༄༅།།ཚེ་རིང་དབང་རྒྱལ།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-09


     གླིང་གེ་སར་སྟོང་ཐང་ཆེན་མོའི་བྲིས་གཞི་རྩོམ་པ་པོ་ཚེ་རིང་དབང་རྒྱལ་ལགས་ནི། སྤྱི་ལོ༡༩༥༥ལོར་མདོ་ཁམས་ཏྲེ་ཧོར་རོང་པ་ཚ་བའི་ཡུལ་གྲུ་རུ་སྐྱེས། ལོ་ངོ་དགུའི་ཐོག་མཁས་དབང་བསོད་ནམས་རྒྱ་མཚོའི་མདུན་ནས་ཡི་གེ་འབྲི་ཀློག་དང་།ཐར་པ་རིན་པོ་ཆེ་རྒྱན་སོགས་བློ་བཟུང་ལེགས་པར་བྱས་ནས་རྒྱུགས་སྤྲད་ཀྱང་ཕུལ་མྱོང་།སྤྱི་ལོ༡༩༨༢ལོར་ཞིང་ཆེན་བོད་ཡིག་སློབ་གྲྭར་ཞུགས་ཏེ་མཚན་ལྡན་དགེ་བའི་བཤེས་གཉེན་བཅུ་ཕྲག་ལྷག་བསྟེན་ཅིང་མདོ་སྔགས་རིག་གནས་དང་བཅས་པ་ལ་རྣ་ཐོས་ཡོད་ཙམ་གྱིས་བག་ཆགས་བཟང་པོ་བཞགསྤྱི་ལོ༡༩༨༦ལོར་སློབ་མཐར་ཕྱིན་ཏེ་ཁམས་ཁུལ་སློབ་ཆེན་དུ་དགེ་རྒན་གྱི་ལས་གྲལ་ཞུགས་ནས་ད་ཕན་སློབ་མ་བརྒྱ་ཕྲག་དུ་མ་ལ་ཐུན་མོང་རིག་གནས་ཀྱི་སྐོར་སོགས་ཁྲིད་ཁུལ་བྱས།སྤྱི་ལོ༡༩༩༤ནས་༡༩༩༦ལོའི་བར་ལྷོ་ནུབ་མི་རིགས་སློབ་གླིང་དུ་ཟབ་སྦྱོང་དང་བོད་ཡིག་དངོས་གཞིའི་ལག་ཁྱེར་བླངས།ཁྱད་པར་དེ་སྔོན་འཛམ་གླིང་ན་བྱུང་མེད་པའི་དཀར་མཛེས་ཁུལ་གྱི་གླིང་གེ་སར་རྒྱལ་པོའི་རྟོགས་བརྗོད་མཐོང་བ་ཀུན་སྨོན་གྱི་འཆར་འགོད་པ་གཙོ་གྲས་པའི་འགན་ཁུར་བགྱིས་ཏེ་གླིང་སྒྲུང་པོད་བཞི་བཅུའི་བསྡུས་དོན་རབ་གསལ་མེ་ལོང་དང་བྲིས་ཆ་མེ་ཏོག་ཕྲེང་མཛེས་ཞེས་པ་གསར་དུ་བརྩམས་ཏེ་ཞལ་ཐང་དྲུག་བརྒྱ་ལྷག་གི་འབྲས་བཟང་ལེགས་པར་སྨིན་པ་འདི་ག་དང་།ཞལ་ཐང་བཞི་བརྒྱ་ཉེར་བརྒྱད་ཀྱི་ངོ་སྤྲོད་སྙན་ངག་གི་ལམ་དུ་དྲངས་ཏེ་སྤྱི་ལོ༢༠༠༨ལོར་པེ་ཅིན་དུ་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་བྱ་འགུལ་ཆེན་མོའི་ཐོག་གཟིགས་འབུལ་ཞུ་རྒྱུ་ལེགས་གྲུབ་བྱུང་།སྔ་གཞུག་ཏུ་སྡེ་དགེའི་པར་ཁང་དུ་བཞུགས་པའི་ས་དགེ་བཀའ་རྙིང་གི་དམ་པ་རྣམས་ཀྱི་གསུང་འབུམ་དཀར་ཆག་གཙོས་ཁྱོན་པོད་བརྒྱ་ལྷག་ཙམ་ལག་བྲིས་བགྱིས།སྤྱི་ལོ༢༠༠༣ལོར་སློབ་དཔོན་ཆེན་མོ་གཞོན་པའི་ཐོབ་ཐང་བླངས།སྤྱི་ལོ༢༠༠༨ལོར་སློབ་དཔོན་ཆེན་མོ་རྒན་པའི་ཐོབ་ཐང་བླངས།སྤྱི་ལོ༢༠༠༩ལོར་སློབ་གྲྭ་འདི་ཉིད་སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོར་གནས་འགྱུར་ཏེ་སློབ་གྲྭའི་མཚན་བྱང་བྲིས།སྤྱི་ལོ༡༩༩༨ལོ་ནས་ད་ལྟའི་བར་བོད་ཀྱི་ཡིག་གཟུགས་ཀུན་གསལ་མེ་ལོང་དང་།མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྣམ་ཐར།གླང་ནག་དགོན་པའི་ལོ་རྒྱུས་དང་།དེ་དང་འདྲེལ་བའི་དཔེ་ཚོགས་གཞན་པ།མདོ་ཁམས་ཏྲེ་ཧོར་རོང་པ་ཚ་བའི་ལོ་རྒྱུས་སོགས་དཔེ་དེབ་ཆེ་ཆུང་ལྔ་བརྩམས་ཏེ་དཔེ་བསྐྲུན་དང་།དཔྱད་རྩོམ་བཞི་བཅུ་ལྷག་དུས་དེབ་དང་གསར་འགྱུར་ཅི་རིགས་སུ་བཀོད། དེ་དག་གི་བར་གསེང་དུ་བོད་ཀྱི་ཡིག་གཟུགས་ཀྱི་རྒྱུན་མཁོའི་ཤེས་བྱ་ཞེས་པ་དེབ་གཅིག་དང་།དཔལ་ལྷ་རྒྱལ་དགོན་པའི་ལོ་རྒྱུས།རྩོམ་རིག་དང་ཡིག་གཟུགས་བཅས་ལ་རྒྱལ་ཁབ་རིམ་པ་དང་།ཞིང་ཆེན་ཁུལ་སོགས་ཀྱིས་བྱ་དགའ་ཐེངས་ཉི་ཤུ་ཙམ་ཐོབ་བོ།། 


རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།
ལཱོ་ཧྥུང་ལྷ་ཁང་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1