ཞིང་པའི་ལོ་ལེགས་དུས་ཆེན་ལ་ཞིང་པར་ཕན་པའི་སྲིད་ཇུས་བཟང་པོ་བཤད།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 09-25


        དེ་རིང་ནི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་དང་པོ་དེ་ཡིན་ཞིང་། ཀྲུང་གོའི་ཞིང་པ་དུང་ཕྱུར་མང་པོས་རང་ཉིད་ལ་དབང་བའི་དུས་ཆེན་ཐོག་མ་དེ་བསུ་བཞིན་ཡོད། དེ་རིང་གི་དུས་ཚོད་འདི་ལྟ་བུར་ཆེ་བ་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ། ཆུང་བ་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་དང་། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གཙང་བཅོས་བྱེད་པ་སོགས་གྲོང་གསེབ་དང་འབྲེལ་ཞིང་ཞིང་པར་ཕན་པའི་སྲིད་ཇུས་བྱེད་ཐབས་གང་མང་ལ་ང་ཚོས་དོ་སྣང་བྱེད་འོས། གཅིག་བྱས་ན་དེ་དག་ནི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་དང་པོའི་སྐབས་སུ་ཞིང་པ་ཚོར་ཕུལ་བའི་ལེགས་སྐྱེས་ཡག་ཤོས་དེ་ཡིན་སྲིད།

ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་འཛུགས་དགོས་དོན་ཅི་ཡིན་ནམ། 
        དུས་ཆེན་འདི་འཛུགས་དགོས་དོན་ཅི་ཡིན་ནམ་ཞེ་ན། ད་ལོའི་ཟླ་6པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ཞིང་ལས་དང་གྲོང་གསེབ་པུའི་པུའུ་ཀྲང་ཧན་ཁྲང་ཧྥུས་དེར་འགྲེལ་བཤད་ཡག་པོ་གནང་ཡོད་དེ།
        ཧན་ཁྲང་ཧྥུ་ཡིས་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ནི་ཞིང་པ་དུང་ཕྱུར་མང་པོས་ལོ་ལེགས་ལ་རྟེན་འབྲེལ་ཞུ་བ་དང་ལོ་ལེགས་ལོངས་སྤྱོད་བྱེད་པའི་དུས་ཆེན་ཞིག་ཡིན་ལ། འབྲུ་རིགས་སྣ་ལྔ་ལོ་ལེགས་ཡོང་བ་དང་རྒྱལ་ཁབ་བདེ་ཞིང་དམངས་སྐྱིད་པའི་གསོན་ཉམས་དོད་པའི་མཚོན་བྱེད་ཅིག་ཀྱང་ཡིན་ཞེས་གསུངས་ཡོད།
        ཁོང་གིས་ཀྲུང་ཧྭའི་ཞིང་ལས་རིག་གནས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ནི་ཀྲུང་གོའི་རིག་གནས་ཀྱི་མཚོན་རྟགས་མངོན་གསལ་ཅན་ཞིག་ཡིན་པའི་ཆ་ནས། དེར་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ཡོད་པ་དང་། རྨོ་འདེབས་རིག་གནས་ཀྱི་ལོ་རྒྱུས་དང་ཟབ་ཚད་དྲིལ་བསྒྲགས་དང་འགྲེམ་སྟོན་བྱེད་པ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། སྲོལ་རྒྱུན་གྱི་རིག་གནས་དང་དེང་རབས་ཀྱི་དཔལ་ཡོན་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་བྱེད་པ། རིག་གནས་ཡིད་ཆེས་དང་མི་རིགས་ཀྱི་སྤོབས་སེམས་ཆེ་རུ་སྐྱེད་པ་བཅས་ལ་ཕན་པ་ཡོད་ཅེས་གསུངས་ཡོད།
        ཧན་ཁྲང་ཧྥུ་ཡིས་བཟོ་ལས་ཅན་དང་གྲོང་རྡལ་ཅན་མགྱོགས་མྱུར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད། མི་རྣམས་ཀྱི་སྲོལ་རྒྱུན་རྨོ་འདེབས་རིག་གནས་ཀྱི་དྲན་ཤེས་རིམ་བཞིན་ཞན་དུ་འགྲོ་བཞིན་ཡོད་པས། ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་བཙུགས་པ་བརྒྱུད། མི་རྣམས་ཀྱིས་དུས་ཆེན་ལ་བརྟེན་ནས་བརྩེ་དུང་བརྗོད་པ་དང་། རིག་གནས་རྒྱུན་འཛིན། ཕྱིར་ལོག་པའི་ཚོར་བ་འཚོལ་བ་སོགས་བྱེད་ཆོག་ཅིང་། མི་དམངས་ཀྱིས་རི་བོ་དེ་དང་ཆུ་བོ་དེ། ས་ཞིང་དེ་བཅས་ལ་བཅངས་པའི་བརྩེ་བ་གཅིག་ཏུ་བསྡུས་ནས། རྨོ་འདེབས་རིག་གནས་ཀྱི་སྙིང་སྟོབས་དང་ཉིང་བཅུད་ལོངས་སྤྱོད་བྱེད་ཆོག་ཅེས་གསུངས་ཡོད།

