རྣམ་དབྱེ་དང་པོ་དང་དྲུག་པ་གཉིས་ཀྱང་བྱེད་པ་ཅན་དུ་འདོད་དགོས་པར་སྒྲུབ་བྱེད་འགའ་འགོད་པ།

ཚེ་དཔལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-28


[གནད་བཏུས] རྩོམ་འདིར་ཅིའི་ཕྱིར་རྩ་བ་སུམ་ཅུ་པའི་གཞུང་དུ་བརྡ་སྤྲོད་པའི་ཚིག་ཕྲད་དག་གོ་རིམ་དེ་ལྟར་དུ་གསུང་དགོས་པ་དང་། རྣམ་དབྱེ་བརྒྱད་པོའི་བར་དུ་བརྗོད་དོན་གྱི་འབྲེལ་བ་ཅི་འདྲ་བ་ཞིག་ཆགས་ཡོད་ཅེས་པའི་རྩ་བའི་འདྲི་གཞི་འདི་གཉིས་ལས་འཕྲོས་ཏེ། དང་པོ་དང་དྲུག་པ་གཉིས་ཀྱང་བྱེད་པ་ཅན་གྱི་རྣམ་དབྱེའི་ཁོངས་སུ་བསྡུ་དགོས་པ་དང་། དེ་ལྟར་བགྱི་བ་ལ་བརྡ་སྤྲོད་ཀྱི་དགོས་པ་ཅི་ཡོད་པའི་སྐོར་བརྗོད་ཡོད་དོ། །

[གནད་ཚིག] རྣམ་དབྱེ། རྣམ་དབྱེ་དང་པོ། རྣམ་དབྱེ་དྲུག་པ། བྱེད་ཅན་གྱི་རྣམ་དབྱེ།

        རྩ་བ་སུམ་ཅུ་པ་ནི་བོད་ཀྱི་བརྡ་སྤྲོད་པའི་གཞུང་གི་ཕྱི་མོ་སྟེ་ལུང་རིགས་གཉིས་ཀྱི་གཞི་འཛིན་ས་ཡིན་ལ། ལོ་ངོ་སྟོང་ཕྲག་ལྷག་ཙམ་གྱི་རིང་ལ། སྔོན་བྱུང་མཁས་དབང་དམ་པ་དག་གིས་དེ་ཉིད་ལ་དགོངས་འགྲེལ་རབ་འབྲིང་རྒྱས་བསྡུས་གྲངས་ཀྱིས་མི་ཆོད་པ་ཞུས་ཡོད་དོ། ། སུམ་རྟགས་ཀྱི་དགོངས་འགྲེལ་ཇི་སྙེད་པ་ཐམས་ཅད་ཟབ་གསལ་གྱི་ཆོས་དེ་ཁོ་ན་ཉིད་དུ་ཅིས་ཀྱང་ཡིན་པར་འཚལ་པས། བློ་རྩིངས་ཤིང་དམན་པ་ཁོ་བོ་ལྟ་བུས་དཔོག་པའི་གནས་སུ་ག་ལ་རུང་ཡང་། ཉེ་ཆར་རང་གི་བུ་ཆུང་ཐེས་པའི་སློབ་གྲྭ་ཆུང་འབྲིང་མཐོ་གསུམ་གྱི་སློབ་བུ་ཚོའི་བོད་སྐད་ཡིག་གི་ཆུ་ཚད་ཇེ་ཞན་ནས་ཇེ་ཞན་དུ་འགྲོ་བའི་དོན་འདི་ལ་ལོ་དུ་མར་ཆེད་དུ་སེམས་ཤིང་བསམས་པ་ན། དེ་ལ་ལྡོག་དཀའ་བའི་ཕྱི་རྐྱེན་ཡོད་པ་བདེན་པར་གྲུབ་ཀྱང་། བོད་རང་གི་བརྡ་སྤྲོད་ཀྱི་གཞུང་དུ་བཀྲལ་ཡང་མ་ཁྲོལ་བའི་གནད་ཀྱི་མདུད་པ་ཁ་ཤས་ཀྱང་ལྷག་ཡོད་པ་ཁ་གསལ་མིག་གསལ་དུ་སྣང་ངོ་། ། དེ་བས། ལས་དང་པོ་བ་རྣམས་བརྡ་སྤྲོད་ཀྱི་གཞུང་ལ་འཇུག་བདེ་བའི་ཕྱིར་དུ། དེང་རབས་སྐད་བརྡ་རིག་པའི་ལུགས་དང་མཐུན་པར་གཞུང་ཆེན་པོ་འདིའི་རྣམ་དབྱེའི་རྣམ་གཞག་ལ་ཅུང་ཙམ་དཔྱད་འདོད་པའི་བློ་རྣམ་པར་དག་པ་ཞིག་ཡོད་ཀྱང་། ནོར་བ་དང་། འཁྲུལ་བ་དང་། ཁ་ན་མ་ཐོ་བའི་ཉེས་ལྟུང་ཇི་སྙེད་ཅིག་ཀྱང་ལྷགས་སྲིད་པས་དཔྱོད་ལྡན་རྣམས་ཀྱིས་དགོངས་པར་གསོལ་ཞེས་ཞུ་བ་དང་བཅས་རྩོམ་དངོས་ལ་འཇུག་པར་བྱའོ། །

དང་པོ། རྣམ་དབྱེའི་སྒྲ་བཤད།

        རྣམ་དབྱེའི་རྣམ་གཞག་འདི་ཉིད་རྩ་བ་སུམ་ཅུ་པའི་འགྲེལ་པ་རྒྱས་འབྲིང་བསྡུས་གསུམ་ཀུན་ཏུ་ཉེ་བར་གསུང་དགོས་པ་ཞིག་ཡིན་ཡང་། དེར་སྒྲ་བཤད་དང་མཚན་གཞི་སོགས་འགོད་པ་ལ་མཁས་མང་གི་ཐུགས་དགོངས་གཅིག་ཏུ་མ་ངེས་སོ། ། མ་ཟད་རྣམ་གཞག་འདི་ཉིད་ནི་རྒྱ་གར་གྱི་རྣམ་དབྱེའི་ལུགས་དཔེར་མཛད་པ་ཡིན་པས་བོད་རང་གི་སྐད་ཡིག་ལ་དེ་ཙམ་མི་འཚམ་མོ་ཞེས་བཏང་སྙོམས་སུ་འཇོག་པའང་མི་ཉུང་བ་ཡོད་ཀྱང་། ཞིབ་ཏུ་བསྟན་བཅོས་སྔ་མ་རྣམས་ལས་ཤེས་པར་བྱའོ། །

        འདིར་བརྗོད་པར་བྱ་བའི་རྣམ་དབྱེ་དང་པོ་དང་དྲུག་པ་གཉིས་ལ་ཆ་མཚོན་ན། མཁས་པ་མང་པོའི་དགོངས་བཞེད་མཐའ་གཅིག་ཏུ་མཐུན་པ་ཡིན་ཏེ། དེ་གཉིས་བྱེད་པ་ཅན་གྱི་རྣམ་དབྱེ་རུ་སུས་ཀྱང་མི་བཞེད་དོ། ། དང་པོ་དང་དྲུག་པ་གཉིས་བྱེད་པ་ཅན་གྱི་རྣམ་དབྱེ་གཞན་དང་མི་འདྲ་བར་འདོད་ཀྱང་། རྣམ་དབྱེའི་ཁོངས་སུ་ཅིས་ཀྱང་བསྡུ་དགོས་པས། བསྟན་བཅོས་སྔ་མ་རྣམས་སུ། རྣམ་དབྱེ་སྤྱིའི་སྒྲ་བཤད་ལ། ཆོས་གང་ཡང་རུང་བ་ཞིག་གི་མིང་ཚིག་དེ་གཞན་དང་མ་འདྲེས་པར་རྣམ་པར་ཏེ་སོ་སོར་དབྱེ་ཞིང་འབྱེད་ནུས་པའི་སྒྲའི་ཆ་ཤས་སུ་གྱུར་པའི་ཚིག་ཕྲད་ཅིག་ལ་རྣམ་དབྱེ་ཞེས་བྱ②ཞེས་གསུངས་པ་དང་། དེ་མ་ཐག་ཏུ། གནམ་གྲུ་ཞེས་རྗོད་པའི་སྒྲ་དེ་ལ་ས་ཐོག་གི་རི་ར་བ་ཁང་ཁྱིམ་ལྗོན་ཤིང་སོགས་དང་། བར་སྣང་གི་ཉི་ཟླ་སྐར་གསུམ་འཇའ་སྤྲིན་སོགས་ཀྱི་མིང་དང་མ་འདྲེས་པར་འབྱེད་པའི་སྒྲའི་ཆ་ཤས་ནུས་པ་ཅན་ཞིག་ཡོད་པ་དེ་ལ་རྣམ་དབྱེ་དང་པོ་མིང་ཙམ་བརྗོད་པ་ཞེས་པ་བཞིན། མིང་རྐྱང་ཡོད་ཚད་དང་བྱ་བྱེད་ལས་གསུམ་སྐུལ་ཚིག་དང་བཅས་པ་འདིའི་ཁོངས་སུ་བསྡུའོ། །③ཞེས་གསུངས་སོ། །

