གཙོ་ངོས།>> དེང་རབས་མི་སྣ།>>བླ་སྤྲུལ་མི་ཆེན།

དཔལ་རང་གྲོལ་ལམ་ཀུན་ཁྱབ་ནས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༩ཚེས་༡༩ཉིན།

༄༅།། སི་ཏུ་པཎ་ཆེན་གྱི་དབོན་པོ་ཀརྨ་ངེས་ལེགས་ཀྱི་ངོ་སྤྲོད།


དཔལ་རང་གྲོལ་ལམ་ཀུན་ཁྱབ་ནས།


 

གཞུང་བརྒྱའི་དཀའ་གནད་བཀྲོལ་བ་ལ། །

མཁས་པའི་ཡང་རྩེ་ངེས་ལེགས་རྗེ། །

དབོན་པོ་ཀརྨ་ངེས་ལེགས་བསྟན་འཛིན་ནི་རབ་བྱུང་བཅུ་གཉིས་པའི་ཤིང་བྱ་སྤྱི་ལོ་༡༧༠༥ལོར་ཨ་ལོ་གྲོང་དུ་ཡབ་ངག་དབང་ཚེ་རིང་དང་ཡུམ་གད་ཐོག་བཟའ་ཁྲ་འགུ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།སི་ཏུ་པཎ་ཆེན་ལས་ལོ་དྲུག་གིས་གཞོན།  ཨ་ལོ་ཀུན་མཁྱེན་དང་འཇམ་མགོན་བླ་མ་སི་ཏུ་ཆོས་འབྱུང་།  ཀཿཐོག་རིག་འཛིན་ཆེན་མོ་སོགས་དགེ་བའི་བཤེས་གཉེན་དུ་མ་བསྟེན་ཏེ་འཇམ་མགོན་བླ་མའི་སློབ་མའི་ཚོགས་ལས་ཕྱི་ནང་རིག་པའི་གནས་ཀུན་ལ་གསན་བསམ་མཐར་ཕྱིན་པར་མཛད་ཅིང་ཕ་རྗེས་བུས་བསྙེགས་པའི་ཐུགས་སྲས་དམ་པ་གསུམ་བྱུང་བའི་ཡ་གྱལ་དུ་གྱུར།  འཇམ་མགོན་བླ་མ་དབུས་ཕེབས་ཐེངས་གཉིས་ཀྱི་ཚེ་གཞིས་བཞུགས་ཀྱིས་བསྟན་དགོན་བསྐྱངས།  ལྕགས་བྱ་༡༧༢༩ལོར་རྗེ་ཉིད་ཀྱིས་གསོལ་བ་བཏབ་པ་བཞིན་འཇམ་མགོན་བླ་མས་ཕྱག་ཆེན་སྨོན་ལམ་གྱི་འགྲེལ་པ་བརྩམས།  ལྕགས་ཁྱི་༡༧༣༠ལོར་རྗེ་ཉིད་ལ་ཐུགས་དམ་གྱི་རྟེན་འཇམ་མགོན་བླ་མས་རྒྱན་དྲུག་མཆོག་གཉིས་ཀྱི་ཞལ་ཐང་ཚོན་མདངས་དང་བཅས་བྲིས་ཤིང་གནང་།  ཆུ་བྱི་༡༧༣༢ལོར་རྒྱལ་བའི་དབང་པོ་ཞྭ་དམར་ནག་རྒྱ་ནག་ཏུ་ཕེབས་ལམ་ཆེ་གེ་ནོར་གྱི་མཚོ་ཁར་བཞུགས་སྒར་གྲ་སྒྲིག་ཞུས་ནས་དམར་ནག་ཅོད་པཎ་འཆང་བ་ཟུང་གི་དྲུང་དུ་གཅུང་བསམ་གཏན་དང་ལྷན་དུ་བསྙེན་རྫོགས་བསྒྲུབས།  ལོ་འདིར་རྩིས་གཞུང་ཉེར་མཁོ་བུམ་བཟང་ལྗགས་བརྩམས་མཛད།