སྤྱི་ལོ་2020ལོར་སླེབས་དུས། གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་བྱེ་བ་གསུམ་ཡས་མས་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་ཡིན་པ། 
        ད་ལོའི་ཟླ་8པར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལོ་གསུམ་བྱ་སྤྱོད་ཀྱི་མཛུབ་ཁྲིད་བསམ་འཆར་འགྲེམ་སྤེལ་བྱས་པ་དང་། དེར་2020ལོར་སླེབས་སྐབས་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་བྱེ་བ་༣ཡས་མས་ཙམ་དབུལ་སྒྲོལ་ཐུབ་པ་ཁག་ཐེག་དང་དབུལ་ཕོངས་མཐའ་གཅིག་ཏུ་མེད་པར་བཟོ་རྒྱུ། དབུལ་ཕོངས་རྫོང་ཡོངས་རྫོགས་ཀྱི་ཞྭ་མོ་འབུད་པ་ཁག་ཐེག་བྱས་ནས། ས་ཁོངས་རང་བཞིན་གྱི་ཁྱོན་ཡོངས་དབུལ་ཕོངས་ཐག་གཅོད་བྱེད་དགོས་པ་བསྟན་ཡོད།
        བསམ་འཆར་ནང་ད་དུང་། དབུལ་ཕོངས་ས་ཁུལ་གྱི་ཞིང་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་དང་། དབུལ་ཕོངས་ས་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་གཙོ་བོའི་དམིགས་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཉེ་བར་འགྱུར་བ་མངོན་འགྱུར་བྱེད་དགོས་པ་བསྟན་ཡོད།

ཞིང་པ་ལས་མིའི་གླ་ཕོགས་ཆད་འགྱངས་ཀྱི་“མིང་ཐོ་ནག་པོ”བཟོ་རྒྱུ། 
        སྤྱི་ལོ་2018ལོའི་ཟླ་1པོའི་ཚེས་1ཉིན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་པར་འགྲེམས་བྱས་པའི་《ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་“མིང་ཐོ་ནག་པོ” དོ་དམ་བྱེད་ཕྱོགས་ཀྱི་གནས་སྐབས་བྱ་ཐབས་》 དངོས་སུ་ལག་བསྟར་བྱས་པ་དང་། བྱ་ཐབས་ནང་། མི་བཀོལ་མཁན་སྡེ་ཚན་གྱི་ཁྲིམས་འགལ་གནས་ཚུལ་རིགས་གཉིས་ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་ཀྱི་“མིང་ཐོ་ནག་པོའི་” ནང་འཇུག་རྒྱུ་ཡིན་པ་གཏན་འབེབས་བྱས་ཡོད་དེ། གཅིག་ནི་རྒྱུ་མཚན་མེད་པར་ཞིང་པ་ལས་མིའི་གླ་ཆ་འཕྲི་འཐེན་ཆད་འགྱངས་དང་། གྲངས་འབོར་དེ་ངལ་རྩོལ་ཐོབ་ཆ་མི་སྤྲོད་པའི་ཉེས་སྤྱོད་ཀྱི་གྲངས་འབོར་གྱི་ཚད་དུ་སླེབས་པ། གཉིས་ནི་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱེད་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ཀྱིས་མི་ཚོགས་རང་བཞིན་གྱི་དོན་རྐྱེན་དང་ཐལ་དྲག་པའི་དོན་རྐྱེན་བསླངས་ཏེ་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཟོས་པའི་རིགས་ཡིན།  བྱ་ཐབས་ནང་ད་དུང་། མི་བཀོལ་མཁན་སྡེ་ཚན་གླ་ཕོགས་འགྱངས་ཆད་ཀྱི་“མིང་ཐོ་ནག་པོའི་” ནང་ཐོག་མར་བཅུག་པའི་དུས་བཀག་ལོ་གཅིག་ཡིན་པ་དང་། ལོ་༡གི་ནང་ནས་འབྲེལ་ཡོད་ཀྱི་ཁྲིམས་སྲོལ་ལས་མ་འགལ་བ་ཡིན་ན་དུས་ཡུན་ཐིམ་རྗེས་ “མིང་ཐོ་ནག་པོའི་”ནང་ནས་སྤོར་རྒྱུ་ཡིན་པ་དང་། སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་ཡོ་བསྲང་མ་བྱས་པ་དང་ལོ་༡གི་དུས་ཚོད་ནང་སླར་ཡང་ཁྲིམས་འགལ་གནས་ཚུལ་བྱུང་ཚེ་ལོ་༡མང་དུ་གཏོང་རྒྱུ་ཡིན་པ་གཏན་འབེབས་བྱས་ཡོད།

གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་བྱེད་པར་ཞིང་པའི་ཁེ་ཕན་ལ་གནོད་འཚེ་གཏོང་མི་ཆོག
        ཕྱུག་པོ་ཆགས་འདོད་ན་སྔོན་ལ་ལམ་བཟོ་དགོས་པས། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ལ་ཐོག་མཐའ་བར་གསུམ་དུ་ཀུན་གྱིས་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད།

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་སྤྱི་བསྒྲགས་བྱས་ཤིང་ད་ལོའི་ཟླ་6པའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་པའི་《གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་དོ་དམ་བྱ་ཐབས་》ནང་། སྡེ་ཚན་དང་རྩ་འཛུགས་དང་མི་སྒེར་གང་རུང་གིས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་གྱི་མ་དངུལ་བཀག་ཉར་དང་སྒེར་བཟུང་། གཞན་སྤྱོད་བྱེད་མི་ཆོག་པ་དང་། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་བྱེད་པར་ཞིང་པའི་ཁུར་པོ་ཇེ་ལྗིད་དུ་གཏོང་མི་ཆོག་པ་དང་ཞིང་པའི་ཁེ་ཕན་ལ་གནོད་འཚེ་གཏོང་་མི་ཆོག་པ། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་བྱེད་པར་ལས་གྲྭའི་དངུལ་དང་ཞིང་པ་ལས་མིའི་གླ་ཕོགས་ཆད་འགྱངས་བྱེད་མི་ཆོག་དང་། ས་བསྡུ་བཤིག་སྤོ་བྱེད་པའི་དངུལ་འགྱངས་ཆད་བྱེད་མི་ཆོག་པ་བསྟན་ཡོད།

གྲོང་གསེབ་རྒྱུན་འཁོར་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ། གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། 
        གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་ནི་2018ལོའི་“གླེང་མང་བའི་ཚིག་” ཅིག་རེད། 2018ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་བསམ་འཆར་》ནང་། དེང་རབས་ཅན་དུ་འགྱུར་བའི་ཞིང་ལས་ཐོན་རྫས་འཁྱག་གཏོང་མཛོད་ཉར་དང་ཟོག་འགྲེམ་མ་ལག་འཛུགས་སྐྲུན་བྱ་དགོས་པ་དང་། རིགས་ཁག་གི་ཁྲོམ་རའི་གཙོ་གཞི་གསར་གཏོད་འཕེལ་རྒྱས་དེ་འཕྲིན་སྦྲེལ་དྲ་བར་བརྟེན་པའི་ཞིང་ལས་ཐོན་ལས་ཀྱི་རྣམ་པ་གསར་པར་བརྟེན་པར་སྐུལ་ལྕག་དང་རྒྱབ་སྐྱོར། གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་ལག་ལེན་གཏིང་ཟབ་ཏུ་སྤེལ་དགོས་པ་དང་གྲོང་གསེབ་རྒྱུན་འཁོར་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་སུ་གཏོང་དགོས་པ་བཏོན་ཡོད།
        སང་ལོའི་ཟླ་1པོའི་ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པའི་《གློག་རྡུལ་ཚོང་དོན་བཅའ་ཁྲིམས་》སུ་ཡང་གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་ལ་དོ་སྣང་བྱས་ཡོད་དེ། དེ་རུ་གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་དང་། གློག་རྡུལ་ཚོང་དོན་གྱི་གནད་སྨིན་དབུལ་སྐྱོར་བྱེད་པའི་ཁྲོད་ཀྱི་ནུས་པ་འདོན་སྤེལ་བྱ་དགོས་པ་བཏོན་ཡོད།