        གོང་གི་རྣམ་དབྱེའི་སྒྲ་བཤད་འདིས་ནི། རྣམ་དབྱེའི་ཕྲད་དང་རྣམ་དབྱེ་མ་ཡིན་པའི་ཚིག་ཕྲད་གཉིས་ཀྱི་ཁྱད་པར་འབྱེད་མི་ཐུབ་སྟེ། རྣམ་དབྱེ་མ་ཡིན་པའི་ཚིག་ཕྲད་དག་གིས་ཀྱང་སྦྱར་བྱའི་མིང་ཚིག་དག་གཞན་དང་མ་འདྲེས་པར་སོ་སོར་རྣམ་པར་དབྱེ་ཞིང་འབྱེད་ནུས་པའི་ཕྱིར་ཏེ། དཔེར་ན། ཚེ་རིང་དང་དཔལ་སྒྲོན། ལྟ་བུའི་དང་སྒྲས་ཀྱང་འབྱེད་བྱ་ཚེ་རིང་དང་དཔལ་སྒྲོན་གཉིས་མ་འདྲེས་པར་སོ་སོར་དབྱེ་བ་ཡིན་ལ། དང་སྒྲ་མ་སྦྱར་ན། ཚེ་རིང་དཔལ་སྒྲོན། ཞེས་གཞི་གཅིག་ཏུ་གྱུར་འགྲོ་བ་ལྟ་བུའོ། ། ཡང་། གནམ་གྲུ་ཞེས་པའི་སྒྲ་ལ་མིང་གཞན་གྱི་མཐའ་སྤོང་བའི་སྒྲའི་ནུས་པ་ཁྱད་པར་ཅན་ཡོད་པས་རྣམ་དབྱེ་ཡིན་དགོས་ན། བུམ་པ་དཀར་པོ། ཞེས་པའི་རྗོད་བྱེད་ཀྱི་སྒྲ་འདི་ལའང་ཚིག་གཞན་གྱི་མཐའ་སྤོང་བའི་སྒྲའི་ནུས་པ་ཁྱད་པར་ཅན་ཡོད་པས་རྣམ་དབྱེ་ཡིན་དགོས་ལ། གནམ་གྲུར་བསྡད་ནས་ཉི་མ་རིལ་འཛིན་ལ་ལྟ་རུ་འགྲོ།④ ཞེས་པའི་རྗོད་པ་ངག་གི་སྒྲ་འདི་ལ་ཡང་རྗོད་པ་གཞན་རྣམས་དང་མ་འདྲེས་པར་འབྱེད་པའི་སྒྲའི་ཆ་ཤས་ནུས་པ་ཅན་ཞིག་ཡོད་པས་རྣམ་དབྱེ་ཡིན་དགོས། ཐ་ན། ཀ་ཞེས་པའི་ཡི་གེ་འདི་ལའང་རང་ལས་ལོག་པའི་གསལ་བྱེད་ཉེར་དགུ་པོ་དང་མ་འདྲེས་པར་སོ་སོར་འབྱེད་པའི་སྒྲའི་ཆ་ཤས་ནུས་པ་ཅན་ཞིག་ཡོད་པས་རྣམ་དབྱེ་ཡིན་དགོས་སོ། །

        ཇི་སྐད་དུ། དེ་དུས་ཐུ་མིས་བོད་ཡིག་ལུགས། ། སྲོལ་གཏོད་སྒྲ་གཞུང་སུམ་རྟགས་སོགས། ། རྒྱ་འགྱུར་ཡིན་པར་ཁྱེད་འདོད་ན། ། གཏི་མུག་ཡིན་གྱི་རྣམ་དཔྱོད་མིན། །⑤ ཞེས་གསུངས་པ་ཇི་བཞིན། རྣམ་དབྱེ་ནི་རྒྱ་གར་གྱི་བརྡ་སྤྲོད་པའི་ལུགས་ཡིན་པས་བོད་སྐད་ལ་དེ་ཙམ་མི་འཚམ་ཞེས་པའང་མ་གྲུབ་སྟེ། སློབ་དཔོན་ཐོན་མིས་བོད་ཀྱི་བརྡ་སྤྲོད་པའི་གཞུང་འདི་ཉིད་མཛད་པའི་དུས་ན། ཁོང་གིས་གསལ་བྱེད་སུམ་ཅུ་ལ་འཕུལ་རྟེན་མགོ་འདོགས་སོགས་བློ་གྲོས་ཀྱི་རྩལ་ཇི་ལྟ་བུ་ཞིག་བཏོན་པ་དེ་བཞིན་དུ། བརྡ་སྤྲོད་ཀྱི་རྣམ་གཞག་འདི་ཉིད་ལའང་ལེགས་ཉེས་བླང་དོར་གྱི་ཆ་མི་དམན་པ་ཞིག་མཛད་ངེས་སོ། །

        བྱེད་པ་ཅན་གྱི་རྣམ་དབྱེ་སོ་སོའི་མཚན་ཉིད་དང་མཚན་གཞི་ལ་མཚོན་ནའང་། དངོས་པོ་གང་ཞིག་གང་ལས་བྱུང་བའམ། གང་ཞིག་གང་ལས་བྲལ་ཏེ་ཕྱེེ་བའམ་གང་ཞིག་གང་ལས་ལྷུང་བའམ། གང་ཞིག་གང་ལས་བབས་པ་ལྟ་བུ་སྟོན་པ⑥རྣམ་དབྱེ་ལྔ་པའི་མཚན་ཉིད་འཁྲུལ་མེད་དུ་བཞེད་ཀྱང་། དེས་ན། བ་ལས་འོ་མ་བྱུང། ལྟ་བུ་ནི་རྣམ་དབྱེ་ལྔ་པའི་མཚན་གཞིར་རུང་བར་མ་ཟད། འོ་མ་བ་ལས་བྱུང་། ཞེས་པའང་རྣམ་དབྱེ་དེའི་མཚན་གཞི་འཁྲུལ་མེད་དུ་འདོད་དགོས་ཏེ། དེ་གཉིས་པོར་རྣམ་དབྱེ་ལྔ་པའི་མཚན་ཉིད་ཚང་བས་སོ། ། བ་ལས་འོ་མ་བྱུང། དང་། འོ་མ་བ་ལས་བྱུང་། ཞེས་པའི་རྗོད་པ་འདི་གཉིས་ལ་དོན་གྱི་ཁྱད་པར་མེད་དམ་ཞེ་ན། ཡོད་དེ། སྔ་མས་གང་ལས་ཅི་ཞིག་བྱུང་བ་དང་། ཕྱི་མས་ཅི་ཞིག་གང་ལས་བྱུང་བ་སྟོན་པས་སོ། ། དེ་བཞིན་དུ། རྣམ་དབྱེ་གཉིས་པ་དང་བཞི་པ་གཉིས་ལའང་མཁས་པ་མང་པོའི་བཞེད་པ་ཡེ་ནས་མི་མཐུན་པ་བྱུང་བས་ན། ཇི་སྐད་དུ། ཁྲི་སྲོང་སྐུ་དུས་བྱིས་པས་ཀྱང་། ། རྟོགས་ནུས་གངས་ཅན་བརྡ་སྤྲོད་དེ། ། ད་ནི་མཁས་པ་སྟོང་གི་ཞལ། ། བསྡུར་ཀྱང་མི་རྟོགས་འདི་ཅིའི་སྐྱོན། །⑦ཞེས་ཀྱང་གསུངས་པ་ཡིན་ནོ། །

        འདི་ལྟར། བརྡ་སྤྲོད་བསྟན་བཅོས་སྔ་མ་རྣམས་སུ། རྣམ་དབྱེ་སྤྱིའི་སྒྲ་བཤད་དང་སོ་སོའི་མཚན་ཉིད་བཀོད་པ་དག་ཀྱང་བརྗོད་དོན་གྱི་ཆ་ལ་ཤིན་ཏུ་ཕྱོགས་པ་ལས་རྗོད་བྱེད་སྒྲའི་གྲུབ་ལུགས་ཀྱི་ཐད་ལ་ཐུགས་གནང་དེ་ཙམ་མི་མཛད་པས། བོད་ཀྱི་རྣམ་དབྱེ་གཙོས་པའི་བརྡ་སྤྲོད་འདི་ཉིད་ནི་མཁས་པའི་སྤྱོད་ཡུལ་ལས། བླུན་པོའི་ཆེད་དུ་བརྩམས⑧པ་མིན་པ་ལྟར་སྣང་ངོ་། །