ལྕགས་སྤྲེལ་༡༧༤༠ལོའི་ཆུ་སྟོད་ཟླ་བའི་ཚེས་གཅིག་ལ་དཔལ་སྤུངས་སུ་ཚེས་བཅུའི་སྒྲུབ་ཆེན་ཐེངས་གཉིས་པ་ཚུགས་ཤིང་ཚེས་བཅུར་ཚེས་བཅུའི་གར་འཆམས་རྒྱས་པར་བགྱིས།  སྡེ་དགེ་རྒྱལ་པོ་དཔོན་གཡོག་མ་ཡུམ་སྲས་སོགས་མཇལ་མི་མང་ཞིང་ལུགས་ལེགས་འཇམ་བྱུང་།  ཚེས་བཅུ་དགུར་འཇམ་མགོན་བླ་མས་མཁན་སློབ་སྦྲགས་མ་དང་རྗེ་ཉིད་ཀྱིས་གསང་སྟོན་མཛད་དེ་དཔལ་སྤུངས་དང་དཔལ་ཡུལ་གྱི་གྲྭ་པ་བརྒྱ་དང་ལྔ་བསྙེན་རྫོགས་བསྒྲུབས།  ཚེས་ཉི་ཤུ་ལ་གྲྭ་པ་བརྒྱ་དང་བཅུ་དགུ་ལ་བསྙེན་རྫོགས་དང་བརྒྱད་ཅུའི་སྐོར་ལ་དགེ་ཚུལ་གནང་།  ཚེས་ཉེར་གཅིག་ཉིན་ཡང་རག་ཆབ་པའི་གྲྭ་པ་བརྒྱ་སྐོར་ལ་བསྙེན་རྫོགས་བསྒྲུབས་ཏེ་འཇམ་མགོན་བླ་མས་ལྷ་རྗེ་རྣམས་ལ་ལྡུམ་ཁྲིད་དང་སྦྲགས་དཔོན་སློབ་ཡོངས་སྨན་བཏུར་ཕེབས།  ཤིང་བྱི་༡༧༤༤ལོའི་ཟླ་བཅུ་པའི་ནང་དུ་རྡོ་སྟོད་དུ་གདུལ་བྱར་ཕེབས།  ས་སྦྲུལ་༡༧༤༩་ལོར་དབུས་ནས་ཞྭ་དམར་མཆོག་སྤྲུལ་དང་འཇམ་མགོན་བླ་མ་སྐུ་འཁོར་གྱི་ཞབས་ཟུང་གསེར་གྱི་འཁོར་ལོ་ཁམས་སུ་བསྒྱུར་བའི་ཕེབས་བསུར་ཕྱིན།  རྗེ་ཉིད་དང་འབེ་ལོ་ཚེ་དབང་ཀུན་ཁྱབ་ཟུང་གིས་མཆོག་སྤྲུལ་ལ་ཞབས་བརྟན་ཕུལ།  ལྕགས་རྟ་༡༧༥༠ལོར་འཇམ་མགོན་བླ་མས་མཁན་སློབ་སྦྲགས་མ་དང་རྗེ་ཉིད་གསང་སྟོན་གྱིས་འབེ་ལོ་ཚེ་དབང་ཀུན་ཁྱབ་གཙོས་དཔལ་སྤུངས་དང་།  དཔལ་ཡུལ།  ཀཿཐོག  །རག་ཆབ།  ཁྲོ་ཤུལ་བ་སོགས་ཀྱི་གྲྭ་ཉིས་བརྒྱ་ལྷག་བསྙེན་རྫོགས་བསྒྲུབས།  རྗེ་ཉིད་ལ་སྦྱོར་དྲུག་གི་ཁྲིད་དང་དུས་འཁོར་མཆོག་དབང་།  དབེན་གསུམ་ཁྲིད་སོགས་གནང་ཤིང་།  ཡང་འབེ་ལོ་ཆེན་པོ་སོགས་དང་ལྷན་སྤྱན་སྔའི་རླུང་སེམས་གཉིས་མེད་ཀྱི་ཁྲིད་སོགས་གནང་།  སྐབས་འདིར་མ་ཡུམ་དྲུང་ཞི་བར་གཤེགས།  འཇམ་མགོན་བླ་མ་དང་ཞྭ་དམར་མཆོག་སྤྲུལ་སོགས་ཀྱིས་ཕག་མོའི་ལྷོ་སྒོ་དབང་བསྐུར་དང་།  རྗེ་ཉིད་ཀྱིས་ཀུན་རིག་གི་ལྷོ་སྒོའི་དབང་བསྐུར། གནས་སྒོ་བས་ཀུན་རིག་དང་།  སྤྲུལ་སྐུ་བསོད་ནམས་ཀྱིས་ཞི་ཁྲོའི་ཆོ་ག་མཛད།  བཞི་སྡེས་ཀུན་རིག་དང་།  བཅུ་སྡེས་འོད་དཔག་མེད་ཀྱི་གཟུངས།  ཡང་བཅུ་སྡེས་དོན་ཞགས་གཟུངས་རིང་།  