ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་པ་ལ་ཅུང་ཟད་དཔྱད་པ།

སྐ་ཕུག་ཕག་མོ་ཚེ་བརྟན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-28


[གནད་བཏུས] ཇོ་བོ་རྗེའི་ལོ་རྒྱུས་མདོར་བསྡུས་དང་འབྲེལ་ཏེ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཁོང་ཇི་ལྟར་གདན་འདྲེན་ཞུས་པའི་གནས་ཚུལ་དང། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་རང་གི་བླ་མ་དྲན་ནས་བསྟོད་པ་ཇི་ལྟར་མཛད་ཡོད་པ་དང་། བསྟོད་རྩོམ་འདིའི་བརྗོད་བྱའི་སྙིང་པོ་དང། བརྩམས་ཆོས་ཀྱི་བསམ་བློ། རྩོམ་སྟངས་ཀྱི་ཁྱད་ཆོས་དག་ཅི་འདྲ་ཡིན་པ། ད་དུང་བསྟོད་རྩོམ་ཕྱི་མ་དག་གི་བརྗོད་བྱའི་ཐད་ལ་ཐེབས་པའི་ཤུགས་རྐྱེན་སོགས་ལ་དཔྱད་པ་བྱས་ཡོད།

[གནད་ཚིག] ཇོ་བསྟོད་སུམ་ཅུ་པ། བསམ་བློའི་རང་བཞིན། རྩོམ་སྟངས་ཀྱི་ཁྱད་ཆོས། ཤུགས་རྐྱེན།

གླེང་གཞི།

དེ་ཡང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་མ་ཕེབས་པའི་སྔོན་ནི་མངའ་རིས་སུ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་སྲིད་བསྐྱངས་པའི་དུས་ཡིན་ལ། བོད་སྤྱིའི་གནས་ཚུལ་ཆ་ནས་སིལ་བུར་ཐོར་བའི་གནས་སྐབས་ཡིན། སྐབས་དེར་བོད་ལ་གཅིག་གྱུར་གྱི་མགོ་ཁྲིད་དང་ཆབ་སྲིད་ཀྱི་སྒྲིག་གཞི་སོགས་མེད་པས། སྔོན་གྱི་བསྟན་པ་རྣམ་དག་གི་རྒྱུན་ནི་ནུབ། སླར་བསྟན་པ་སྤེལ་བའི་ཚ་རླབས་ལྟ་བུ་འཕྱུར་མོད། རྒྱལ་བསྟན་ཁུངས་བཙུན་པ་ནི་སྤེལ་མ་ནུས་པར། མདོ་སྔགས་གཉིས་ཚ་གྲང་ལྟར་འགལ་བ་ལྟག་སྤྲོད་དང་། གསང་སྔགས་ལ་བསྙད་བཏགས་པའི་སྦྱོར་སྒྲོལ་དང་རྩིང་སྤྱོད་ཀྱི་ཆོས་ལོག་སྣ་ཚོགས་དར་བཞིན་པའི་སྒང་ཡིན། དེ་འགོག་པར་ལྷ་བླ་མ་ཡེ་ཤེས་འོད་དང་། ལོ་ཙཱ་བ་རིན་ཆེན་བཟང་པོ། ཕོ་བྲང་ཞི་བ་འོད། འགོས་ཁུགས་པ་ལྷས་བཙས་སོགས་ཀྱིས་འབྱམས་ཡིག་མང་པོ་བཀྲམ་མོད་ནུས་པ་མ་ཐོན་པས། ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཐུགས་དགོངས་ལ། ད་ནི་གངས་ཅན་གྱི་ལྗོངས་སུ་དར་བའི་ཐུབ་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་ལ་བྱི་དོར་ལེགས་པར་མ་བྱས་ན། བོད་ཀྱི་སྤྱི་ཚོགས་འདི་རྙོག་འཛིང་ལྡན་ལ་སྐྱེ་འགྲོ་ཀུན་སྡུག་བསྔལ་ཆེན་པོས་མནར་ཞིང་འདི་ཕྱི་གཉིས་ཕུང་དུ་འགྱུར་ཉེན་ཆེ་བས། བསྟན་པའི་གནས་གཞི་གཙུག་ལག་ཁང་གསར་བཞེངས་དང་། བསྟན་པའི་བདག་རྐྱེན་ལོ་ཙཱ་བ་སྐྱེད་སྲིང་། བསྟན་པའི་ཁུངས་པཎྜི་ཏ་གདན་འདྲེན། བསྟན་པའི་དེ་ཉིད་དམ་པའི་ཆོས་ལོ་ཙཱ་སོགས་ཐབས་སྣ་ཚོགས་ཀྱིས་ལྟ་སྤྱོད་རྣམ་དག་སྤེལ་བར་འབད་མོད། དེས་ཀྱང་རེ་ཞིག་བཞེད་དོན་མ་འགྲུབ་པས་བོད་སྤྱི་ཚོགས་ཀྱི་དཀའ་རྙོག་དང་མུན་པ་འདི་སེལ་བར་ངེས་པར་དུ་རྒྱ་བོད་ཀུན་ཏུ་གྲགས་པའི་པཎྜི་ཏ་ཆེན་པོ་ཞིག་གདན་འདྲེན་དགོས་པའི་ངེས་ཤེས་སྐྱེས། སྔོན་རང་གི་འཁོར་འབངས་ཁྲོད་ནས་བློ་བརྟན་ཞིང་དབང་པོ་རྣོ་བའི་གཞོན་ནུ་ཉི་ཤུ་ལྷག་རྒྱ་གར་དུ་བརྫངས་པ་ལས་རིན་ཆེན་བཟང་པོ་དང་རྔོག་ལེགས་པའི་ཤེས་རབ་གཉིས་ཁོ་ན་ཕྱིར་ལོག་ཐུབ་སྟེ་བསྟན་བཅོས་མང་པོ་བསྒྱུར་བས་ལོ་ཆེན་ལོ་ཆུང་དུ་གྲགས། ལོ་ཆེན་རིན་ཆེན་བཟང་པོ་ལས་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱ་གར་འཕགས་ཡུལ་དུ་དཔལ་མར་མེ་མཛད་ཡེ་ཤེས་བྱ་བའི་བསྟན་པའི་བདག་པོ་ངེས་པ་དོན་གྱི་པཎྜི་ཏ་ཆེན་པོ་ཞིག་ཡོད་པ་ཤེས་ནས་ཁོང་སྐུ་དངོས་སུ་ཇོ་བོ་རྗེ་གདན་འདྲེན་པའི་མཐུན་རྐྱེན་སྒྲུབ་པར་བྱོན་པའི་ལམ་བར་དུ་གར་ལོག་གི་རྒྱལ་པོའི་བཙོན་དུ་ཚུད། བསྟན་འགྲོའི་ཕྱིར་གཅེས་པའི་ལུས་དང་ཕངས་པའི་སྲོག་ཀྱང་བཏང་། དེར་ཁོང་གི་དབོན་པོ་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཁུ་བོ་བླུ་བྱེད་ལ་གསེར་མང་དུ་བཙལ་བ་ཁུ་བོའི་ཞལ་ཆེམས་ལྟར་རྒྱ་བརྩོན་འགྲུས་སེངྒེ་དང་ནག་ཚོ་ལོ་ཙཱ་བ་གཉིས་ལ་བསྐུར་ཏེ་རྒྱ་གར་འཕགས་ཡུལ་དུ་ཇོ་བོ་རྗེ་གདན་འདྲེན་པར་མངགས། དེ་ལྟར་བོད་རབ་བྱུང་དང་པོའི་ཆུ་རྟ་སྟེ་སྤྱི་ལོ༡༠༤༢ལོར་ཇོ་བོ་རྗེ་བོད་མངའ་རིས་ཡུལ་དུ་ཕེབས་ནས་དེར་ལོ་གསུམ་བཞུགས། འབྲོམ་སྟོན་པས་ཐབས་དུ་མས་དབུས་གཙང་དུ་གདན་དྲངས། དེར་ལོ་ངོ་བཅུ་བཞིའི་རིང་ལ་བསྟན་པ་རྨང་ནས་གསོ་བའི་མཛད་འཕྲིན་རྒྱས་པར་སྤེལ། མདོ་སྔགས་ཀྱི་གཞུང་ལུགས་ཐམས་ཅད་བསྡུས་ནས་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་པའི་རིམ་པར་དྲིལ་བ《བྱང་ཆུབ་ལམ་གྱི་སྒྲོན་མ》 ཞེས་བྱ་བ་གཙོར་བྱས་ཏེ་གཞུང་ཉི་ཤུ་ལྷག་ཙམ་ལྗགས་རྩོམ་མཛད་ནས་བོད་དུ་བསྟན་པ་ལ་དག་ཐེར་ལེགས་པོ་གནང་བ་དང་། བསྟན་པ་ཕྱི་དར་གྱི་གྲུབ་མཐའ་ཀུན་གྱི་ཕྱི་མོ་བཀའ་གདམས་པའི་རིང་ལུགས་འཛིན་པའི་གྲུབ་མཐའི་རྨང་བཏིང། དེར་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དང་རྔོག་ལོ་ཙཱ་བ་ལེགས་པའི་ཤེས་རབ། འབྲོམ་སྟོན་པ། འགོས་ལོ་ཙཱ་བ་ཁུགས་པ་ལྷས་བཙས་སོགས་སློབ་མ་མང་དུ་བྱུང་སྟེ་བོད་ཀྱི་བསྟན་པ་དྭངས་སྙིགས་ཕྱེས་ཤིང་སྤྱི་ཚོགས་ཀྱི་རྙོག་དྲ་སེལ། བོད་དུ་ཟབ་མོའི་དོན་ལ་རྨོངས་པ་རྣམས་ལ་བླང་དོར་གྱི་གནས་ལེགས་པར་བསྟན་ནས་ཡང་བསྐྱར་རྒྱལ་བསྟན་རིན་པོ་ཆེ་དེ་ཉིད་ཉིན་མོ་བཞིན་དུ་གསལ་བར་བྱས་ཤིང་། མཐོ་སྒང་གི་ཡུལ་གྲུ་འདིར་གཞི་བརྟན་པོར་ཚུགས་པའི་ལོ་རྒྱུས་ཀྱི་དོན་དངོས་རང་བཞིན་དང་སྦྱར་ནས་གཤམ་དུ་ཁོ་བོས་ཇོ་བོ་རྗེ་དང་བསྟོད་པ་སུམ་ཅུ་པ་ཞེས་པ་དོན་ཅི་འདྲ་ཞིག་ལ་གོ་བ་དང་། བརྩམས་ཆོས་དེའི་བརྗོད་སྙིང་དང་བསམ་བློ། རྩོམ་སྟངས་དང་ཁྱད་ཆོས་སོགས་ག་འདྲ་ཡིན་པ་མདོ་ཙམ་བརྗོད་པར་བྱའོ། །