        འོ་ན། ལས་དང་པོ་བ་དག་གིས་ཀྱང་གོ་བདེ་བའི་ཕྱིར་དུ། རྗོད་བྱེད་སྒྲའི་གྲུབ་ལུགས་ཀྱི་ཆ་ནས་རྣམ་དབྱེ་ལ་སྒྲ་བཤད་ཅིག་བྱ་ན་འདི་ལྟ་སྟེ། བཀྲ་ཤིས་ཀྱིས་བཤད། བཀྲ་ཤིས་དང་ཚེ་རིང་། བསམས་ཏེ་བཤད། ལྟ་བུའི་ཚིག་སྦྱོར་དག་ལས། ཚིག་ཕྲད་སྔ་མ་ནི་རྣམ་དབྱེའི་ཕྲད་དང་། ཕྱི་མ་གཉིས་རྣམ་དབྱེ་ཕྲད་མ་ཡིན་པའི་རྒྱུ་མཚན། ཚིག་སྦྱོར་དེ་དག་གི་ཕྱིའི་གྲུབ་ལུགས་ཀྱི་ཆ་ནས་བཤད་ན་ཧ་ཅང་གིས་གོ་སླ་བ་ཡིན་ཏེ། བཀྲ་ཤིས་ཀྱིས་བཤད། ལྟ་བུ་མིང་དང་བྱ་ཚིག་གི་བར་དུ་སྦྱར་བ་ལ་རྣམ་དབྱེའི་ཚིག་ཕྲད་ཅེས་བྱ་ཞིང་། རྣམ་དབྱེ་ཞེས་པ་ཡང་ངོ་བོ་མི་གཅིག་པའི་ཆོས་གཉིས་རྣམ་པར་འབྱེད་པ་ཙམ་དུ་བསམ་པར་བྱའོ། ། ཕྱི་མ་གཉིས་ནི་ངོ་བོ་གཅིག་པའི་ཆོས་གཉིས་ཀྱི་བར་དུ་སྦྱར་ཡོད་པས་ཚིག་ཕྲད་ཡིན་ལ། དེར་མ་ཟད། ཆོས་གཅིག་གི་མཐར་རམ། རྣམ་དབྱེའི་ཕྲད་ཀྱི་མཐར་སྦྱོར་བ་དག་ཀྱང་ཚིག་ཕྲད་དུ་ངོས་འཛིན་པར་བྱའོ། ། རྣམ་དབྱེའི་ཕྲད་དང་རྣམ་དབྱེ་མ་ཡིན་པའི་ཕྲད་གཉིས་ཀྱི་ཁྱད་པར་ལ་འགྲེལ་འདི་ཙམ་བགྱིས་པ་ན། གཅིག་ནས་ལས་དང་པོ་བས་བློར་འཛིན་བདེ་བ་ཡིན་ལ། གཉིས་ནས་དོན་གྱི་གནད་དུའང་ཁེལ་ཡོད་པར་འདོད་དོ། །
    
        རྣམ་དབྱེ་ཞེས་པ་ནི་མིང་དང་བྱ་ཚིག་གཉིས་མཉམ་དུ་བསྡེབས་པའི་སྦྱོར་བ་ཁྱད་པར་བ་ཞིག་དང་། རྣམ་དབྱེའི་ཕྲད་ནི་སྦྱར་གཞི་དེ་གཉིས་ཀྱི་དོན་མ་འདྲེས་པར་སོ་སོར་འབྱེད་པའི་ཚིག་ཕྲད་དུ་ངོས་བཟུང་ན་ནི། རྣམ་དབྱེ་སྤྱིའི་ངོ་བོ་རྟོགས་ཐུབ་ལ། སོ་སོའི་དོན་གྱི་ཁྱད་པར་ཡང་ངེས་སླ་བ་ཡིན་ཏེ། དཔེར་ན། ཤིང་མཁན་གྱིས་སྟ་རེས་སྡོང་བོ་གཅོད། ཅེས་པ་རུ། གྱིས་སྒྲ་ནི་ཚིག་ངོས་ཙམ་དུ་བྱས་ན་ཤིང་མཁན་དང་སྟ་རེ་གཉིས་ཀྱི་བར་དུ་སྦྱར་ཡོད་པ་ལྟར་སྣང་ཡང་། དོན་དུ་ན། ཤིང་མཁན་དང་གཅོད་གཉིས་ཀྱི་བར་དུ་སྦྱར་བ་ཡིན་ཏེ། བྱ་བ་དང་དེའི་བྱེད་པོའི་འབྲེལ་བ་སྟོན་པས་སོ། ། འིས་སྒྲ་ནི་སྟ་རེ་དང་གཅོད་པའི་བྱ་བ་གཉིས་ཀྱི་འབྲེལ་བ་སྟོན་བྱེད་དུ་སྦྱར་བས་ན། སྟ་རེ་ལ་བྱེད་པ་ཞེས་བརྗོད་པ་ཡིན་ནོ། ། སྡོང་བོ་དང་གཅོད་གཉིས་ཀྱི་བར་དུ་རྣམ་དབྱེའི་ཕྲད་ཅིག་དངོས་སུ་སྦྱར་བ་མེད་ཀྱང་དོན་གྱིས་ཐོབ་དགོས་ཏེ། བྱ་བ་དེ་འཇུག་སའི་གཞིའམ་ཆོས་དངོས་སྟོན་པ་ཡིན་ནོ། །

        ཤིང་མཁན་གྱིས་གཅོད། ཅེས་པ་ནི་བྱ་བའི་བྱེད་པོ་སྟོན་པའི་རྣམ་དབྱེ་གསུམ་པ་དང་། སྟ་རེས་གཅོད། ཅེས་པ་ནི་བྱ་བའི་བྱེད་པ་སྟོན་པ་སྟེ་རྣམ་དབྱེ་གསུམ་པའི་ནང་གསེས་དང་། སྡོང་བོ་གཅོད། ཅེས་པ་ནི་བྱ་བའི་ལས་སམ་ཆོས་དངོས་བརྗོད་པའི་རྣམ་དབྱེ་དང་པོའོ། ། རྣམ་དབྱེ་དེ་གསུམ་པོ་སྤྱི་མཐུན་གྱི་བྱ་ཚིག་སྟེ་གཅོད་ཅེས་པ་རུ་བརྗོད་འདོད་ཀྱི་རྗེས་སུ་འབྲངས་ཏེ་སྦྱར་བ་ན། ཤིང་མཁན་གྱིས་སྟ་རེས་སྡོང་བོ་གཅོད། སྡོང་བོ་ཤིང་མཁན་གྱིས་སྟ་རེས་གཅོད། ལ་སོགས་པའི་ངག་གི་རྗོད་པ་དུ་མ་ལྷུན་གྱིས་འགྲུབ་པ་ཡིན་ནོ། །

        དེ་བས། རྣམ་དབྱེ་ཞེས་པ་ནི་བོད་སྐད་ཡིག་གི་ངག་གམ་རྗོད་པ་འགྲུབ་པར་བྱེད་པའི་རྒྱུ་དམ་པ་སྟེ། ངག་གམ་རྗོད་པ་ལས་ཆུང་བའི་སྡེབ་སྦྱོར་གྱི་སྡེ་ཁྱད་པར་བ་ཞིག་ཏུ་ངོས་འཛིན་པར་བྱའོ། ། རྟ་ལ་རྩྭ་བྱིན། རྟ་ལ་དུག་བྱིན། རྟ་ལ་ཅི་ཡང་མ་བྱིན། ཞེས་པའི་ཚིག་སྦྱོར་གྱི་ལ་སྒྲ་འདི་ཉིད་ཀྱང་རྣམ་དབྱེ་གཉིས་པ་ཁོ་ནའི་དོན་དུ་འཇུག་པ་ཡིན་ཏེ། རྟ་ལ་བྱིན་པའམ། རྟ་ལ་མ་བྱིན་ཞེས་པའི་སྡེབ་སྦྱོར་ཁྱད་པར་བ་དེའི་ཕྲད་ཡིན་གྱི། ཚིག་ངོས་ཀྱི་དབང་དུ་སོང་སྟེ་ལ་སྒྲ་འདི་རྟ་དང་རྩྭ། ཡང་ན་རྟ་དང་དུག་གི་འབྲེལ་བ་བརྗོད་བྱེད་དུ་སེམས་ནས་རྩྭས་རྟ་ལ་ཕན་པ་དང་། དུག་གིས་མི་ཕན་པ་སོགས་སུ་འགྲེལ་མི་རུང་ངོ་། ། རྩྭ་བྱིན་པའམ། དུག་བྱིན་པའམ། ཅི་ཡང་མ་བྱིན་པ་ནི་རྣམ་དབྱེ་དང་པོ་སྟེ་སྟེར་བའི་བྱ་བ་དང་སྟེར་བྱའི་ཆོས་གཉིས་ཀྱི་འབྲེལ་བ་སྟོན་པས་སོ། །