ཡང་བཞི་སྡེས་གླང་པོ་ཆེ་རབ་འབོག་གི་རྒྱུད་བཀླགས་པ་རྣམས་ཞེ་དགུའི་བར་དུ་མཛད།  ལྷ་ཐོག་སྒྲུབ་ཆེན་དཔལ་གྲུབ་དང་དཔའ་བོ་རྟ་མགྲིན་མགོན་པོ་ཟུང་གིས་སྐུ་སྤུར་ཉ་ལྷུང་དུ་བསྲེགས་སྦྱོང་ཞུས།  ཤིང་ཁྱི་༡༧༥༤ལོར་རྫ་རྒྱུད་ཚབ་ཚ་དགོན་དུ་སྤྲུལ་སྐུ་ཁྲི་འདོན་ལ་ཕེབས།  མེ་བྱི་༡༧༥༦ལོའི་ཟླ་དགུ་པའི་ཚེས་བཅུ་གསུམ་ཉིན་སླར་ཡང་རྡོ་སྟོད་དུ་གདུལ་བྱར་ཕེབས།  ས་སྟག་༡༧༥༨པའི་ནང་དུ་གཏེར་སྲས་ཆོས་སྐྱོང་དཔལ་ལྡན་དཔལ་སྤུངས་སུ་ཕེབས་ཏེ་སྐུ་མདུན་ནས་ཞྭ་དམར་མཆོག་སྤྲུལ་དང་འཇམ་མགོན་བླ་མ་ཟུང་གི་ལྷན་དུ་བདེ་ཆེན་གླིང་པའི་ཚེ་སྒྲུབ་རྡོ་རྗེ་རྒྱ་མདུད་དང་འཆི་མེད་དཔལ་སྟེར་གྱི་ཚེ་སྒྲུབ་མཛད་པའི་ཚེ་རྫས་འབུལ་བ་དང་སྦྲགས་འཆི་མེད་དཔལ་སྟེར་གྱི་དབང་ཆེན་སོགས་ཞུས། སྐབས་དེར་སྡེ་དགེ་ཁུ་དབོན་ལྕམ་དྲལ་དཔལ་སྤུངས་སུ་ཕེབས་པར་འཇམ་མགོན་བླ་མས་ཚེ་དཀར་རྟ་མགྲིན་གྱི་དབང་དང་།  ཞྭ་དམར་པས་ཚེ་དབང་ཕྱག་རྡོར།  རྗེ་ཉིད་ཀྱིས་ཚེ་དབང་སོགས་གནང་ཤིང་སྲས་ཀྱིས་མང་ཇ་དང་།  ཊཾ་འགྱེད།  སྙན་ཤལ།  ལྕམ་དྲལ་གྱིས་ཚེ་སྒྲུབ་ཀྱི་རྟེན་གསེར་སྲང་ལྔ་སོགས་ཕུལ།  དེ་ནས་ཞྭ་དམར་མཆོག་སྤྲུལ་དང་འཇམ་མགོན་བླ་མའི་ལྷན་དུ་དམ་པ་གནས་ནང་དང་འཇང་རི་སྨུག་པོར་ཕེབས་ཏེ་ཁྲ་འབུ་ཕུན་ཚོགས་བསྟན་འཕེལ་གླིང་གི་ཚོགས་མང་ལ་བདེ་མཆོག་གི་དབང་དང་མགོན་པོའི་དཀྱིལ་འཁོར་དབང་སོགས་གནང་།  འཇམ་མགོན་བླ་མས་གྲྭ་པ་དགུ་བཅུ་ལ་བསྙེན་རྫོགས་བསྒྲུབས།  ས་ཡོས་༡༧༥༩ལོར་འཇང་ནས་ཕྱིར་ཕེབས་སྐབས་ཟླ་བ་བརྒྱད་པའི་ཚེས་བཅུ་གཅིག་ལ་དགོངས་པ་ཞི་དབྱིངས་སུ་གཟིམས།  ཧོར་ཟླ་དགུ་པའི་ཚེས་བཅོ་བརྒྱད་ཉིན་སྐུ་གདུང་དཔལ་སྤུངས་སུ་ཕེབས་གྲུབ་ནས་གདུང་ཁང་དུ་བཞུགས་སུ་གསོལ་ཏེ་གདུང་མཆོད་ཟབ་རྒྱས་ཕུལ།  སྨིན་དྲུག་ཅན་གྱི་ཚེས་གཅིག་ཉིན་ཐོ་རེངས་སྟག་གི་དུས་སུ་འཇམ་མགོན་བླ་མ་དང་ཞྭ་དམར་མཆོག་སྤྲུལ་ཟུང་གིས་ཕག་མོའི་སྦྱིན་སྲེག  །ཨ་འགེམ་བླ་མ་ནས་ཞི་ཁྲོ།  འདམ་ཐོག་དབུ་སེས་ཀུན་རིག་གི་སྦྱིན་སྲེག་སོགས་ཀྱིས་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་དང་བཅས་ཡུལ་དགོན་ཡོངས་ཀྱིས་དགོངས་རྫོགས་རྒྱ་ཆེན་བསྒྲུབས།