གཅིག ཇོ་བོ་རྗེ་དང་བསྟོད་པ་སུམ་ཅུ་པ་ངོ་སྤྲོད་པ།

ཇོ་བོ་རྗེ་ནི་རྒྱ་གར་ལྷོ་ཕྱོགས་སུ་ ་ག་ལའི་ཡུལ་དུ་ཡབ་ཟ་ཧོར་རྒྱལ་པོ་དགེ་བ་དཔལ་དང་ཡུམ་དཔའ་མོ་འོད་ཟེར་ཅན་གཉིས་ཀྱི་སྲས་སུ(སྤྱི་ལོ986)སྐུ་འཁྲུངས། དགུང་ལོ་བཅུའི་རིང་ཕྱི་རོལ་མུ་སྟེགས་པ་དང་ནང་པའི་ཆོས་ལུགས་ཀྱི་སྒྲ་ཚད་སོགས་ལ་སློབ་གཉེར་མཛད། དགུང་ལོ་ཉེར་དགུ་པར་རྒྱ་གར་རྡོ་རྗེ་གདན་གྱི་མ་ཧཱ་བོདྷིའི་གཙུག་ལག་ཁང་དུ་རབ་བྱུང་མཛད་དེ། ཕྱི་ནང་ཐུན་མོང་གི་རིག་གནས་དང་ནང་པའི་མདོ་སྔགས་ཀྱི་གཞུང་ལུགས་ལ་སྦྱངས་པ་མཐར་ཕྱིན་མཛད་དེ་མ་ཧཱ་པཎྜི་ཏ་ཆེན་པོའི་མཚན་སྙན་ཐོབ་མཁན་ཞིག་ཡིན་ལ། སྐུ་ཚེ་སྨད་དུ་ལྷ་བླ་མ་ཡེ་ཤེས་འོད་དང་བྱང་ཆུབ་འོད་ཀྱིས་འབད་པ་ཆེན་པོས་གདན་དྲངས་པ་བཞིན་བོད་ལ་ཕེབས་ཤིང་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་བླ་མར་བཀུར། མཐར་རང་ཡུལ་དུའང་མ་ལོག་པར་བོད་སྙེ་ཐང་ས་ཆར( སྤྱི་ལོ1054)གཤེགས།

《ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་པ》ཞེས་པའི་རྩོམ་ཡིག་འདི་ནི་དུས་རབས་བཅུ་གཅིག་པ་བོད་སིལ་བུའི་དུས་སྐབས་སུ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་རང་གི་བླ་མ་བཀའ་དྲིན་ཅན་ཏེ། བསྟན་པ་ཕྱི་དར་གྱི་མེ་རོ་སྟོད་ནས་གསོ་མཁན་གྱི་དེད་དཔོན་ཆེན་མོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཉིད་དྲན་ཞོར་གཙོ་བོ་བླ་མའི་སྐུའི་ཡོན་ཏན་གྱི་ཆེ་བ་མངོན་པར་བརྗོད་པ་དང་ཆབས་ཅིག སྐུ་ཚེ་སྨད་དུ་བླ་མ་ཁོང་གི་མཛད་པ་འཕྲིན་ལས་བོད་ནས་བསྐྱངས་པའི་ཆ་ལ་བརྩམས་གནང་མཛད་པའི་བསྟོད་པ་རང་བཞིན་ཅན་གྱི་སྙན་རྩོམ་ཞིག་ཡིན་ཞིང་། བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐད་ནས་བལྟས་ན་བསྟོད་པ་འདི་ནི་བླ་མའམ་བཤེས་གཉེན་ལ་བསྟོད་པའི་རྩོམ་ཡིག་ཐོག་མའང་ཡིན་ངེས་ལ། རྩོམ་པ་པོས་རྭ་སྒྲེང་དགོན་པ་བཏབ་སྟེ་ཇོ་བོའི་སྐུ་གདུང་དངུལ་གྱི་མཆོད་རྟེན་བཞེངས་སྐབས་ཏེ། བོད་ཀྱི་ལོ་རྒྱུས་སུ་དར་མ་འུ་དུམ་བཙན་གྱིས་སངས་རྒྱས་ཀྱི་བསྟན་པ་བསྣུབས་རྗེས། བླ་ཆེན་པོ་དགོངས་པ་རབ་གསལ་སོགས་ཀྱིས་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོས་གསུངས་པ་བཞིན་བོད་སིལ་བུར་ཐོར་བའི་དུས་སྐབས་དེར་བརྩམས་པ་ཡིན། སུམ་ཅུ་པ་ཞེས་པ་ནི་བརྩམས་ཆོས་འདི་ལ་ཚེགས་བར་དགུ་མ་ཅན་གྱི་ཤོ་ལོ་ཀ་སུམ་ཅུ་ཐམ་པ་ཡོད་པས་ཆ་ནས་གྲངས་ཚད་ཀྱི་སྒོ་ནས་བཏགས་ལ། སྙན་ངག་མེ་ལོང་མ་བོད་དུ་མ་དར་གོང་གི་བོད་ཀྱི་སྙན་ངག་གི་མཚོན་བྱེད་ལྟ་བུའང་ཡིན་ནོ། །

གཉིས། 《ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་པའི》བརྗོད་བྱའི་སྙིང་པོ།

འདིའི་བརྗོད་སྙིང་ནི་དང་པོ་བདག་ཉིད་ཆེན་པོ་དེ་ཉིད་ཡུལ་གང་ནས་ཚུལ་ཇི་ལྟར་ཕུན་སུམ་ཚོགས་པའི་སྐྱེ་བ་བཞེས་ཚུལ་དང་། བར་དུ་ནར་སོན་པའི་གོ་རིམ་གྱི་ཁྲོད་དུ་ཁྱིམ་ན་བཞུགས་པའི་ཆེ་བ། དེ་ནས་བླ་མ་ཚུལ་བཞིན་དུ་བསྟེན་ནས་ལུང་གི་ཡོན་ཏན་བརྙེས་པས་མཁྱེན་པ་རྒྱས་ཚུལ། མཐར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། བསླབ་ཁྲིམས་རྣམ་པར་དག་པར་བསྲུངས་པ་དང་། བྱང་ཆུབ་སེམས་ཀྱི་གདམས་པ་བརྙེས་ནས་བསྟན་འགྲོའི་དོན་མཛད་པ། ལྷ་དང་བླ་མའི་ལུང་བསྟན་བཞིན་དུ་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། སྒོས་བོད་ཀྱི་འགྲོ་བ་རྣམས་རྗེས་སུ་འཛིན་ཆེད་སྐུ་ཚེ་སྨད་དུ་ཕྱི་རྐྱེན་གསུམ་སྟེ། དུས་སྐབས་དེར་བོད་དུ་མི་རྣམས་ཟབ་མོའི་དོན་ལ་མགོ་རྨོངས་ཏེ་སྟོང་ཉིད་ཟེར་ནས་ཐབས་ཀྱི་ཆ་རྣམས་འགོག་པ་དང་སྦྱོར་སྒྲོལ་གྱི་ཆོས་ལོག་དར་བ་དང་གཅིག ཁོང་རང་གདན་འདྲེན་ཞུ་པ་པོ་ཡང་ལྷ་བླ་མ་ཡེ་ཤེས་འོད་དང་བྱང་ཆུབ་འོད་སོགས་བྱང་ཆུབ་སེམས་དཔའ་ཤ་སྟག་ཡིན་པས་དེ་དག་གི་དགོངས་པ་རྫོགས་པའི་ཕྱིར་དང་གཉིས། ཁོང་རང་ཚེ་རབས་སྔོན་མ་ནས་ཁ་བ་ཅན་གྱི་ལྗོངས་སུ་ཕེབས་ནས་ཐུགས་རྗེ་ཆེན་པོའི་རྣམ་སྤྲུལ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ལ་བརྟེན་ནས་བཀའ་གདམས་ཆོས་རྒྱུད་སྤེལ་ཏེ་འགྲོ་བ་སེམས་ཅན་རྣམས་ཐར་པའི་ལམ་དུ་འགོད་ན་སྙམ་པའི་སྨོན་ལམ་ཡོད་པ་དང་གསུམ། ནང་རྐྱེན་གསུམ་ནི་སྐབས་དེར་བོད་དུ་སངས་རྒྱས་ཀྱི་བསྟན་པ་ཉག་ཕྲ་བས་ཇོ་བོ་རྗེ་ཁོང་གི་ཐུགས་རྒྱུད་དུ་སངས་རྒྱས་ཀྱི་བསྟན་པ་གོང་ནས་གོང་དུ་སྤེལ་ཐུབ་ན་སྙམ་པའི་བསམ་བློ་ཡོད་པ་དང་གཅིག ཁོང་བསྐལ་པ་གྲངས་མེད་དུ་ཚོགས་བསགས་སྒྲིབ་སྦྱངས་བྱས་པའི་མུར་ནམ་ཡང་ཐུགས་ལ་གཞན་དོན་ཆེད་དུ་རང་ལུས་འབུལ་ཡང་འཇིགས་པ་མེད་པ་དང་གཉིས། རང་གི་ཡི་དམ་གྱི་ལྷ་དང་རྗེ་བཙུན་སྒྲོལ་མས་བོད་དུ་ཕེབས་ན་འཕྲིན་ལས་རྒྱ་ཆེར་འབྱུང་བའི་ལུང་བསྟན་ཐོབ་པ་དང་གསུམ་སྟེ་ཁྱོན་སྡོམ་ཕྱི་ནང་གི་རྐྱེན་དྲུག་སྨིན་ཏེ་བོད་དུ་བྱོན་ནས་བསྟན་པ་ལ་དག་ཐེར་མཛད་པ་དང་དེ་ཉིད་རྒྱས་པར་བྱས་པ་དང། གདུལ་བྱ་རྣམས་དུས་ལས་མི་ཡོལ་བར་ལེགས་པར་བཀྲི་བ། རང་དོན་མཐར་ཕྱིན་དུ་ཚོགས་གཉིས་བསགས་པ། གཞན་དོན་མཐར་ཕྱིན་དུ་བསྡུ་བའི་དངོས་པོ་བཞི་ལ་བསླབས་པ། འཕྲིན་ལས་རྒྱས་བྱེད་ཀྱི་བདག་རྐྱེན་མིག་གི་མངོན་ཤེས་ལ་སོགས་པའི་ཡོན་ཏན་དགུ་ལ་མངའ་བརྙེས་པ་བཅས་འགྲོ་དོན་མཛད་པའི་སྤྱོད་བཟང་རྨད་དུ་བྱུང་བ་རང་བཞིན་དྲང་པོར་བརྗོད་པའི་སྒོ་ནས་བསྟོད་བསྔགས་བྱས་ཡོད་པ་ནི་རྩོམ་ཡིག་འདིའི་ནང་དོན་གཙོ་བོའམ་བརྗོད་སྙིང་ཡིན་ནོ། །