གཉིས་པ། གཞུང་དུ་དངོས་སུ་བསྟན་པའི་ཚིག་ཕྲད་དག་གི་གོ་རིམ་ལ་ཅུང་ཙམ་དཔྱད་པ།

        རྩ་བ་སུམ་ཅུ་པའི་ཚིག་ཕྲད་རྣམས་གོ་རིམ་ཇི་ལྟར་བསྟན་པར་གྱུར་པའི་ཚུལ་ལ་ཅུང་ཙམ་དཔྱད་ན། ཚིག་ཕྲད་དང་རྣམ་དབྱེ་གཉིས་ཀྱི་ཁྱད་པར་ལ་ངེས་ཤེས་འདྲོང་བར་ཕན་པར་འགྱུར་བས། གཞུང་དེ་ཉིད་དུ་ཇི་ལྟར་འབྱུང་བའི་གོ་རིམ་བཞིན་ཚིག་ཕྲད་དག་རེའུ་མིག་ཏུ་བཀོད་པ་གཤམ་ལྟར་རོ། །


        རྩ་བ་སུམ་ཅུ་པར་དངོས་སུ་བསྟན་པར་གྱུར་པའི་ཕྲད་རྣམས་བསྡོམས་ན་བཅུ་བཞི་ཡོད་ལ། དེ་དག་ཀྱང་སྦྱར་གཞིའི་རྗེས་འཇུག་གི་རྟགས་ལ་བལྟ་དགོས་མིན་གྱི་ཁྱད་པར་གྱིིས་འཁྲིད་མཚམས་བདུན་པ་སྟེ་རྣམ་དབྱེ་ལྔ་པ་ནས་གོང་འོག་རིགས་གཉིས་སུ་དགར་ཞིང་། གོང་མ་དག་ལ་ཕྲད་གཞན་དབང་ཅན་དང་། རྣམ་དབྱེ་ལྔ་པ་དང་བཅས་པའི་འཁྲིད་མཚམས་འོག་མ་རྣམས་ལ་ཕྲད་རང་དབང་ཅན་ཞེས་སྔོན་བྱོན་མཁས་དབང་ཀུན་གྱིས་ཞལ་གཅིག་ཏུ་གསུངས་སོ། །

        ཕྲད་རང་དབང་ཅན་དང་གཞན་དབང་ཅན་ཞེས་པའི་དབྱེ་བ་འདི་གཅིག་པུས་ད་དུང་ཚིག་ཕྲད་དག་གི་གོ་རིམ་སྒྲིག་སྟངས་ལ་ངེས་ཤེས་གསལ་པོ་ཞིག་འབྱུང་མི་ཐུབ་སྟེ། དབྱེ་བ་སོ་སོའི་ཁོངས་སུ་ཚུད་པའི་ཚིག་ཕྲད་དག་གཞུང་ལྟར་མ་བསྒྲིགས་ཀྱང་རུང་བ་ཡིན་ནོ། ། དེས་ན། སུམ་ཅུ་པའི་གཞུང་ཉིད་དུ་ཕྲད་རྣམས་ཇི་ལྟར་བསྟན་པའི་གོ་རིམ་ལ་སྦྱར་གཞིའི་རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་ལ་བལྟ་དགོས་མིན་གྱི་ཚད་གཞི་འདི་ཉིད་མ་ཟད། ད་དུང་ཚད་གཞི་གཞན་ཞིག་ཅིས་ཀྱང་ཡོད་ངེས་སོ། ། ལུང་སྟོན་པ་རྩ་བ་སུམ་ཅུ་པ་འདི་ཉིད་ཚིག་ཉུང་ཞིང་དོན་བསྡུས་པའི་ཚུལ་དུ་གསུངས་ཡོད་པས། ཚིག་ཕྲད་གང་ཞིག་དེའི་འཇུག་པ་གཙོ་བོ་ལས་འཇུག་པ་གཞན་དག་ཞིབ་ཏུ་མཛད་མེད་དོ། །

        དེ་བས། རྗེས་འཇུག་ལ་བལྟ་དགོས་མིན་གྱི་ཁྱད་པར་ཏེ་རྟགས་ཀྱི་འཇུག་པ་འདི་ཉིད་གཞིར་བཞག་པའི་ཐོག ད་དུང་ཕྲད་ཀྱི་བརྡ་སྤྲོད་པའི་འཇུག་པ་གཙོ་བོ་གང་ཡིན་པ་དེ་ཡང་ཚད་གཞི་ཅིག་ཏུ་བཟུང་སྟེ་དེ་གཉིས་ཟུང་འབྲེལ་བྱས་ན་ནི། སུམ་ཅུ་པའི་གཞུང་དུ་བསྟན་པར་གྱུར་པའི་ཚིག་ཕྲད་དག་གི་གོ་རིམ་དེ་ལ་གསལ་བཤད་ཡང་དག་པ་ཞིག་བྱ་ཐུབ་བོ་སྙམ་མོ། །

        དེ་ཡང་། ཐོག་མར་རྗོད་པ་ངག་གི་སྡེ་ངོས་བཟུང་བ་སྟེ། གོ་ངོ་དོ་ནོ་སོགས་རྗོད་པའི་མཐར་སྦྱོར་བ་ཡིན་པས་སོ། ། རྗོད་པ་གང་ཞིག་རྣམ་དབྱེ་དུ་མས་འགྲུབ་པར་བྱེད་པས་ན། བར་དུ་མིང་དང་བྱ་ཚིག་གི་བར་དུ་སྦྱོར་བའི་རྣམ་དབྱེའི་ཕྲད་གསུངས་པ་ཡིན་ནོ། ། རྣམ་དབྱེ་གཉིས་བཞི་བདུན་པ་སོགས་ཀྱི་ཕྲད་ཆ་འདྲ་བས་ན། ཆབས་ཅིག་ཏུ་ཆུང་བ་ནས་ཆེ་བའི་བར་དུ་བསྟན་པའོ། ། དེ་ཉིད་དང་ཚེ་སྐབས་སོགས་ཀྱིས་རྣམ་དབྱེའི་དོན་རྒྱས་པར་མཛད་པའོ། ། རྣམ་དབྱེ་དྲུག་པ་དང་གསུམ་པ་གཉིས་ཀྱི་ཕྲད་ལའང་ས་སྒྲ་ཙམ་གྱི་ཁྱད་པར་ལས་མེད་པས་གཞོགས་གཅིག་ཏུ་གསུངས་པའོ། ། དེ་ནས། བྱ་ཚིག་གཉིས་ཀྱི་བར་དུ་སྦྱོར་བའི་ཕྲད་སྐོར་བཞི་བསྟུད་མར་གསུངས་པའོ། ། ནས་ལས་གཉིས་ནི་བྱ་བའི་ཚིག་སྦྱོར་དུ་འཇུག་ཆེ་ཡང་། རྣམ་དབྱེ་ལྔ་པའི་དོན་དུའང་འཇུག་པས་སྐབས་འདི་དང་སྦྲགས་ཏེ་གསུངས་པའོ། ། སྐབས་བརྒྱད་པ་ལ་རྣམ་དབྱེ་བརྒྱད་པ་དང་། དེ་ནས། མིང་གི་ཚིག་འགྲུབ་བྱེད་ཀྱི་ཕྲད་དེ། མིང་གཅིག་ལའམ། མིང་གཉིས་ཀྱི་བར་ལ་སྦྱོར་བའི་ཚིག་ཕྲད་དག་གསུངས་པའོ། །
མཐར། བྱ་ཚིག་གི་སྔོན་དུ་སྦྱོར་བའི་དགག་སྒྲ་གསུངས་པའོ། །

        མདོར་ན། རྩ་བ་སུམ་ཅུ་པའི་གཞུང་དུ་དངོས་སུ་བསྟན་པའི་ཚིག་ཕྲད་དག་ནི་རྗོད་པའི(Sentence)མཐར་སྦྱོར་བའི་ཚིག་ཕྲད་དང་། རྣམ་དབྱེ(Case)སྒྲུབ་བྱེད་ཀྱི་ཚིག་ཕྲད་དང་། བྱ་བའི་ཚིག(Verb Phrase)སྒྲུབ་བྱེད་ཀྱི་ཚིག་ཕྲད་དང་། མིང་གི་ཚིག(Non Phrase)སྒྲུབ་བྱེད་ཀྱི་ཚིག་ཕྲད་བཅས་གོ་རིམ་བཞིན་དུ་གསུངས་ཡོད་པར་འདོད་དོ། །