ལས་རིགས་ཞིང་པ་གསར་པ་མི་ཐེངས་ས་ཡ་གཅིག་གསོ་སྐྱོང་བྱ་རྒྱུ།
        གྲོང་གསེབ་དར་རྒྱས་གཏོང་བར་ཤེས་ལྡན་མི་སྣའི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད། ད་ལོའི་ཟླ་4པར་ཞིང་ལས་དང་གྲོང་གསེབ་པུའུ་དང་ནོར་སྲིད་པུའུ་ཡིས་མཉམ་འབྲེལ་ཐོག་ཡོངས་བསྒྲགས་བྱས་པའི་ནོར་སྲིད་ཀྱི་གཙོ་གནད་ཞིང་དར་ཞིང་ཕན་སྲིད་ཇུས་ཀྱིས་གནད་དོན་འདི་ལ་དོ་ཁུར་བྱས་ཡོད་དེ།
        སྲིད་ཇུས་དེར་ཁ་གསལ་པོའི་སྒོ་ནས་ལས་རིགས་ཞིང་པའི་ལམ་ལུགས་ཁྱོན་ཡོངས་ནས་འཛུགས་དགོས་པ་དང་། རྣམ་པ་གསར་པའི་ཞིང་ལས་གཉེར་སྐྱོང་གཙོ་ཤུགས་ཀྱི་སྣེ་ཁྲིད་པ་དང་། དེང་རབས་ཀྱི་ཞིང་རའི་གཞོན་ནུ་བདག་པོ། ཞིང་ལས་ལས་རིགས་ཀྱི་གཉེར་སྐྱོང་པ། ཞིང་ལས་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཞུའི་རྐང་འཛིན་དང་ཞིང་ལས་ཐོན་ལས་དབུལ་སྐྱོར་བྱ་ཡུལ་དེ་གསོ་སྐྱོང་བྱེད་ཡུལ་གཙོ་བོར་བཟུང་སྟེ། ཐོན་སྐྱེད་རྩལ་ནུས་དང་གཉེར་སྐྱོང་དོ་དམ་ཆུ་ཚད་གོང་མཐོར་གཏོང་རྒྱུ་དེ་ནང་དོན་གཙོ་བོ་བྱས་ནས་ལས་རིགས་ཞིང་པ་གསར་པ་མི་ཐེངས་ས་ཡ་༡གསོ་སྦྱོང་བྱ་རྒྱུ་ཡིན་པ་བསྟན་ཡོད།

གྲོང་གསེབ་ཀྱི་མིའི་འཚོ་གནས་ཁོར་ཡུག་གི་བཅོས་སྒྲིག་ཇེ་མགྱོགས་སུ་གཏོང་བ།
        གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་ནང་དོན་གལ་ཆེན་ཡིན་པ་དང་། ཞིང་པ་མང་ཚོགས་ཀྱི་སྤྲོ་སྐྱིད་ཀྱི་ཚོར་སྣང་དང་ཐོབ་སེམས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད།
        ད་ལོའི་ཟླ་2པར་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་པར་འགྲེམས་བྱས་པའི་《གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱེད་པའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞིའི་》ནང་དུ། སྤྱི་ལོ་༢༠༢༠ལོར་སླེབས་སྐབས་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་བཅོས་བྱ་རྒྱུ་མངོན་འགྱུར་དང་། མ་ཟད་དབུས་ནུབ་རྒྱུད་ས་ཁུལ་གྱི་གནས་ཚུལ་མི་འདྲ་བར་ཆེད་མངགས་དམིགས་ཚད་ལོགས་སུ་བཙུགས་ཡོད།
        དཔེར་ན། ཤར་ཕྱོགས་ས་ཁུལ་དང་དབུས་ནུབ་ཁུལ་གྱི་གྲོང་ཁྱེར་ཉེ་འཁོར་སོགས་སུ། གཞི་རྩའི་ཆ་ནས་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གཙང་བཅོས་ཀྱི་མ་ལག་ཁྱོན་ཡོངས་ནས་ཁྱབ་པ་དང་། གཞི་རྩའི་ཐོག་ཁྱིམ་སྤྱོད་གསང་སྤྱོད་གནོད་མེད་ཅན་དུ་བསྒྱུར་བཀོད་བྱ་རྒྱུ་མངོན་འགྱུར་བྱེད་དགོས་པ། དབུས་ནུབ་རྒྱུད་ཀྱི་རྨང་གཞི་ཅུང་ལེགས་པོ་ཡོད་པ་དང་གཞི་རྩའི་ཆ་ནས་ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་གྲོང་ཚོ་བརྒྱ་ཆ་90ཡས་མས་ཀྱི་འཚོ་བའི་གད་སྙིགས་ཐག་གཅོད་ཐུབ་པ་དང་གཙང་སྦྲ་ལྡན་པའི་གསང་སྤྱོད་ཁྱབ་ཚད་བརྒྱ་ཆ་85ཡས་མས་ཟིན་རྒྱུར་བརྩོན་ལེན་བྱེད་དགོས་པ། ཐག་རིང་ལུང་ཁུག་ཏུ་གནས་པ་དང་དཔལ་འབྱོར་འཕེལ་རྒྱས་ཆུང་བ་སོགས་ཀྱི་ས་ཁུལ་དུ། མིའི་འཚོ་སྡོད་ཁོར་ཡུག་གཙང་ཞིང་གྲ་འགྲིག་པ་མངོན་འགྱུར་བྱ་དགོས་པའི་གཞི་རྩའི་བླང་བྱ་བཏོན་ཡོད།
        དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ།


  
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1