གཙོ་ངོས།>> ཁྲིམས་ལུགས།>>གྱོད་དཔེ་འདེམས་བཀོད།

ཚེ་བརྟན་སྒྲོལ་མས་བསྡུ་སྒྲིག་བྱས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༩ཚེས་༡༧ཉིན།

༄༅།། གཞན་ཚབ་ཏུ་རླངས་འཁོར་བསྐོར་ནས་དོན་རྐྱེན་བཟོས་ན་སུས་འགན་འཁུར་དགོས།

ཚེ་བརྟན་སྒྲོལ་མས་བསྡུ་སྒྲིག་བྱས།
གྱོད་དཔེ།
        ཟླ་འགའི་སྔོན་དུ། ངེད་ཚང་གི་ཁྱིམ་མཚེས་རྟ་མགྲིན་ཚང་གི་བུ་ཆེ་བར་གཉེན་སྟོན་གྱི་ཆོ་ག་བསྒྲུབས། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་དྲུག་ཡས་མས་སུ། རྟ་མགྲིན་གྱིས་ང་བཙལ་ཡོང་ནས་བཤད་རྒྱུར། དེ་རིང་ཁོས་ཆང་འཐུང་བ་མང་དྲགས་པས་ད་ལྟ་ཅུང་བཟི་འདུག ཁྱོད་ཀྱིས་ཆང་འཐུང་མེད་པས་ངེད་ཚང་གི་རླངས་འཁོར་སྐོར་ནས་མགྲོན་པོ་རྣམས་ཡུལ་ལ་སྐྱེལ་དགོས་ཟེར། ངས་ཀྱང་དགའ་དགའ་སྤྲོ་སྤྲོའི་ངང་དང་ལེན་བྱས་ཏེ་ཁོས་བཤད་པ་བཞིན་བསྒྲུབས། བསམ་ཡུལ་ལས་འདས་པ་ཞིག་ལ་འགྲུལ་སྐྱེལ་བྱེད་པའི་གོ་རིམ་ཁྲོད་སྟབས་མ་ལེགས་པར་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་ཞིང་། ང་ལ་རྨས་སྐྱོན་བཟོས་པར་སྨན་ཡོན་སྒོར་ཁྲི་གསུམ་ཙམ་ཤོར། རྗེས་སུ་ངས་རྟ་མགྲིན་ལ་ངའི་སྨན་ཡོན་གྱི་སྐྱིན་ཚབ་འཇལ་དགོས་པའི་རེ་བ་བཏོན་ཡང་། རྟ་མགྲིན་གྱིས་འགྲིམ་འགྲུལ་དོན་རྐྱེན་ཁོས་བཟོས་པ་མིན་ཟེར་བ་དང་། འགྲིམ་འགྲུལ་ཉེན་རྟོག་པས་ཀྱང་ཡུལ་དངོས་ལ་བརྟག་དཔྱད་བྱས་མཐར་འགན་ཡོད་ཚད་ངས་འཁུར་དགོས་པར་གཏན་ཁེལ་བྱས་ཡོད་པ་རྒྱུ་མཚན་དུ་བྱས་ནས་ངའི་རེ་བ་དང་ལེན་མ་བྱས། དེ་བས། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་འདྲི་རྒྱུ་ཞིག་ནི་དོན་དངོས་སུ་རྟ་མགྲིན་ལ་འགན་ཡོད་མེད་ཐད་དྲང་བདེན་གྱི་ལན་ཞིག་གདབ་པར་འཚལ། ཞེས་རྒྱ་མཚོ་ནས།
ཁྲིམས་རོགས་པའི་དཔྱད་བརྗོད།