གསུམ་པ། རྣམ་དབྱེ་དང་པོའི་སྒྲ་བཤད།

        རྣམ་དབྱེ་དང་པོ་མིང་ཙམ་བརྗོད་པ་ཞུ་བ་འདི་མིང་རྐྱང་ཁོ་ན་ཙམ་དུ་འདོད་ན་ནི། མིང་དང་རྣམ་དབྱེ་གཉིས་སྡེབ་སྦྱོར་གྱི་སྡེ་གཅིག་ཏུ་བསྡུས་པའི་སྐྱོན་འབྱུང་བ་ཡིན་ལ། མ་ཟད་སྡེབ་སྦྱོར་གྱི་སྡེ་སོ་སོའི་བར་གྱི་འདུས་བྱས་ཀྱི་འབྲེལ་བ་སྟོན་པའི་བརྡ་སྤྲོད་ཀྱི་ལུགས་ཁྱད་པར་བ་འདི་ཉམས་དམས་སུ་བཏང་ཡོད།

དེ་བས། བོད་ཀྱི་བརྡ་སྤྲོད་པའི་ལུགས་སུ། ཡི་གེས་མིང་དང་། མིང་གིས་ཚིག་དང་། ཚིག་གིས་རྣམ་དབྱེ་དང། རྣམ་དབྱེས་རྗོད་པ་འགྲུབ་པར་བྱའོ་ཞེས་ན་དོན་དང་མཐུན་པར་སྣང་ངོ་། །

        བོད་སྐད་ཡིག་གི་རྣམ་དབྱེ་བྱིངས་ལ་སྤྱི་མཐུན་གྱི་གྲུབ་ལུགས་ཡོད་དེ། མིང་ལ་རྣམ་དབྱེའི་ཕྲད་སྦྱར། དེ་ལ་བྱ་ཚིག་སྦྱར་བའི་སྡེབ་སྦྱོར་གྱི་སྡེ་ཁྱད་པར་ཅན་ཡིན་ནོ། ། བརྒྱད་པ་ཕུད་པའི་རྣམ་དབྱེ་གཞན་དག་ལ་བརྗོད་དོན་གྱི་ཁྱད་པར་ཙམ་ལས་རྗོད་བྱེད་ཚིག་གི་གྲུབ་ལུགས་ལ་ཁྱད་ཅི་ཡང་མེད་དོ། ། རྣམ་དབྱེ་དང་པོ་འདི་ཉིད་ཀྱང་རྣམ་དབྱེ་བྱིངས་ཀྱི་སྒྲུབ་ལུགས་ལྟར། མིང་དང་བྱ་ཚིག་འདུས་པའི་བདག་ཉིད་ཅན་དུ་འདོད་དེ། དཔེར་ན། སྡོང་བོ་གཅོད། ལྟ་བུའོ། ། རྣམ་དབྱེ་དང་པོ་ནི་གཉིས་པའི་སྔོན་དུ་གསུང་དགོས་ཀྱང་། རྣམ་དབྱེ་དང་པོ་འགྲུབ་བྱེད་ཀྱི་མིང་དང་བྱ་ཚིག་གི་བར་དུ་དོན་ཐོབ་ཙམ་ལས་དངོས་སུ་ཞུགས་པའི་ཕྲད་མེད་པས་རྣམ་དབྱེ་འདི་ཉིད་རྩ་བ་སུམ་ཅུ་པར་ཆེད་དུ་མ་གསུངས་སོ་ཞེས་འགྲེལ་ན། རྟགས་འཇུག་གི་སྐབས་སུ་རྣམ་དབྱེ་འདི་ཉིད་དངོས་སུ་བསྟན་ཀྱང་སུམ་ཅུ་པར་མ་གསུངས་པའི་དོགས་པ་འདི་ཡང་སྦྲུལ་མདུད་བཞིན་དུ་ངང་གིས་གྲོལ་བར་འགྱུར་རོ།།

        ཅིའི་ཕྱིར་བྱ་བ་དང་། སུས་བྱ་བ་དང་། གང་དུ་བྱ་བའི་སྡེབ་སྦྱོར་འདི་དག་རྣམ་དབྱེ་བཞི་པ་དགོས་ཆེད་དང་། གསུམ་པ་བྱེད་པོ། གཉིས་པ་བྱ་ཡུལ་དུ་འདོད་ན་ནི། ཅི་ཞིག་བྱ་བའི་སྡེབ་སྦྱོར་གྱི་སྡེ་དམ་པ་འདི་རྣམ་དབྱེ་དང་པོའི་མཚན་གཞིར་བཀོད་ན་ཤིན་ཏུ་འོས་ཤིང་འཚམ་པའོ། ། དཔེར་ན། ཅི་ཞིག་གཅོད། ཅེ་ན། སྡོང་བོ་གཅོད། གང་དུ་གཅོད། ཅེ་ན། ནགས་སུ་གཅོད། སུས་གཅོད། ཅེ་ན། ཤིང་མཁན་གྱིས་གཅོད། ཅིའི་ཕྱིར་གཅོད། ཅེ་ན། ཀ་བའི་ཆེད་དུ་གཅོད། ཅེས་པ་ལྟ་བུའོ། ། རྣམ་དབྱེ་བཞི་པོ་དེ་དག་སྤྱི་མཐུན་གྱི་གཞི་གཅིག་པུ་སྟེ་གཅོད་ཅེས་པ་རུ་བརྗོད་འདོད་ཀྱིས་སྦྱར་བ་ན། ཤིང་མཁན་གྱིས་ནགས་སུ་ཀ་བའི་ཆེད་དུ་སྡོང་བོ་གཅོད། ནགས་སུ་ཤིང་མཁན་གྱིས་ཀ་བའི་ཆེད་དུ་སྡོང་བོ་གཅོད། ལ་སོགས་པའི་རྗོད་པ་ངག་གི་འཁོར་ལོ་ཅི་དགར་བསྐོར་ཡང་ཆོག་གོ །

བཞི་པ། རྣམ་དབྱེ་དྲུག་པའི་སྒྲ་བཤད།

        བརྡ་སྤྲོད་བསྟན་བཅོས་སྔ་མ་རྣམས་སུ། མིང་ལ་ཨི་ལྡན་གྱི་ཕྲད་སྦྱར། དེ་ལ་མིང་སྦྱར་བའི་སྡེབ་སྦྱོར་སྟེ། བདག་གི་ཕྲེང་བ། ལྟ་བུ་ནི་རྣམ་དབྱེ་དྲུག་པའི་མཚན་གཞི་འཁྲུལ་མེད་དུ་དགོངས་སོ། །

        དོན་དུ་ན། དབང་རྒྱལ་གྱི་རེད། ལྟ་བུའི་སྡེབ་སྦྱོར་གྱི་སྡེ་སྟེ་མིང་ལ་ཕྲད་སྦྱར་ཞིང་། དེ་ལ་བྱ་ཚིག་སྦྱར་བ་འདི་ཉིད་རྣམ་དབྱེ་དྲུག་པ་འབྲེལ་གཞི་སྟོན་པའི་མཚན་གཞི་འཁྲུལ་མེད་དུ་ངེས་དགོས་ཏེ། སྒྲུབ་བྱེད་ཁག་ཅིག་བཀོད་ན།

གཅིག བཀྲ་ཤིས་ཀྱི་རེད། ལྟ་བུ་བོད་སྐད་དུ་རྒྱ་ཆེར་འབྱུང་བའི་སྡེབ་སྦྱོར་གྱི་སྡེ་འདི་ལྟ་བུ་རྣམ་དབྱེ་བྱིངས་ཀྱི་སྒྲུབ་ལུགས་དང་མཚུངས་ཤིང་། འབྲེལ་གཞི་སྟོན་པའི་དོན་དུའང་འཇུག་པས་ན། རྣམ་དབྱེའི་དྲུག་པ་མ་གཏོགས་གཞན་གང་གི་ཁོངས་སུའང་བསྡུ་མི་རུང་ངོ་། །

གཉིས། ཕྱག་གི་ཕྲེང་བ། ལྟ་བུ་མིང་གཉིས་ཀྱི་བར་དུ་ཨི་ལྡན་སྦྱར་བ་འདི་དག་ཚིག་ཏུ་གྲུབ་ཡོད་ཀྱང་། དོན་གྱི་ཆ་ནས་མིང་གི་ངོ་བོ་སྟོན་པ་ཡིན་ཏེ། ཕྱག་གི་ཕྲེང་བ། ཞེས་པའི་དུས་ན། ཚིག་འདིའི་བསྟན་བྱ་གཙོ་བོ་ད་དུང་ཕྲེང་བའི་སྟེང་ན་ཡོད་པས། ཇི་སྐད་དུ་སྨྲ་སྒོ་མཚོན་ཆ་ལས། གང་ཞིག་རྣམ་ཆ་འདུས་པ་ཡིས། ། དོན་གྱི་ངོ་བོ་ཉིད་བརྗོད་ན། ། རྣམ་ཆ་མང་ངམ་ཉུང་གྱུར་ཀྱང་། ། དེ་ནི་མིང་ཞེས་རབ་ཏུ་བརྗོད། །⑨ ཅེས་གསུངས་པ་ཇི་བཞིན། མིང་གི་ཚིག་ཏུ་ཤེས་པར་བྱའོ། །