གསུམ། 《ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་པའི》བསམ་བློའི་རང་བཞིན།

ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་པ་འདི་རྩོམ་མཁན་དང་བརྩམས་ཆོས་གཉིས་ཀྱི་བསམ་བློའི་ཆ་ནས་གླེང་ན། ལར་བསྟན་བཅོས་ལ་འཇུག་པའི་སྒོ་གསུམ་སྟེ“ཤིས་བརྗོད་ཕྱག་བྱ་དངོས་པོ་ནི། ། ངེས་པར་བསྟན་པ་དེ་ཡི་སྒོ། །”ཞེས་པ་ལྟར་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཁོང་གིས་གདུལ་བྱ་ཡོངས་ཀྱིས་ཇོ་བོ་རྗེ་ལ་བཅངས་པའི་མོས་གུས་དྲག་པོ་དང་སྦྱར་ཏེ། མཛད་སྤྱོད་སྨད་དུ་བྱུང་བ་ལ་བསྔགས་པ་དང་བཀའ་དྲིན་གསུམ་ལྡན་གྱི་རང་གི་བླ་མའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་སོགས་རྗེས་སུ་དྲན་པའི་སྒོ་ནས་བསྟོད་པ་བྱས་ཡོད། ལྷག་དོན་འདོད་པའི་ཡོན་ཏན་དང་སྲིད་འབྱོར་ཐམས་ཅད་སྤངས་ནས་བོད་དུ་སངས་རྒྱས་བསྟན་པ་དག་ཐེར་དང་གཞན་དོན་ཁུར་དུ་ལེན་པ་ལ་འཇིགས་པ་མེད་པའི་གོ་ཆ་དང་སྙིང་སྟོབས་ཀྱིས་འགྲོ་དོན་རྒྱ་ཆེར་མཛད་པའི་ཚུལ་བརྗོད་པ་ནི།“གསེར་གླིང་རྒྱལ་པོ་ས་སྐྱོང་བླ་མ་ལས། ། བྱང་ཆུབ་སེམས་ཀྱི་བདུད་རྩིའི་སྨན་བླངས་ནས། ། འགྲོ་བ་ཀུན་ལ་ཕན་པར་མཛད་པ་ཡི། ། དཔལ་ལྡན་ཨ་ཏི་ཤ་ལ་གསོལ་བ་འདེབས། །”ཞེས་དང་། ཁྱད་པར་དུ་ནང་ཆོས་ཁྱབ་སྤེལ་དུ་བཏང་ནས་འགྲོ་བ་སེམས་ཅན་ཐམས་ཅད་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས་ཚུལ་དང་། འཇིག་རྟེན་འཁོར་བ་འདི་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་ཡིན་པས་དེ་སྐྱོབ་མཁན་ཡང་སྐབས་དེར་ཨ་ཏི་ཤ་ཁོང་ཉིད་ཡིན་ཚུལ་ལ་བསྔགས་པའི་ཚུལ་ནི།“སེམས་ཅན་ཕོངས་ཤིང་ཤིན་ཏུ་སྡུག་བསྔལ་བ། །རབ་ཏུ་མང་ལ་སྙིང་ནས་བརྩེ་བ་ཡིས། ། འཇིག་རྟེན་ལྷ་དང་ལྷ་མིན་བཅས་པ་ཡི། ། སྐྱོབ་པ་ཡབ་གཅིག་པུ་ལ་གསོལ་བ་འདེབས། །”ཞེས་པ་ལྟ་བུའོ། ། ད་དུང་རྩོམ་པ་པོས་རང་གི་བླ་མའི་བཀའ་དྲིན་རྗེས་སུ་དྲན་ཞིང་ལྷག་བསམ་ཟོལ་མེད་ཀྱི་ཡིད་ཀྱི་ཉམས་སྣང་དང་བསམ་བློ་མཚོན་པར་བྱས་ཡོད་པ་དཔེར་ན།“མཁས་མཆོག་ཁྱོད་འདྲ་བོད་དུ་མ་བྱོན་ན། ། སངས་རྒྱས་བསྟན་པ་ཡོད་པར་གྱུར་ཀྱང་ནི། ། ཕལ་ཆེར་ཟབ་མོའི་དོན་ལ་རྨོངས་གྱུར་པས། ། ལེགས་པར་སྟོན་མཛད་ཁྱོད་ལ་གསོལ་བ་འདེབས། །”ཞེས་པ་ལྟ་བུའི་མཚོན་ལ། གཞན་ཡང་སྐུ་གསུང་ཐུགས་གསུམ་དང་ཕྱིན་དྲུག་བསྡུ་བཞི། འཕགས་པའི་ནོར་བདུན་དང་འཕྲིན་ལས་རྣམ་བཞི་སོགས་ཀྱི་སྒོ་ནས་བསྟད་ཡོད་པར་མ་ཟད། མཐར་རང་གི་བླ་མའི་རྟོགས་པ་ལྷ་རུ་འཕགས་ཚུལ་སོགས་གོ་རིམ་བཞིན་བརྩམས་ནས་སྒྲིག་གཞི་ཚགས་དམ་པོར་བརྗོད་པ་མཚོན་ཙམ་སྨོས་ན།“སྔོན་ཚེ་སྨོན་ལམ་བཏབ་པའི་སློབ་མ་མཆོག ། རྒྱལ་བའི་འབྱུང་གནས་རིང་ནས་འོང་བའི་ཚེ། ། ཨུ་བ་སི་ཀ་དེ་རིང་སླེབ་བོ་ཞེས། ། ལྷ་མིག་མངོན་ཤེས་མངའ་ལ་གསོལ་བ་འདེབས། །”ཞེས་དང།“སྙེ་ཐང་འོར་དུ་བྱེ་མའི་སྟེང་བཞུགས་ཚེ། ། བརྒྱ་བྱིན་ལ་སོགས་བར་སྣང་ལྷ་རྣམས་ཀྱིས། ། རིན་ཆེན་སྣ་ལྔའི་མེ་ཏོག་ཆར་བ་ཕབ། ། བླ་མ་ལྷ་ཡི་ལྷ་ལ་གསོལ་བ་འདེབས། །”ཞེས་པ་ལྟ་བུའོ། ། དེ་ལས་ཀྱང་ཐར་པར་བྱེད་པ་ལ་དགེ་སྦྱོང་ཚོགས་བསགས་ཀྱི་འབྲས་བུས་ཕྱི་མའི་ཁམས་སུ་བདེ་ལེགས་ཕུན་ཚོགས་འབྱུང་བའི་སྒོ་གཞི་བག་ཆགས་དང་བཅས་པ་བོད་འབངས་རྣམས་ཀྱི་བསམ་བློའི་སྦུབས་སུ་འཇོག་རྒྱུ་ནི་བསྟོད་པ་འདིའི་མཐར་ཐུག་གི་བསམ་བློ་གཙོ་བོ་ཡིན་ལ། ཞོར་དུ་དགེ་རྒན་དང་སློབ་དཔོན་གྱི་སྤྱི་ཚོགས་ཀྱི་གོ་གནས་དང་གལ་ཆེན་རང་བཞིན་ངོས་ཟིན་པ་དང་དེ་ལ་བརྩི་བཀུར་བླ་མེད་བྱེད་དགོས་པ་སོགས་ཡ་རབས་སྤྱོད་བཟང་གི་གཤིས་ཀ་དང་བསམ་བློའང་མངོན་པར་མཚོན་ཡོད།