        ཁྱོད་ཀྱིས་རྟ་མགྲིན་གྱི་གདན་ཞུ་ལྟར། ཁོ་ལ་རོགས་བྱས་ཏེ་རླངས་འཁོར་སྐོར་ནས་འགྲུལ་བ་བསྐྱལ་ཡང་། ཁོའི་ལག་ནས་གླ་ཆ་ཅི་ཡང་བླངས་མེད་པས། ཁྱོད་དང་ཁོ་གཉིས་བར་དུ་ལས་རོགས་བྱས་པའི་འབྲེལ་བ་གྲུབ་ཡོད། 《 ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་མི་ལུས་ལ་གནོད་འཚེ་སྐྱིན་ཚབ་གྱོད་དོན་ཞིབ་བཤེར་བྱེད་དུས་བཀོལ་བའི་བཅའ་ཁྲིམས་ཀྱི་གནད་དོན་འགྲེལ་བཤད།》ཀྱི་དོན་ཚན་14པའི་ཚན་པ་དང་པོའི་གཏན་ཁེལ་ལྟར་ན། ལས་རོགས་བྱེད་མཁན་གྱིས་ལས་རོགས་བྱེད་པའི་གོ་རིམ་ཁྲོད་རང་ཉིད་ཀྱི་མི་ལུས་ལ་གནོད་འཚེ་ཐེབས་ན། ལག་རོགས་བྱེད་དུ་འཇུག་མཁན་གྱིས་སྐྱིན་ཚབ་འགན་འཁྲི་འཁུར་འོས། ཁྱོད་ཀྱིས་ལག་རོགས་བྱེད་པའི་གོ་རིམ་ཁྲོད་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་རྨས་སྐྱོན་ཕོག་པས། ལག་རོགས་བྱེད་དུ་འཇུག་མཁན་ཏེ་རྟ་མགྲིན་གྱིས་སྐྱིན་ཚབ་ཀྱི་འགན་འཁུར་འོས། ཡིན་ཡང་འདིའི་ཁྲོད་དུ་གནད་དོན་ཞིག་ཡོད་པ་ནི། གལ་ཏེ་གནོད་འཚེ་དེ་ཁྱོད་རང་སྟེང་གི་ནོར་འཁྲུལ་ལས་བཟོས་པ་ཡིན་ན། རྟ་མགྲིན་གྱི་སྐྱིན་ཚབ་འགན་འཁྲི་འོས་འཚམས་ཀྱིས་ཇེ་ཡང་དུ་བཏང་ཆོག ཡང་བཅའ་ཁྲིམས་དེའི་དོན་ཚན་གཉིས་པའི་ཚན་པ་གཉིས་པའི་ནང་གཏན་ཁེལ་བྱས་པ་ལྟར་ན། གནོད་འཚེ་འཁེལ་ཡུལ་ལ་གནོད་འཚེ་ཡི་འབྱུང་ཡུལ་དང་དེ་ཇེ་དྲག་ཏུ་གཏོང་བར་བསམ་གཟས་པའི་ནོར་འཁྲུལ་ཡོད་ན། སྐྱིན་ཚབ་འོས་འགན་མིའི་སྐྱིན་ཚབ་འགན་འཁྲི་ཇེ་ཡང་དང་མེད་པར་བཏང་ཆོག ཐེངས་འདིའི་འགྲིམ་འགྲུལ་དོན་རྐྱེན་གྱི་འགན་ཡོད་ཚད་ཁྱོད་ཀྱིས་འཁུར་དགོས་པ་འགྲིམ་འགྲུལ་ཉེན་རྟོག་པས་གཏན་ཁེལ་བྱས་འདུག དེ་བས། ཁྱོད་ལ་གནོད་འཚེ་བྱུང་བར་ནོར་འཁྲུལ་ཆེན་པོ་ཡོད་པས་སྐྱིན་ཚབ་འོས་འགན་མིའི་འགན་འཁྲི་ཇེ་ཡང་དུ་བཏང་ཆོག གོང་གི་གནས་ཚུལ་ལ་གཞིགས་ན་སྐྱིན་ཚབ་འོས་འགན་མི་སྟེ་རྟ་མགྲིན་གྱིས་ཁྱོད་ཀྱི་སྨན་ཡོན་གྱི་ཆ་ཤས་ཙམ་འགན་འཁུར་ན་ཆོག
(ཡོངས་ཁུངས། མཚོ་སྔོན་ཁྲིམས་ལུགས་ཚགས་པར།)  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1