གསུམ། སྟེང་དུ་ཡོད། ཅེས་པ་རྣམ་དབྱེ་བདུན་པ་གནས་གཞི་བརྗོད་པའི་མཚན་གཞི་འཁྲུལ་མེད་དུ་འདོད་ན། དོན་ཡོད་ཀྱི་ཡིན། ལྟ་བུ་རྣམ་དབྱེ་དྲུག་པ་འབྲེལ་གཞི་བརྗོད་པའི་མཚན་གཞིར་ཅིར་མི་རུང་ངོ་། །

བཞི། འདི་ཡིན་གྱི་དེ་མ་ཡིན་ནོ། ། ཞེས་ཆོས་འདྲ་བ་གཉིས་ཀྱི་བར་དུ་སྦྱར་བའི་ཨི་ལྡན་ནི“ཚིག་རྒྱན་དང་ཕྲད་ལས་འབྲེལ་སྒྲ་ནི་མིན”⑩ན། ཕྱག་གི་ཕྲེང་བ། ལྟ་བུ་མིང་གཉིས་ཀྱི་བར་དུ་སྦྱར་བའང་ཚིག་ཕྲད་མིན་པའི་རྒྱུ་མཚན་ཅི་ཡང་མེད་དོ། །

ལྔ། མིང་གཉིས་སམ་དུ་མའི་བར་དུ་སྦྱར་བའི་ཨི་ལྡན་གྱི་ཕྲད་ནི་འབྲེལ་གཞི་ཁོ་ནའམ་འབྲེལ་གཞི་བརྗོད་པ་ལ་འཇུག་ཆེ་བའང་མ་ཡིན་ཏེ། མིང་གཉིས་བར་གྱི་འབྲེལ་བ་ཡོད་དོ་ཅོག་སྟོན་པ་ལ་ཁྱད་མེད་པར་འཇུག་པས་སོ། ། དཔེར་ན། བཅད་པའི་སྡོང་བོ། ལྟ་བུས་བྱ་བ་དང་ཆོས་དངོས་ཀྱི་འབྲེལ་བ་སྟོན་པ་དང་། མཆོད་པའི་གཞི། ལྟ་བུས་བྱ་བ་དང་བྱ་བའི་ཡུལ་གྱི་འབྲེལ་བ་སྟོན་པ། ཕྱུགས་འཚོ་བའི་འབྲོག་པ། ལྟ་བུས་བྱ་བ་དང་བྱེད་པོའི་འབྲེལ་བ་སྟོན་པ་དང་། བྱེད་པའི་དགོས་པ། ལྟ་བུས་བྱ་བ་དང་དགོས་ཆེད་ཀྱི་འབྲེལ་བ་སྟོན་པ། གངས་ཀྱི་ཆུ་རྒྱུན། ལྟ་བུས་འབྱུང་ཁུངས་དང་བྱུང་ཆོས་ཀྱི་འབྲེལ་བ་སྟོན་པ། བདག་གི་མིག ལྟ་བུས་འབྲེལ་གཞི་དང་འབྲེལ་ཆོས་ཀྱི་འབྲེལ་བ་སྟོན་པ། ཕྱག་གི་ཕྲེང་བ། ལྟ་བུས་རྟེན་དང་བརྟེན་པའི་འབྲེལ་བ་སྟོན་པ། ནས་ཀྱི་ཆང་། ལྟ་བུས་རྒྱུ་དང་འབྲས་བུའི་འབྲེལ་བ་སྟོན་པ། གསེར་གྱི་རྣ་རྒྱན། ལྟ་བུས་གཞི་ཆོས་གཅིག་པའི་འབྲེལ་བ་སྟོན་པ། ཁང་པའི་སྒེའུ་ཁུང་། ལྟ་བུས་ཆ་དང་ཆ་ཅན་གྱི་འབྲེལ་བ་སྟོན་པ། སྡོང་བོའི་ཡལ་ག ལྟ་བུས་ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ་སྟོན་པ། ཁྲོ་བའི་མེ་ལྕེ། ལྟ་བུས་དཔེ་དང་དཔེ་ཅན་གྱི་འབྲེལ་བ་སྟོན་པ་སོགས་བོད་སྐད་དུ་ཤིན་ཏུ་རྒྱ་ཆེར་འབྱུང་བས་ན། བྱེ་བྲག་འབྲེལ་གཞི་བརྗོད་པ་ཙམ་གྱིས་འཇུག་པ་ཡོངས་ཀྱི་དོད་བྱེད་པ་ནི། ལག་པས་ནམ་མཁའ་འགེབས་པའི་དཔེ་རུ་ཟད་དོ། ། ཇི་སྐད་དུ། གི་ཀྱི་གྱི་འི་ཡི་ལྔ་སྟེ། ། བརྗོད་དོན་ཡན་ལག་ཡན་ལག་ཅན། ། རྟེན་དང་བརྟེན་པ་གཞི་མཐུན་དཔེར། ། ལུས་ཀྱི་ལག་པ་ཤིང་གི་བྱ། ། གསེར་གྱི་རྒྱལ་མཚན་ལྟ་བུའོ། ། རྒྱས་པར་ཡུལ་དང་ཡུལ་ཅན་སོགས། ། རིམ་གྱིས་རྒྱ་ཆེར་རྟོགས་པར་མཛོད། ། ཅེས་གསུངས་སོ། །

ལྔ་པ། དགོས་པ་བརྗོད་པ།

གཅིག རྣམ་དབྱེ་བརྒྱད་པོ་བར་གྱི་བརྗོད་དོན་གྱི་འབྲེལ་བ།

        གལ་ཏེ། རྣམ་དབྱེ་དང་པོ་དང་དྲུག་པ་གཉིས་ཀའང་བྱེད་ཅན་གྱི་རྣམ་དབྱེ་རུ་བསྡུས་པ་ན། རྣམ་དབྱེ་བརྒྱད་པོའི་སྒྲིག་རིམ་ལའང་གསལ་བཤད་ལེགས་པོ་ཞིག་བྱ་ཐུབ་སྟེ། རིས་སུ་བཀོད་པ་ཇི་བཞིན་ནོ། །

        ངག་གམ་རྗོད་པ་གང་ཞིག དེའི་བརྗོད་བྱར་གྱུར་པ་ནི་ཕྱིའི་འཇིག་རྟེན་གྱི་བྱ་དངོས་དང་ནང་སེམས་ཀྱི་འགྱུ་བ་ལས་མ་འདས་སོ། ། ཕྱི་ནང་གི་བརྗོད་བྱའི་ཁྱད་པར་གྱིས་རྣམ་དབྱེ་བརྒྱད་པོ་སྟེང་འོག་གིས་ཁག་གཉིས་སུ་བཀར་བ་ན། རྣམ་དབྱེ་བརྒྱད་པ་ནི་རྗོད་པ་པོའི་སེམས་ཀྱི་འགྱུ་བ་སྣ་ཚོགས་སྟོན་པའི་ཆེད་དུ་གསུངས་ཤིང། གཞན་རྣམས་ནི་ཕྱིའི་བྱ་བ་དང་དངོས་པོ་གཉིས་རྗོད་བྱེད་དུ་གོང་བསྒྲིགས་ཏེ་སྦྱར་བ་རེད་སྙམ་མོ། ། རྣམ་དབྱེ་བདུན་པོ་དེ་ཡང་། བརྗོད་བྱའི་བྱ་དངོས་ཀྱི་ཁྱད་པར་ལ་གཞིགས་ནས་གཡས་གཡོན་གཉིས་སུ་དབྱེ་ན། གཡས་ཀྱི་རྣམ་དབྱེ་དང་པོས་ཅི་ཞིག་བྱེད་པ་དང་། གཉིས་པས་གང་དུ་བྱེད་པ། གསུམ་པས་སུས་བྱེད་པ། བཞི་པས་ཅིའི་ཕྱིར་བྱེད་པ་སྟོན་པས། རྣམ་དབྱེ་དང་པོ་ལ་ཆོས་དངོས་དང་། གཉིས་པ་ལ་བྱ་བའི་ཡུལ། གསུམ་པ་ལ་བྱེད་པ་པོ། བཞི་པ་ལ་དགོས་ཆེད་ཀྱི་མཚན་བསྩལ་པ་ཡིན་ནོ། ། གཡོན་དུ་འབྱུང་བའི་རྣམ་དབྱེ་དག་གིས་ནི། དངོས་པོ་ཞིག་བརྗོད་བྱར་བཟུང་སྟེ། དངོས་པོ་དེ་ཅི་འདྲ་ཡིན་པ། གང་ལས་བྱུང་བ། སུའི་ཡིན་པ། གང་དུ་ཡོད་པ་སོགས་གཙོ་བོར་སྟོན་པས། རྣམ་དབྱེ་ལྔ་པ་ལ་འབྱུང་ཁུངས་དང་། དྲུག་པ་ལ་འབྲེལ་གཞི་དང་། བདུན་པ་ལ་གནས་གཞིའི་མཚན་གསོལ་བ་ཡིན་ནོ་ཞེ་ན། རྣམ་དབྱེ་བརྒྱད་པོའི་གོང་འོག་དང་སྔ་ཕྱིའི་འབྲེལ་བ་ཚགས་དམ་ཞིང་། བརྗོད་དོན་གྱི་ཆ་ནས་ཀྱང་ཕུན་སུམ་ཚོགས་པར་འགྱུར་རོ། །