བཞི། 《ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་པའི》རྩོམ་སྟངས་ཀྱི་ཁྱད་ཆོས།

ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་པའི་རྩོམ་སྟངས་ཀྱི་ཁྱད་ཆོས་མདོ་ཙམ་གླེང་ན། བརྗོད་བྱའི་གོ་རིམ་གསལ་ཞིང་རང་བཞིན་བརྗོད་པའི་རྒྱན་གྱིས་སྤྲོས་པ་གཙོ་ཆེ་ལ། རབ་བཏགས་སོགས་འཁྱོག་བརྗོད་ཀྱི་རྒྱན་བཀོལ་བ་ཉུང་ཞིང་གོ་སླ་བའི་ལུགས་ཀྱི་བརྗོད་པ་བཅས་དངོས་ཡོད་རིང་ལུགས་ཀྱི་སྒྱུ་རྩལ་མཚོན་ཐབས་སྤྱད་ཡོད་པར་མ་ཟད། གཞན་བསྟོད་པ་འདིར“གསེར་གླིང་རྒྱལ་པོ་ས་སྐྱོང་བླ་མ་ལས། ། བྱང་ཆུབ་སེམས་ཀྱི་བདུད་རྩི་སྨན་བླངས་ནས། ། འགྲོ་བ་ཀུན་ལ་ཕན་པར་མཛད་པ་ཡི། །དཔལ་ལྡན་ཨ་ཏི་ཤ་ལ་གསོལ་བ་འདེབས། །”ཞེས་པའི་ཚིག་རྐང་གཉིས་པ་དང་།“ལྟ་ངན་ལ་ཞེན་ལོག་པའི་ལམ་ལ་ཞུགས། ། བདུད་དང་མུ་སྟེགས་དབང་ཕྱུག་གྲུབ་མཐའ་ངན། ། རིགས་པས་ཚར་བཅད་ཐར་བའི་ལམ་ལ་བཀོད། ། ཐར་འདོད་དེད་དཔོན་ཁྱོད་ལ་གསོལ་བ་འདེབས། །”ཞེས་པའི་ཚིག་རྐང་བཞི་པ་དང་།“སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་ཕ་རོལ་ཕྱིན་པ་དྲུག ། སྐྱེ་བ་དུ་མར་ཡང་ཡང་གོམས་པ་ཡིས། ། ཚོགས་གཉིས་ཡོངས་སུ་རྫོགས་ལ་གསོལ་བ་འདེབས། །”ཞེས་པའི་ཚིག་རྐང་གཉིས་པ་དང་།“མཁོ་བ་སྦྱིན་དང་སྙན་པར་སྨྲ་བ་དང་། །
འཇིག་རྟེན་དོན་མཐུན་གདུལ་བྱའི་དོན་ལ་སྤྱོད། ། བསྡུ་བའི་དངོས་པོ་བཞི་ཡི་དཔལ་འབྱོར་གྱིས། ། གཞན་དོན་ལྷུར་མཛད་ཁྱོད་ལ་གསོལ་བ་འདེབས། །”ཞེས་པའི་ཚིག་རྐང་གསུམ་པ་དང་།“དད་དང་ཚུལ་ཁྲིམས་ཐོས་དང་གཏོང་བ་དང་། ། ངོ་ཚ་ཤེས་དང་ཁྲེལ་ཡོད་ཤེས་རབ་སྟེ། ། ནོར་བདུན་དག་གིས་ཕྱུག་པར་གྱུར་པའི་མཛོད། ། ཡོན་ཏན་འབྱུང་གནས་ཁྱོད་ལ་གསོལ་བ་འདེབས། །”ཞེས་པའི་ཚིག་རྐང་གསུམ་པ་ལྟ་བུ་དང། ད་དུང“སྙིགས་དུས་སྐྱེ་བོ་དམུས་ལོང་ལྟ་བུ་རྣམས། །དམ་མིན་དགེ་བའི་བཤེས་འདྲས་རྗེས་བཟུང་སྟེ། ། འཁོར་བའི་གཅོང་རོང་གནས་ནས་འདྲེན་མེད་རྣམས། །ཐུགས་རྗེའི་ལྕགས་ཀྱུས་མྱུར་དུ་དྲང་དུ་གསོལ། ། ” ཞེས“འཁོར་བའི་གཅོང་རོང་དང་ཐུགས་རྗེའི་ལྕགས་ཀྱུ”སོགས་མང་དུ་བྱུང་བར་གཞིགས་ན་བོད་ལ་དཔེ་རྒྱན་དང་གཟུགས་རྒྱན་གྱི་རྒྱན་བཀོལ་ཚུལ་ཕུན་སུམ་ཚོགས་པ་ཡོད་པ་རྟོགས་ནུས་ལ། ཁྱད་པར་དུ་མོས་གུས་དྲག་པོས་སྦྱར་བས་ཡིད་ཀྱི་དང་བ་འདྲེན་པ་སོགས་རྩོམ་རྩལ་ལ་ཁྱད་ཆོས་གཞན་དང་མི་འདྲ་བའི་བྲོ་བ་ཞིག་ལྡན་ནོ། །