རྗེ་འདིའི་གསུང་རྩོམ་གྱི་སྐོར་ལ།  རིན་ཆེན་དབང་རིལ་ཤེལ་གྱི་མཆོད་རྟེན་དང་རིན་ཆེན་རྟ་རི་མ་བཅས་ཀྱི་སྦྱོར་སྡེ་བགྱིས་ཚུལ་གཞན་ཕན་ཟླ་འོད་གཞོན་ནུའི་འཁྲི་ཤིང་། དཔལ་ལྡན་རྒྱུད་བཞི་སོགས་གསོ་བ་རིག་པའི་བཀའ་བསྟན་མན་ངག་ཀུན་གྱི་གནད་བསྡུས་ཕན་བདེའི་བསིལ་ཟེར་འཕྲོ་བའི་ཟླ་བ་གསར་པ།(སྨན་བསྡུས་ཨེ།)  གསོ་བ་རིག་པའི་མན་ངག་མཐའ་དག་གི་སྙིང་པོ་ཕྱོགས་གཅིག་ཏུ་བསྡུས་པ་མན་ངག་ཡོན་ཏན་རྒྱུད་དང་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་ལྷན་ཐབས་ཚུལ་དུ་བཀོད་པ་ཕན་བདེ་ནོར་བུའི་བང་མཛོད།(སྨན་བསྡུས་ཝཾ)  སྨན་ནག་བདུད་རྩིའི་འཕྲུལ་འཁོར་གྱི་མན་ངག་རྒྱས་པར་བཀྲོལ་བ།འབྲི་གུང་གཅེས་བསྡུས་ཀྱི་བླ་མའི་ཞལ་རྒྱུན་ཟབ་གནད་འགྲོལ་བའི་ཟིན་བྲིས།  རྩིས་གཞུང་ཉེར་མཁོ་བུམ་བཟང་།  མངོན་པ་མཛོད་ཀྱི་འགྲེལ་པ།གཞི་གསུམ་གསལ་བྱེད་གུར་ཀུམ་ཆུན་པོ།  སྡོམ་གསུམ་འགྲེལ་པ་ཉེར་མཁོ་བུམ་བཟང་།  སྨིན་གླིང་ལོ་ཆེན་གྱིས་མཛད་པའི་སྡོམ་གསུམ་རྣམ་ངེས་ཀྱི་འགྲེལ་པ་སོགས་བཞུགས།  རྗེས་འཛིན་གྱི་སློབ་ཚོགས་མང་དུ་བསྐྱངས་བའི་ཁྲོད་དུ་གཙོ་བོ་ཞྭ་དམར་ཆོས་གྲུབ་རྒྱ་མཚོ།  འབེ་ལོ་ཙཱ་པ་ཚེ་དབང་ཀུན་ཁྱབ།  གྲུབ་ཐོབ་རྟ་མགྲིན་མགོན་པོ།  ཡིད་ལྷུང་འཚོ་བྱེད་སྨར་ཁམས་ཚུལ་ཁྲིམས་འོད་གསལ།  ཀཿཐོག་དྲི་མེད་ཞིང་སྐྱོང་མགོན་པོ།  ཀཿཐོག་དགེ་རྩེ་པཎ་ཆེན་ཚེ་དབང་མཆོག་གྲུབ་སོགས་ཡིན་ནོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1