        དེ་ཡང་། རྣམ་དབྱེ་གསུམ་པ་ལ་སྤྱིའི་ཆ་ནས་བྱེད་པོ་རུ་འབོད་ཀྱང་། ཞིབ་ཏུ་བྱེད་པོ་དང་། བྱེད་པ་དང་། རྒྱུ་མཚན་དང་། བྱེད་སྟངས་ལ་སོགས་པའི་བྱེ་བྲག་གི་དབྱེ་བ་ཡོད་པ་ཇི་བཞིན་དུ། རྣམ་དབྱེ་གཞན་དག་ལའང་ནང་གསེས་ཀྱི་དབྱེ་བ་མཛད་དེ་ཡལ་གའི་ཚུལ་དུ་རིས་སུ་བཀོད་པ་ན། བོད་ཀྱི་རྣམ་དབྱེའི་རྣམ་གཞག་འདི་ཉིད་ཚང་ཚིང་གཡུ་ལོ་རྣམ་པར་རྒྱས་པའི་ལྗོན་ཤིང་གི་གཟུགས་སུ་འགྲུབ་བོ། །

གཉིས། རྣམ་དབྱེའི་བརྡ་སྤྲོད་པའི་ནུས་པ།

     དེའི་རྒྱུ་མཚན་གྱིས། རྩ་བ་སུམ་ཅུ་པའི་གཞུང་དུ་བཞུགས་པའི་རྣམ་དབྱེ་བརྒྱད་པོ་ནི་སྒང་པ་བོད་མིས་བརྡ་སྤྲོད་པའི་ངག་གི་རྩ་བའི་རྒྱུ་བརྒྱད་དུ་འདོད་དོ། །

        ཤིང་མཁན་གྱིས་མདུན་རིའི་ནགས་ཚལ་སྟུག་པོ་རུ་སྟར་ཀའི་སྡོང་བོ་གཅོད་བཞིན་འདུག ལྟ་བུ་བརྗོད་དོན་ཡོངས་སུ་རྫོགས་པར་སྟོན་པའི་སྡེབ་སྦྱོར་གྱི་སྡེ་(Grammatical unit)ཆེན་པོ་འདི་ལ་ངག་གམ་རྗོད་པ(Sentence)ཞེས་བྱའོ། ། སྦྱོར་སྡེ་དེ་འགྲུབ་བྱེད་ཀྱི་རྒྱུ་ནི་རྣམ་དབྱེའོ། ། འབྲས་བུ་ནི་ལེའུ་སྒྲུབ་པར་བྱེད་དོ། ། ངག་གམ་རྗོད་པ་ནི། རྣམ་དབྱེ(Case)དུ་མ་ལས་གྲུབ་པ་ཡིན་ཏེ། གོང་གི་རྗོད་པ་དེའི་གྲུབ་རྒྱུ་རྣམས་རྣམ་དབྱེ་དུ་མར་བཀྲལ་ན།

①ཤིང་མཁན/གྱིས/གཅོད་བཞིན་འདུག ཅེས་པ་བྱེད་པོ་བརྗོད་པའི་རྣམ་དབྱེ་གསུམ་པ་དང་།

②མདུན་རིའི་ནགས་ཚལ་སྟུག་པོ/རུ/གཅོད་བཞིན་འདུག ཅེས་པ་བྱ་བའི་ཡུལ་བརྗོད་པའི་རྣམ་དབྱེ་གཉིས་པ།

③སྟར་ཀའི་སྡོང་བོ/གཅོད་བཞིན་འདུག ཅེས་པ་བྱ་བ་འཇུག་སའི་ཆོས་དངོས་བརྗོད་པའི་རྣམ་དབྱེ་དང་པོ་བཅས་གསུམ་མོ། །

རྣམ་དབྱེའི་རྒྱུ་ནི་ཚིག་གོ ། འབྲས་བུ་ནི་ངག་སྒྲུབ་པར་བྱེད་དོ། ། རྣམ་དབྱེའི་སྡེབ་སྦྱོར་ནི་ཚིག(Phrase)དུ་མས་གྲུབ་པ་ཡིན་ནོ། ། སྟར་ཀའི་སྡོང་བོ་གཅོད་བཞིན་འདུག ལྟ་བུའི་རྣམ་དབྱེ་དང་པོ་འདི་ལ་གྲུབ་རྒྱུ་གཉིས་ཡོད་དེ། ཨི་ལྡན་གྱི་ཕྲད་ཀྱིས་མཚམས་སྦྱར་བའི་སྟར་ཀའི་སྡོང་བོ་ཞེས་པའི་མིང་གི་ཚིག(Noun Phrase)དང་། གཅོད་བཞིན་འདུག ཅེས་པའི་བྱ་བའི་ཚིག(Verd Phrase)གཉིས་སོ། ། སྟར་ཀའི་སྡོང་བོ་ཞེས་པ་ནི་མིང་གི་ཚིག་སྟེ། དེ་ཡང་རྒྱུ་དུ་མས་གྲུབ་པས་ན་ཚིག་གི་རྣམ་པ་དང་། ངོ་བོ་མིང་ཙམ་ཡིན་པས་སོ། ། དེ་བཞིན། གཅོད་བཞིན་འདུག་ཅེས་པ་བྱ་བའི་ཚིག་ཡིན་ཏེ། རྒྱུ་དུ་མས་གྲུབ་པས་ཚིག་གི་རྣམ་པ་ཡོད་ཀྱང་དོན་གྱི་ངོ་བོ་བྱ་ཚིག་ཡིན་ནོ། །

ཚིག་གི་རྒྱུ་ནི་ཐ་སྙད་དོ། ། འབྲས་བུ་ནི་རྣམ་དབྱེ་སྒྲུབ་པར་བྱེད་དོ། ། ཚིག་དེ་དག་གི་སྒྲ་དོན་གཉིས་ཀའི་ཐུང་བའི་མཐར་ཐུག་པནི་ཐ་སྙད(Word)དེ། སྟར་ཀའི་སྡོང་བོ་ཞེས་པའི་མིང་གི་ཚིག་དེ། སྟར་ཀ་དང་། འི་དང་། སྡོང་བོ་བཅས་ཐ་སྙད་གསུམ་གྱིས་གྲུབ་པ་དང་། གཅོད་བཞིན་འདུག་ཅེས་པའི་བྱ་བའི་ཚིག་དེ་ཡང་། གཅོད་དང་། བཞིན་དང། འདུག་བཅས་ཀྱིས་གྲུབ་པ་ཡིན་ནོ། ། ཐ་སྙད་དེ་དག་ཀྱང་སོ་སོའི་བརྡ་སྤྲོད་པའི་ངོ་བོའི་ཁྱད་པར་གྱིས། རིགས་དུ་མར་དགར་བ་ཡིན་ཏེ། སྟར་ཀ་དང་། སྡོང་བོ་ལྟ་བུ་ལ་མིང་ཞེས་བྱ་ཞིང་། འི་ལྟ་བུ་ལ་ཕྲད། གཅོད་ལྟ་བུ་ལ་བྱ་ཚིག་དང་། བཞིན་དང་འདུག་ལྟ་བུ་ལ་རྣམ་གཅོད་ཀྱི་སྒྲ་སྟེ། སྔ་མས་དུས་གསལ་བྱེད་དང་ཕྱི་མས་ངེས་པ་གསལ་བར་བྱེད་པ་ལྟ་བུའོ། །

ཐ་སྙད་ཀྱི་རྒྱུ་ནི་ཡི་གེའོ། ། འབྲས་བུ་ནི་ཚིག་སྒྲུབ་པར་བྱེད་དོ། ། ཡིན་ཏེ། སྟར་ཀ་དང་། འི་དང་། སྡོང་བོ་དང་། གཅོད་དང་། བཞིན་དང་། འདུག་ལ་སོགས་པའི་ཐ་སྙད་དག་ནི་ཡི་གེ་ལས་གྲུབ་པ་ཡིན་ནོ། །

བརྡ་སྤྲོད་པའི་སྡེབ་སྦྱོར་གྱི་ཚོགས་སམ་སྡེ་ཐོག་མ་ནི་ཡི་གེ(Character)སྟེ་གདངས་ལས་བྱུང་བའོ། ། འབྲས་བུ་ནི་ཐ་སྙད་སྒྲུབ་པར་བྱེད་དོ། །