གཞན་རྩོམ་ཡིག་འདི་ནི་བསྟན་པ་ཕྱི་དར་དང་བོད་སིལ་བུའི་དུས་སྐབས་སུ་བྱུང་བའི་རྩོམ་རིག་བརྩམས་ཆོས་གྲགས་ཅན་ཞིག་ཡིན་ལ། བསྟོད་པ་འདི་གནའ་རབས་སྙན་རྩོམ་དང་མི་འདྲ་བར་ཤོ་ལོ་ཀའི་གྲངས་ལ་ངེས་པ་ཅན་ཏེ། ཚིག་རྐང་ཕན་ཚུན་བར་ཚེག་ཁྱིམ་གྱི་གྲངས་ཀ་རྦད་དེ་མཉམ་པ་ཞིག་ཡིན་ལ། དེ་ལ་རྒྱ་གར་རྩོམ་རིག་གི་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པ་སྨོས་མ་དགོས་པ་དང་། རང་བཞིན་བརྗོད་པ་གཙོར་བཟུང་ཐོག་གཟུགས་རྒྱན་ལ་སོགས་ཀྱང་འོས་འཚམ་གྱིས་སྤྱད་ནས་བརྗོད་འདོད་ཀྱི་དོན་རྣམས་ཇི་བཞིན་མཚོན་པར་བྱས་ཏེ། 《སྙན་ངག་མེ་ལོང》 མ་དར་སྔོན་གྱི་བོད་ཀྱི་སྙན་ངག་གི་མཚོན་བྱེད་ལྟ་བུ་ཡིན་ནོ། །

ཁྱད་པར་དུ་རྩོམ་ཡིག་འདིའི་ནང་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་རང་གི་བླ་མའི་ཡོན་ཏན་ རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བསྡུ་བའི་དངོས་པོ་བཞི། འཕགས་པའི་ནོར་བདུན་ལ་སོགས་པར་སྦྱར་བ་ནི་ཇོ་བོ་རྗེའི་ཐུན་མོང་མ་ཡིན་པའི་ཐུགས་རྒྱུད་ཀྱི་ཡོན་ཏན་ཏེ། ཅི་མཁོ་སྦྱིན་ལ་ཚུལ་ཁྲིམས་གཙང་བ། བཟོད་བསྲན་ཆེ་ཞིང་བརྩོན་འགྲུས་ཆེ་བ། བསམ་པ་བརྟན་ཅིང་ཤེས་རབ་ལྡན་པ། སྙན་པར་སྨྲ་ཞིང་ཐབས་ལ་མཁས་པ། དད་པ་བརྟན་ལ་གཏོང་ཕོད་ཆེ་བ། ངོ་ཚ་ཤེས་ལ་ཁྲེལ་ཡོད་པ་སོགས་ངག་དྲང་བོར་བརྗོད་པའི་སྒོ་ནས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་རང་གི་བླ་མ་ཇོ་བོ་རྗེའི་ཕྱི་ནང་གསང་གསུམ་གྱི་ཡོན་ཏན་མཚོན་ཙམ་སྨྲས་པ་དོན་གྱི་གོ་རིམ་གསལ་ཞིང་རྣམ་ཐར་གྱི་འགངས་འདུ་བ། འཁྱོག་བརྗོད་ཀྱིས་མ་བསླད་པར་རང་བཞིན་དྲང་བོར་བརྗོད་པ་སོགས་སྒྱུ་རྩལ་གྱི་རིན་ཐང་དང་ལྡན་པར་མ་ཟད། དུས་ཕྱིས་སློབ་མས་སློབ་དཔོན་ལ་ཕུལ་བའི་སྙན་ངག་གི་བསྟོད་ཚུལ་ཁྱབ་གདལ་བ་དག་ཀྱང་དང་པོ་སྲོལ་ཀ་ཧ་ལམ་འདི་ནས་ཕྱེ་འདུག་པས་བསྟོད་པ་ འདིས་བོད་ཀྱི་ལོ་རྒྱུས་སྙན་ངག་ཁྲོད་དགེ་བའི་བཤེས་གཉེན་ལ་བསྟོད་པའི་ཐད་ནས་གོ་གནས་གལ་ཆེན་དང་ སྒྱུ་རྩལ་གྱི་རིན་ཐང་མི་དམན་པ་ཞིག་བཟུང་ཡོད་པར་མ་ཟད། སྙན་ངག་མེ་ལོང་མ་དེ་ཉིད་དར་རྗེས་སུ་ཇོ་བསྟོད་སུམ་ཅུའི་རྩོམ་ཡིག་འདི་བོད་ཀྱི་སྙན་རྩོམ་གསར་བའི་རྣམ་པ་དང་ཡང་ཡོངས་སུ་མཐུན།

