེངས་པ་ད་ལྟ་བཞུགས་སུ་གསོལ་བའི་གླེགས་བམ་རྙིང་བ་སྤྱི་དང་ཁྱད་པར་དུ་འབྲས་སྤུངས་བཀའ་འགྱུར་འཛམ་གླིང་གཡས་བཞག་མ་སོགས་ལ་ཐེངས་གཅིག་མཇལ་བས་ཤེས་པ་ལགས་ཤིང་། གཞན་ཡི་གེ་དཔར་དུ་བཏབས་པའི་ཐོག་མ་རྣམས་ཀྱང་སྙེ་བྲིས་ཡིན་པ་སྨོས་ག་ལ་དགོས། ཡིན་ཡང་ད་ལྟའི་ཆར་བོད་ཁམས་སྤྱི་ལ་སྙེ་བྲིས་ལག་ལེན་བྱེད་མི་ཉུང་ཞིང་ཁྱད་པར་དུ་མདོ་སྨད་ཕྱོགས་སུ་སྙེ་བྲིས་ཚད་ལྡན་འབྲི་ཐུབ་པའི་ཡིག་མཁན་ཞིག་ཉིན་མོའི་སྐར་མ་ཙམ་དུ་ཟད་སྟབས་ལྷུན་གྲུབ་རྒྱ་མཚོས་ཕོ་བྲང་ཆེན་པོ་པོ་ཏ་ལ་རུ་སྙེ་བྲིས་ཡིག་མཁན་གྲགས་ཆེན་ཕོ་བྲང་པོ་ཏ་ལའི་བྲིས་པ་སྙེ་འཕྲིན་ལས་རྒྱལ་མཚན་མཆོག་གི་དྲུང་དུ་སྙེ་བྲིས་ཀྱི་ཡིག་རྒྱུན་གཙང་མར་སློབ་སྦྱོང་ཚད་ལྡན་བྱས་པའི་འབྲས་རྟགས་སུ་རྒན་ཁོང་གིས་དཔང་ཡིག་ཕྱག་བྲིས་ཐམ་ཀ་དང་བཅས་པ་གནང་། ཁོང་གི་སྙེ་བྲིས་ཀྱི་རྒྱུད་པ་ནི་རྒན་ཁོང་གི་ཡབ་བསྟན་འཛིན་རྣམ་རྒྱལ་ནས་བརྒྱུད་པ་ཡིན་ལ་ཡབ་ཁོང་ནི་སྤྱི༡༩༤༨ལོར་ནོར་གླིང་ཕོ་བྲང་དུ་རིན་ཆེན་སྣ་བདུན་གྱིས་བསྟན་འགྱུར་བཞེངས་སྐབས་བོད་ཡུལ་ཡོངས་ཀྱི་ཡིག་གཟུགས་འགྲན་སྡུར་ཆེན་མོའི་ནང་ཡིག་གཟུགས་མཁས་པའི་གཟེངས་རྟགས་ཨང་དང་པོ་དང་དབུ་ཆེན་གྱི་མཚན་གནས་ཡོད་བའི་སྙེ་བྲིས་ཡིག་མཁན་ཞིག་ཡིན་ལ་ཡབ་ཁོང་གིས་ཞོལ་པར་བཀའ་འགྱུར་ཆེན་མོ་དཔར་དུ་རྐོ་དུས་ཀྱི་སྙེ་མོ་ཡོན་བདག་དབུ་ཆེན་དྲུང་ཏོག་སྙེ་བྲིས་མཁས་ཆེན་སྙེ་ཕུན་ཚོགས་དོན་ལྡན་ལགས་ཀྱི་མདུན་སར་སྙེ་བྲིས་བསླབས་གནང་མཛད་པ་ལགས། དེ་བས་ཕྲན་གྱིས་ལག་ལེན་མཐའ་འཁྱོལ་བྱས་ཏེ་འབྲི་བཞིན་པའི་སྙེ་བྲིས་ནི་ཡིག་ཁུངས་གཙང་ཞིང་ཡི་གེ་རང་ངོས་སུ་སྒྲོས་ཆགས་པ་བརྗིད་ཉམས་པ། ཚར་དུ་དངར་བ་སོགས་ཁྱད་ཆོས་ཕུན་སུམ་ཚོགས་པ་ལྡན་པའི་བོད་ཀྱི་རིག་གནས་ནོར་བུའི་བང་མཛོད་ཁྲོད་ཀྱི་གཟི་འོད་འབར་བའི་ཡིག་གཟུགས་ཤིག་ཡིན་ནོ།།