འདི་ལྟར། བོད་སྐད་ཡིག་གི་བརྡ་སྤྲོད་པའི་སྡེབ་སྦྱོར་གྱི་སྡེའམ་ཚོགས་ཞེས་པའང་། ཡི་གེ་དང་། ཐ་སྙད་དང་། ཚིག་དང་། རྣམ་དབྱེ་དང་། རྗོད་པ་བཅས་ལྔ་རུ་རྒྱ་ཆེ་བར་དབྱེ་ན། རྣམ་དབྱེའི་ཐུན་མོང་མ་ཡིན་པའི་བརྡ་སྤྲོད་ཀྱི་ནུས་པའང་མངོན་པར་གསལ་བར་འགྱུར་ལ། སྦྱོར་སྡེ་སྔ་མ་གང་ཞིག་ཕྱི་མའི་རྒྱུ་རུ་འགྲོ་ཞིང་། ཕྱི་མ་གང་ཞིག་སྔ་མའི་འབྲས་བུར་སྣང་ངོ་། །

དྲུག་པ། མཇུག་བསྡུ་བ།

བརྡ་སྤྲོད་བསྟན་བཅོས་སྔ་མ་རྣམས་སུ། རྣམ་དབྱེ་དང་པོ་ནི་མིང་ཙམ་དང་། རྣམ་དབྱེ་དྲུག་པ་ནི་མིང་གི་ཚིག་ཙམ་དུ་འདོད་པས་ན། མིང་དང་། ཚིག་དང་། རྣམ་དབྱེ་གསུམ་པོ་སྡེབ་སྦྱོར་གྱི་སྡེ་གཅིག་གི་ཁོངས་སུ་བསྡུས་པ་ཡིན་པས། སྡེབ་སྦྱོར་གྱི་སྡེའི་ཆེ་ཆུང་དང་། སྔ་ཕྱིའི་བར་གྱི་འདུས་བྱས་ཀྱི་འབྲེལ་བ་དག་གསལ་པོར་སྟོན་མི་ཐུབ་ལ། རྣམ་དབྱེའི་རྣམ་གཞག་གིས་བོད་ཀྱི་བརྡ་སྤྲོད་པ་ལ་བྱེད་ནུས་ཅི་ཞིག་ཐོན་ཡོད་པ་ཡང་ལྷང་ངེར་འཆར་མ་ཐུབ་པ་འདྲའོ། །

བོད་སྐད་ཡིག་གི་ཁྲོད་དུ་རྒྱ་ཆེར་འབྱུང་བའི་སྡེབ་སྦྱོར་གྱི་སྡེ་སྟེ། སྡོང་བོ་གཅོད་ལྟ་བུ་ནི་རྣམ་དབྱེ་དང་པོ་དང་། བཀྲ་ཤིས་ཀྱི་རེད་ལྟ་བུ་རྣམ་དབྱེ་དྲུག་པའི་མཚན་གཞིར་བཀོད་ན་ནི། དེ་གཉིས་ཀྱང་རྣམ་དབྱེ་བྱེད་པ་ཅན་གྱི་རིགས་སུ་ཁས་འཆེས་པ་ཡིན་ལ། དེ་ལྟ་ན་བོད་པའི་རྣམ་དབྱེ་ཞེས་པ་ལ་སྤྱི་མཐུན་གྱི་གྲུབ་ལུགས་ཡོད་ཅིང་། སོ་སོའི་འབྲེལ་བ་དམ་ལ་བརྗོད་དོན་གྱི་ཆ་ནས་ཀྱང་འཐུས་ཚང་བ་ཞིག་ཏུ་འགྱུར་རོ། ། མ་ཟད་རྣམ་དབྱེ་ཞེས་པའི་སྡེབ་སྦྱོར་གྱི་སྡེ་ཐུན་མོང་མ་ཡིན་པ་འདི་ཉིད་ནི་བོད་སྐད་ཡིག་གི་རྗོད་པ་ངག་གི་སྡེ་ཆེན་པོ་དེ་འགྲུབ་བྱེད་ཀྱི་རྒྱུ་ཐད་ཀར་བ་ཡིན་པའང་རྟོགས་སླ་ལ། རྗོད་པའི་གྲུབ་ལུགས་ལ་དབྱེ་དཔྱད་བྱ་བའི་ཐབས་ལམ་དམ་པ་ཞིག་ཏུའང་ངང་གིས་གྱུར་ཡོད་དོ། །

དེ་བས། སློབ་གྲྭ་ཆུང་འབྲིང་མཐོ་གསུམ་གྱི་བསླབ་དེབ་རྩོམ་སྒྲིག་བྱ་བའི་དུས་སུ་ཡང་། སློབ་བུ་དག་གི་ལོ་ཚོད་དང་གོ་རྟོགས་ཀྱི་ཆུ་ཚད་ལ་དམིགས་ནས། ཐོག་མར་ཡི་གེ་དང་། ཐ་སྙད་དང་དེའི་དབྱེ་བ། དེ་ནས་ཚིག་གི་སྡེབ་སྦྱོར་དང་། རྣམ་དབྱེའི་རྣམ་གཞག མཐར་རྣམ་དབྱེའི་དཀའ་གནད་དང་མང་ཉུང་ལ་གཞིགས་ནས་རྗོད་པ་རིང་ཐུང་བར་མ་སོགས་སུ་འཚམ་པར་སྦྱར་ན། བོད་ཡིག་ལ་འཇུག་བདེ་བ་ཡིན་ནོ་སྙམ་མོ། །


དཔྱད་གཞིའི་ཡིག་ཆ།

[1]དྲན་པ་ཡེ་ཤེས་གྲགས་པ། སྨྲ་སྒོ་མཚོན་ཆ།[M]མི་རིགས་དཔེ་སྐྲུན་ཁང་། 2011

[2]ཚེ་ཏན་ཞབས་དྲུང་། ཐོན་མིའི་ཞལ་ལུང་།[M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2016

[3]བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ། ། པོད་བཅུ་གཉིས་པ་སུམ་རྟགས་སྐོར། སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་།

[4]དཔའ་རིས་སངས་རྒྱས། བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ།[M]མི་རིགས་དཔེ་སྐྲུན་ཁང། 2008

[5][美] C.J.Fillmore.“格”辩(The case for case).商务印书馆,2005

(ཐེབས་རྩའི་རྣམ་གྲངས། དཔྱད་རྩོམ་འདི་ནི་རྒྱལ་ཁབ་རིམ་པའི་རང་བྱུང་ཚན་རིག་གི་ལས་གཞི(61640208)དང་། བོད་རང་སྐྱོང་ལྗོངས་སློབ་ཆེན་ན་གཞོན་དགེ་རྒན་གྱི་གསར་གཏོད་རོགས་སྐྱོར་འཆར་འགོད་ལས་གཞི(QCZ2016-12/QCZ2016-13/QCZ2016-11)དང་། བོད་ལྗོངས་སློབ་ཆེན་ཞིབ་འཇུག་སློབ་མའི་མཐོ་རིམ་མི་སྣ་གསོ་སྐྱོང་རོགས་སྐྱོར་ལས་གཞི་དང་། བོད་ལྗོངས་རང་བྱུང་ཚན་རིག་ལས་གཞི(2016ZR-TU-07)དང་། བོད་ལྗོངས་སློབ་གསོ་ཚན་རིག་གི་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་ལས་གཞི་བཅས་ཀྱི་དཔྱད་འབྲས་ཡིན།)

①བོད་ལྗོངས་སློབ་ཆེན་གྱི་དཔེ་མཛོད་ཁང་དུ་ཕྱག་ལས་གནང་བཞིན་ཡོད།


② ཚེ་ཏན་ཞབས་དྲུང་། ཐོན་མིའི་ཞལ་ལུང་། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2016:114

③ཚེ་ཏན་ཞབས་དྲུང་། ཐོན་མིའི་ཞལ་ལུང་། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2016:114

④ ཚེ་ཏན་ཞབས་དྲུང་། ཐོན་མིའི་ཞལ་ལུང་། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2016:115

⑤ བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ། ། པོད་བཅུ་གཉིས་པ་སུམ་རྟགས་སྐོར། [M] སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་། 2014:154

⑥ ཚེ་ཏན་ཞབས་དྲུང་། ཐོན་མིའི་ཞལ་ལུང་། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2016:163

⑦ བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ། ། པོད་བཅུ་གཉིས་པ་སུམ་རྟགས་སྐོར། [M] སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་། 2014:31

⑧དཀར་དྲུང་པདྨ་རྡོ་རྗེའི་གསུང་སྟེ། ད་སླད་མཁས་པའི་སྤྱོད་ཡུལ་ཉིད། ། འདི་ནི་བླུན་པོར་ཕན་ཆེད་བརྩམས། ། ཞེས་པ་དཔེར་བཟུང་བའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1