བཤད་ཚུལ་དུ་ཕྱི་ལ་དཔེ་བལྟས། ནང་གི་བཅུད་བཟུང་བའི་རང་ལུགས་ཀྱི་སྙན་རྩོམ་གསར་བའི་རྩོམ་ཐབས་དེ་རང་ཚུགས་ཐུབ་པའི་སྒོ་ནས་མངོན་པར་མཚོན་ཡོད་དེ། ཇོ་བསྟོད་སུམ་ཅུ་འདི་ལ་མཇལ་ན་ཚིག་སྦྱོར་བདེ་ཞིང་ཁ་གསལ་ལ་སྒྲ་རྣ་བར་སྙན་ཞིང་ཚིག་བབ་ཆགས་པ། དོན་རྣམས་གཅིག་སྡུད་ཆེ་བའི་རང་བཞིན་མངའ་བ་བཅས་ནི་བོད་ཀྱི་མཁས་པ་སྔ་མ་དག་གི་གཤིས་སུ་གྲུབ་པའི་རྩོམ་སྲོལ་བཟང་པོ་ངང་གིས་རྒྱུན་འཛིན་བྱས་པ་ཡིན་ལ། གཅིག་བྱས་ན་ཚིག་སྦྱོར་ལེགས་པའི་ཁྱད་ཆོས་དེ་དག་ནི་བཀའ་གདམས་བསྟན་པའི་ཕ་བུ་རྣམས་ཀྱི་ཐུན་མོང་གི་ཁྱད་ཆོས་ཤིག་ཀྱང་ཡིན་ནོ། །

ལྔ། 《ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་པ》བརྩམས་པ་ནས་བསྟོད་རྩོམ་ཕྱི་མ་དག་གི་བརྗོད་བྱའི་སྐོར་ལ་ཐེབས་པའི་ཤུགས་རྐྱེན།

དེ་ཡང《ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་པ》ཡི་མགོར། ཨོཾ་བདེ་ལེགས་སུ་གྱུར་ཅིག།། ཅེས་ཤིས་བརྗོད་ཀྱི་ཚིག་སྟེ། གནས་སྐབས་བདེ་ཞིང་མཐར་ཐུག་ལེགས་པར་དགེ་བསྔོ་བཞིན། མགོ་བརྗོད་ཀྱི་ཚིག་གཅིག་དམིགས་སུ་བཏོན་ནས་གླེང་བསླངས་ཡོད་པ་ལ་ཕྱིས་བྱུང་བསྟོད་རྩོམ་མང་པོ་ཡང་དཔེ་དེའི་རྗེས་སུ་འབྲངས་ཡོད་པའི་ཚུལ་ནི། ས་ཆེན་ཀུན་དགའ་སྙིང་པོའི《ཞང་སྟོན་ལ་བསྟོད་པ》ལས། བླ་མ་དམ་པ་རྣམས་ལ་མགོས་ཕྱག་འཚལ། ། ཞེས་མཆོད་བརྗོད་ཀྱི་ཚིག་བརྗོད་པའི་སྒོ་ནས་རྩོམ་གྱི་དབུ་བསླངས་པ་དང་། ས་པཎ་གྱི《རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་བསྟོད་པ》ཡི་མགོ་ལ་ཡང་། བླ་མ་དང་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། ། ཞེས་པའི་མཆོད་བརྗོད་དང་། ཞང་ཞུང་ཆོས་དབང་གྲགས་པས《བཅོམ་ལྡན་འདས་རྗེ་བཙུན་བཞད་པའི་རྡོ་རྗེ་ལ་བསྟོད་པའི་ཚིགས་བཅད》ལས། བཅོམ་ལྡན་གསུང་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། ། ཞེས་པ་སོགས་ཕྱིས་འབྱུང་དུས་རབས་རིམ་བྱུང་གི་བསྟོད་རྩོམ་དང་བརྩམས་ཆོས་གཞན་རྣམས་ལ་ཡང་མཆོད་བརྗོད་དམ་ཤིས་བརྗོད་ཀྱི་གླེང་བསླངས《ཇོ་བསྟོད་སུམ་ཅུ་པ》ནས་བཀོད་ཡོད་པ་རེད། སྤྱིར་མཆོད་བརྗོད་འདྲེན་པའི་ལུགས་ནི་རྒྱ་གར་རྩོམ་རིག་གི་རྩོམ་སྟངས་ཤིག་ཡིན་ལ། བོད་ཀྱི་རྩོམ་རིག་ལ་སྔར་འབྲི་སྲོལ་མེད་པ་འབྲོམ་སྟོན་པ་ནས་དབུ་བསླངས་པར་འདོད།

དེ་བཞིན《ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་པ》ལས། “ཕུན་སུམ་ཚོགས་པ་བྷཾ་ག་ལ་ཡི་ཡུལ། ། ཆོ་རིགས་བཙུན་པ་ཟ་ཧོར་རྒྱལ་པོའི་རིགས། ། བྱང་ཆུབ་སེམས་དཔའ་ཞི་འཚོ་འཁྲུངས་པའི་རྒྱུད། ། མར་མེ་མཛད་པའི་ཞབས་ལ་གསོལ་བ་འདེབས། །”ཞེས་འཁྲུངས་ཡུལ་དང་རིགས་རུས་ཀྱི་ཆེ་བ་བརྗོད་པ་ནི་རྗེ་རིན་པོ་ཆེའི་བསྟོད་རྩོམ་ཁ་ཤས་ལས་ཀྱང་དེ་བཞིན་མཛད་ཡོད། ཡང“ཡབ་དང་ཡུམ་ལ་སྲི་ཞུ་མཁས་ཤིང་གུས། །གཟུགས་མཛེས་ཡིད་འོང་ཤེས་རབ་སྙིང་བརྩེར་ལྡན། །དུལ་ཞིང་རྒྱུད་འཇམ་ཐབས་མཁས་སྙིང་སྟོབས་ཆེ། ། མར་མེ་མཛད་པའི་ཞབས་ལ་གསོལ་བ་འདེབས། །” ཞེས་དང་།“འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ཐམས་ཅད་དང་། ། བཟོ་དང་གསོ་བ་སྒྱུ་རྩལ་སྣ་ཚོགས་དང་། ། རིག་བྱེད་ཀུན་ལ་མཁས་ཤིང་མཁྱེན་པ་རྒྱས། ། མར་མེ་མཛད་པའི་ཞབས་ལ་གསོལ་བ་འདེབས། །”ཞེས་ཇོ་བོ་རྗེའི་རྒྱུད་ཀྱི་སྙིང་རྗེ་དང་ཤེས་རབ་ཀྱི་རྟོག་པ། བཟོ་གསོ་རིག་པ་སོགས་ཀྱི་ཐུན་མོང་གི་ཡོན་ཏན་ལ་བསྔགས་ཡོད་པ་དང་། ས་པཎ་གྱི《རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་བསྟོད་པ》ལས།“ཡི་གེས་འདུལ་ལ་ཡི་གེ་དང་། ། རྩིས་པ་རྣམས་ལ་རྩིས་དང་ནི། ། འཚོ་བྱེད་རྣམས་ལ་འཚོ་བྱེད་གཞུང་། ། ཆོས་འདོད་རྣམས་ལ་ཆོས་ཀྱང་སྟོན། ། གང་གིས་ཕན་དགོངས་ཐུགས་རྗེ་ཡིས། ། ཉེ་བར་ཕན་ལ་དེ་སྟོན་པ། ། སྟོན་མཆོག་ཁྱོད་འདྲ་མ་མཐོང་སྟེ། །ཀུན་མཁྱེན་ཁྱོད་ལ་ཕྱག་འཚལ་ལོ། །”ཞེས་ཐུགས་རྒྱུད་དུ་སྙིང་རྗེ་ལྡན་ཞིང་ཐུན་མོང་གི་རིག་གནས་ལ་མངའ་བརྙེས་པ་སྟོན་པ་ནི་གོང་དང་ཤིན་ཏུ་མཚུངས་ལ། གཞན་ཡང་འབྲོམ་སྟོན་པའི《ཇོ་བསྟོད》ལས།“འདུལ་བའི་སྡེ་སྣོད་སྡེ་བཞི་ལེགས་གསུངས་པའི། ། བདེ་བར་གཤེགས་པའི་བསླབ་པ་བཅས་པ་ལ། ། ཉེས་པའི་སྐྱོན་གྱིས་མ་གོས་རྣམ་པར་དག ། དཔལ་ལྡན་ཨ་ཏི་ཤ་ལ་གསོལ་བ་འདེབས། །”ཞེས་ཐུན་མིན་གྱི་ཡོན་ཏན་ལ་མཁས་ཤིང་དཔྱིས་ཕྱིན་པ་སྟོན་པ་དང་། འགྲོ་མགོན་འཕགས་པའི《བསྟོད་དབྱངས་རྒྱ་མཚོ་སྙན་དངགས་རིན་པོ་ཆེའི་རྒྱན་རྣམ་པར་བཀྲ་བ》ལས་ཀྱང་།“ཡོན་ཏན་ཕ་རོལ་ཕྱིན་པ་བཞི། ། བརྙེས་པ་ཁྱོད་ཀྱིས་དམ་པའི་དོན། ། འགྲོ་འོང་མེད་པར་ཐུགས་ཆུད་སླད། ། མི་གཡོ་བར་ཡང་བཞུགས་པ་ལགས། །”ཞེས་ཐུན་མིན་གྱི་ཡོན་ཏན་བླ་ན་མེད་པ་མཚོན་པ་སོགས་བསྟོད་རྩོམ་གཞན་ལས་ཀྱང་མང་པོ་ཡོད་དོ། །