འབྲུ་མ།
   འབྲུ་མ་ནི་མི་ལོ་བཞི་སྟོང་ཙམ་གྱི་སྔོན་དུ་ཞང་ཞུང་སྨར་ཆུང་ལས་བྱུང་བར་གྲགས་པ་དར་རྒྱས་གསལ་སྒྲོན་ལས་སྨར་ཆེན་དབུ་ཆེན་ནམ་གཟབ་ཏུ་བསྒྱུར། སྨར་ཆུང་འབྲུ་མར་བསྒྱུར། ཡིག་སྣ་འབྲུ་མ་ལས་བརྩམས་སོ་ཞེས་དང་ཡང་ཡི་གེའི་རྣམ་བཤད་སང་གེའི་ང་རོ་རུ་ཐོན་མིའི་དུས་ན་ལི་ལུགས་ཞེས་པ་ལེགས་བྲིས་ཞེས་པའི་དོན་དུ་འགྱུར་བ་ཡིན་ཞེས་ཐོན་མིའི་གོང་དུ་ལི་ལུགས་ཞེས་པ་ཞིག་ཡོད་ཚུལ་དང་དེའི་རྒྱུན་ད་དུང་ཁྱུང་པོ་རུ་དར་རྒྱས་ཆེ་བའི་ཁྲ་ཡིག་སྟ་རེ་མ་ཞེས་པ་ཡིན་ལུགས་དཔེ་བརྗོད་དང་བཅས་པ་བཀོད་འདུག

   དེ་ལྟར་ལགས་ན་འབྲུ་མ་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་མཛེས་ཆ་ཕུན་སུམ་ཚོགས་པའི་ཡིག་སྣ་ཞིག་ཡིན་པ་མཐོང་ཆོས་སུ་གྲུབ། འོན་ཀྱང་མདོ་སྨད་ཕྱོགས་སུ་འབྲུ་མ་འབྲི་མཁན་ཉུང་བས་ལྷུན་གྲུབ་རྒྱ་མཚོས་ཡིག་རྒྱུན་དཀོན་པོ་འདིར་སློབ་སྦྱོང་བྱེད་པའི་འདུན་པ་འགོག་མེད་སྐྱེས་ཏེ་ཡུལ་ཁྱུང་པོ་རུ་ཁྱུང་བྲིས་རྒྱུན་འཛིན་པ་གྲགས་ཆེན་ངེས་དོན་བྲིས་པའི་དབང་བོ་རྒན་ཚེ་དབང་མཐར་ཕྱིན་མཆོག་གི་དྲུང་དུ་ཟླ་གཅིག་གི་རིང་ཁྱུང་བྲིས་འབྲུ་མའི་སྨྱུང་འགྲོས་ཆ་ཚང་བསླབས་ཏེ་རང་སྦྱོང་གི་མགོ་ཐོན་པ་བྱུང་བར་རྒན་ཁོང་དང་བུ་ཆུང་རྒྱུད་ཚེ་དབང་རྣམ་རྒྱལ་ཕ་བུ་ཟུང་གིས་ཡིག་རྒྱུན་གཙང་མ་ཐོབ་པའི་དཔང་ཡིག་ཕྱག་བྲིས་ཐམ་ཀ་དང་བཅས་པ་གནང་ཏེ་བྲིས་འདིའི་རྒྱུན་ཨ་མདོའི་ཕྱོགས་སུ་དར་བའི་ཐུགས་སྨོན་བཞེས་པ་བཞིན་ལྷུན་གྲུབ་རྒྱ་མཚོ་ཁོ་རང་ཉིད་ནས་ཀྱང་རྒན་ལགས་ཀྱི་ཕྱག་བྲིས་ཇི་བཞིན་ཡོང་བར་འབད་བརྩོན་བྱེད་མུས་སུ་མཆིས་སོ།།


དེང་དུས་དར་སྲོལ་ཆེ་བའི་སྨོན་ལམ་ཡིག་གཟུགས།







དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1