༄༅། ། མཚན་མོར་སངས་རྒྱས་དྲན་པ།

དུར་མིག རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-17



དུར་མིག (དཀར་མཛེས།)
ཕྱིར་དྲན་ཡོད་ཚད་མེ་ཡི་དྲན་པ་འབར། །
དགའ་སྡུག་འཚོ་བ་དཀར་ནག་ཆུ་ལ་བཀྲུ། །
ཡིད་ཀྱི་དྭངས་གཙང་ངོས་ཀྱི་གདུང་བ་ལ། །
སྨག་ལ་སྒྲོན་མེ་འབར་བཞིན་སྐྱོ་བ་ཁུར། །
ཡུམ་ཆེན་སྒྱུ་འཕྲུལ་མ་ཡང་ལྷག་ཏུ་དྲན། །
མི་ཚེའི་སྐྱོ་གར་མཚམས་ཀྱི་ཞག་སྨད་ཅིག །
དེ་བཞིན་བུམ་པའི་ནང་གི་སངས་རྒྱས་སྲས། །
ཡུན་རིང་དྲན་པའི་སྣང་བརྙན་རྡོ་ལ་བརྐོས། །
ཡིད་འོང་ནམ་མཁའ་དེ་ཡང་གློ་བུར་འཁྲིགས། །
མཁར་གྱང་ནང་དུ་སྙིང་རྗེའི་མི་རྣམས་གཤར། །
བརྩེ་བའི་ནགས་ཚལ་མཐོང་བར་དུས་ཚོད་ཅིག །
ཚེ་འདིའི་འཇིག་རྟེན་ནང་ལ་འཛུམ་རྒྱ་འབྲི། །
དེ་དུས་ཞོགས་པའི་ནང་དུ་གདུང་ཡུས་བསུབ། །
ང་ནི་དབྱངས་ལ་ཆགས་པའི་མི་རབས་ཤིག །
ཇི་ཙམ་སོང་ན་དེ་ཙམ་སེམས་གཏམ་དྲན། །
སྨུག་པའི་ཉིན་སྲིབ་བར་དུ་ལུས་པོ་འགྲེང་། །
བདག་གིས་ད་དུང་སྒྱུ་སྐར་དེ་ལྟར་བཞེངས། །
ལྷག་ཏུ་དབེན་སིམ་ཁྲོད་ནས་སྨྲ་བ་འགགས། །
ཉི་མའི་གྲིབ་འོག་འདི་ནས་མིག་གཉིས་འགུལ། །
མེ་ཏོག་འདབ་མ་ལྷུང་དུས་ཡིག་འབྲུ་ཞིག །
སྐྱོ་ན་ལག་པ་འགུལ་བཞིན་ལྷ་ཚོགས་ཕྲིས། །
ལས་ཀྱི་དཀྱིལ་འཁོར་ནང་ལ་ཆུ་བོ་བབས། །
དབྱར་གྱི་གནམ་ངོ་བཞིན་དུ་མི་སེམས་འགྱུར། །
གོམ་པ་ག་ལེར་སྤོ་བའི་ཡིད་སེམས་གཉིས། །
སེམས་ལ་གས་ཆག་ཤོར་ཉིན་ཐམས་ཅད་སྐྱོ། །
སྒྲིབ་པའི་གྲིབ་ཡོར་རྒྱབ་ཏུ་མྱང་འདས་ཐོབ། །
ངང་ཁྱུ་འཕུར་རྗེས་ནུབ་ཕྱོགས་ཧ་ཅང་དྲན། །
རྨ་ཁའི་ནང་ལ་ལོ་བརྒྱའི་དྲན་པ་བླུགས། །
རི་མོ་མིག་གིས་དེད་ནས་འཇའ་ཚོན་བཀལ། །
དུས་ཚོད་ནང་ལ་དགོན་པའི་གླིང་བུ་འབུད། །
དྲན་པ་ཕར་འགྲོ་ཚུར་འོང་མགུར་ལ་ཆགས། །
སྨྲེང་བའི་རི་ཆུའི་གཞུང་ལ་དགུན་ཁ་ཚེས། །
རི་དྭགས་སྒྲ་ལ་ཆགས་པའི་སེམས་སྒྲ་ཞིག །
ཆར་བ་དྲག་ཏུ་འབབ་ནས་འཆི་བ་དང་། །
འཁོར་བའི་མཐའ་ནི་མུན་པ་ནག་པོ་ཞིག །
ཉོན་མོངས་པ་ཡང་ཆུ་ཐིགས་ནང་ལ་སྐྱེས། །
ཀུན་རྟོག་རྟ་རྒོད་བཞིན་དུ་རི་ལ་འདྲོགས། །
བདག་གི་ནང་སེམས་མཚོན་བྱེད་མི་ཚེ་བྲིས། །
ཉི་མ་དམར་ཐག་ཆོད་པའི་བསམ་གཏན་པ། །
ད་ནི་སྤྲིན་དཀར་གསེབ་ན་དབེན་ཁྲོད་དྲན། །
སྲིད་པའི་དགའ་སྡུག་ཆུ་བཞིན་མི་སེམས་ངུ་། །
ཕལ་བའི་མིག་གིས་དད་འདུན་གཙང་མ་བསུ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1