མདོར་ན། 《ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་པ》ནི་རྩོམ་ལུས་ཚིགས་བཅད་ཀྱི་ལམ་དུ་དྲངས་ཡོད་པ་དང། ཚིག་རྐང་རེ་རེ་སྔ་ཕྱི་སྡེབ་མ་འཁྲུག་པར་དོ་མཉམ་པ་དང་། ཚིག་རྐང་རེར་ཚེག་བར་དགུ་ཡིས་གྲུབ་ཡོད་པར་མ་ཟད། བོད་ཀྱི་བསྟོད་རྩོམ་སྤྱིའི་ཐོད་བརྒལ་བརྩམས་ཆོས་ལྟ་བུར་གྱུར་ཡོད་པ་དང་། རྗོད་བྱེད་ཀྱི་ཚིག་སྦྱོར་གསལ་ཞིང་བདེ་ལ་བརྗོད་བྱའི་དོན་ཡང་མཆོད་པར་བརྗོད་པ་ནས་ཡུལ་དང་རིགས་རུས་ཆོ་འབྲང་དང། རིག་པའི་གནས་ལ་ཟབ་མོ་བློ་ཡིས་འཇུག་ཚུལ་ནས་འགྲོ་དོན་རྒྱ་ཆེར་མཛད་ཚུལ། རྟོགས་པ་ལྷ་རུ་འཕགས་ཚུལ་སོགས་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་ཕར་ཕྱིན་དྲུག་དང་བསྡུ་བའི་དངོས་པོ་བཞི། འཕགས་པའི་ནོར་བདུན་དང་འཕྲིན་ལས་རྣམ་བཞི་སོགས་ཀྱི་སྒོ་ནས་བསྟོད་པ་མཛད་ཡོད། དེ་དག་ལས་ཀྱང་ཚིག་སྦྱོར་སྤེལ་སྟངས་ཐད་ཤིན་ཏུ་ཀློག་བདེ་བ་དང་གཅོད་མཚམས་གསལ་བ། ཚེག་བར་གྱི་ཆ་མཉམ་པ་དང་ཚིག་རྐང་རིང་ཐུང་མེད་པ། ཤོ་ལོ་ཀའི་གྲངས་ཀྱི་ངེས་པ་ལྡན་པ། དཔེ་རྒྱན་དང་གཟུགས་རྒྱན་གྱི་རམ་འདེགས་ཡོད་པ། བརྡ་རྙིང་གིས་བཅིངས་མེད་པ་སོགས་ཁྱད་ཆོས་མང་པོ་ལྡན་པ་དང་། ཕྱིས་བྱུང་བསྟོད་རྩོམ་ལ་ཤུགས་རྐྱེན་མི་དམན་པ་ཐེབས་ཡོད་པས་བླ་མ་དང་དགེ་བའི་བཤེས་གཉེན་སོགས་ལ་བསྟོད་པའི་སྒྲོམ་གཞི་ལྟ་བུར་གྱུར་ཡོད་དོ། །


དཔྱད་གཞིའི་ཡིག་ཆ།

[1]རིན་ཆེན་རྡོ་རྗེ། བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་ཡིག་གཅེས་བསྡུས།[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2001:1

[2]ལྷ་རྒྱལ་ཚེ་རིང་། བོད་ཀྱི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས་རིག་འཛིན་བྱེ་བའི་རོལ་མཚོ།[M]མི་རིགས་དཔེ་སྐྲུན་ཁང་། 2006:8

[3]ལྷག་པ་ཆོས་འཕེལ། བོད་ཀྱི་རྩོམ་རིག་ལོ་རྒྱུས།[M]མི་རིགས་དཔེ་སྐྲུན་ཁང་། 2006:10

[4]སློབ་ཆེན་འགྲིམ་སྐབས་དགེ་བའི་བཤེས་གཉེན་ཨ་ཁུ་བདེ་མཆོག་ཚང་གིས་སློབ་ཁྲིད་གནང་སྐབས་ཀྱི་རང་གིས་བཏབ་པའི་ཟིན་བྲིས།

[注;本文系国家社科基金项目《藏族历代重要文学文献资料整理与研究》(项目编号13BZW168)阶段性研究成果。]


①མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་ན་ཕྱག་ལས་གནང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1