གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

བསྟན་པ་རབ་བརྟན། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༩ཚེས་༢༩ཉིན།

༄༅།། བོད་ཀྱི་རླུང་རྟའི་རྒྱན་རིས་ཀྱི་བྱུང་བ་དང་དེའི་ཁྱད་ཆོས་སྐོར་མདོ་ཙམ་གླེང་བ།

བསྟན་པ་རབ་བརྟན།
          རབ་དཀར་ཁ་བའི་རྡུལ་མང་བརྩེགས་པའི་ས་འཛིན་གྱི་ལྷུན་པོ་ཤེལ་དཀར་གྱི་མཆོད་རྟེན་ཇི་འདྲ་བ་མང་པོས་ཡོངས་སུ་བསྐོར་བ་དང་། མཚོ་དང་མཚེའུ་སྣ་ཚོགས་གཡུའི་མེ་ལོང་ངམ་མར་གད་ཀྱི་གཞོང་པ་ལྟ་བུ་གང་ས་གང་དུ་ཁེངས་པ། མུ་མཐའ་མེད་པའི་རྩྭ་ཐང་གི་སྤང་ལྗོངས་ཐོག་མེ་ཏོག་སྣ་ཚོགས་རབ་ཏུ་བཞད་པ། ཤར་ལྷོའི་ཕྱོགས་སུ་རྐང་འཐུང་རིགས་སྣ་ཚོགས་ཡལ་འདབ་རབ་ཏུ་རྒྱས་ནས་ནགས་ཚལ་སྟུག་པོས་བརྒྱན་པའི་སཱ་ལའི་སྨན་ལྗོངས་ཀྱི་གནས་འདིར་ཡུན་རིང་མོ་ཉིད་ནས་འཚོ་ཞིང་གནས་པའི་རང་ཅག་བོད་མི་རིགས་ནི་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀུན་གྱི་ནང་ནས་ལོ་རྒྱུས་ཡུན་རིང་ཤོས་དང་། རིག་གནས་ཕུན་སུམ་ཚོགས་ཤོས། སྒྱུ་རྩལ་ལ་དང་དོད་ཆེ་ཤོས་བྱེད་མཁན་བཅས་ཡིན་པ་ནི་ལོ་རྒྱུས་ཀྱི་ཡིག་རིགས་དང་། གནའ་ཤུལ་གྱི་རིག་དངོས་དེ་དག་ལས་ར་སྤྲོད་གསལ་པོ་བྱས་ཡོད། ད་ཕན་ཡིག་ཐོག་ཏུ་འཁོད་པའི་བཤད་ཚུལ་ལྟར་ན་ལོ་ངོ་སུམ་སྟོང་བརྒྱད་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་སྟེ《ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང》ཞེས་པའི་ནང་བསྟན་པ་ལྟར་ན“ལོ་གྲངས3845 འདས་པའི་གོང་གཤེན་རབ་མི་བོ་ཆེ་ཞང་ཞུང་འོལ་མོ་ལུང་རིང་དུ་སྐུ་བལྟམས་ནས་བོན་བསྟན་པའི་དུས་སྐབས་དེ་ནས་བཟུང་གཡུང་དྲུང་བོན་ཅེས་བྱ་བ་དེའི་དུས་རབས་ཀྱི་དབུ་བརྙེས་པ་ཡིན”ཅེས་གསལ་བོར་འཁོད་ཡོད་པ་དང་། དེ་བཞིན་རང་རྒྱལ་གྱི་གནའ་རྫས་རྟོག་ཞིབ་རིག་པ་མཁས་ཅན་ཚོས་བོད་ཀྱི་ས་གནས་མང་པོ་ཞིག་དང་ལྷག་པར་དུ་ཆབ་མདོའི་ཁ་རུབ་གྲོང་ཚོའི་ཉེ་འདབས་ཀྱི་ས་འོག་ནས་རྙེད་སོན་བྱུང་བའི་གནའ་མིའི་ཁང་ཤུལ་དང་། རྫ་ཆས་རི་མོ་ཅན། རྡོ་དང་གཡང་ཊི་རུས་ཆས་སོགས་ལ་བརྐོས་དཀྲོལ་བྱས་པའི་རྒྱན་ཆ་སྣ་ཚོགས་བཅས་གནའ་རྫས་དེ་ཚོར་རྟོག་ཞིབ་བྱས་པ་བརྒྱུད། རྡོ་ཆས་གསར་མའི་དུས་རབས་སམ་ལོ་ངོ་བཞི་སྟོང་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་ཡོད་པའི་ཕྱོགས་བསྡོམས་མཛད་ཡོད།  གང་ལྟར་ལོ་རྒྱུས་ཀྱི་ཡིག་རིགས་དང་ཚན་རིག་གི་ཆོད་བསྡོམས་གཉིས་ལ་ཧེ་བག་ཆེན་པོ་དེ་ཙམ་མེད། མཐུན་པའི་ཆ་དེའི་ཐོག་ནས་བོད་ཡུལ་འདིར་ལོ་ངོ་བཞི་སྟོང་ལྷག་གི་སྔོན་ནས་སྒྱུ་རྩལ་གྱི་རིག་གནས་དར་ཡོད་པ་གསལ་སྟོན་ཐུབ་ཡོད། ཕྱོགས་མཚུངས་རང་རེའི་སྔོན་བྱོན་མེས་པོ་ཚོས་ཤུལ་བཞག་མཛད་པའི་རིག་གནས་དང་། སྒྱུ་རྩལ། ལོ་རྒྱུས། ནང་རིག་པ་བཅས་ཀྱི་གསུང་རྩོམ་པོ་ཏི་གྲངས་ལས་འདས་པ་དེ་དག་ནི་བོད་ཀྱི་རིག་གནས་དང་། སྒྱུ་རྩལ།ལོ་རྒྱུས། ཆོས་ལུགས། གོམས་སྲོལ། སྤྱི་ཚོགས་བཅས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞིའི་ཡིག་རིགས་རིན་ཐང་བྲལ་བ་ཞིག་ཡིན་སྟབས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་གདེང་འཇོག་ཆེན་པོ་གནང་དང་གནང་མུས་སུ་མཆིས།   
          རིག་གནས་ཆེ་བ་ལྔའི་ནང་ཚན་ཏེ། བཟོ་རིག་པའི་ཁོངས་སུ་གཏོགས་པའི་བོད་མི་རིགསཀྱི་སྲོལ་རྒྱུན་རྒྱན་རིས་ནི་ལོ་རྒྱུས་ཧ་ཅང་རིང་བ་དང་། སྣ་མང་ཕུན་སུམ་ཚོགས་པ།  སྤྱོད་སྒོ་ཆེ་བ། མཐོང་སྣང་མཛེས་ཉམས་ལྡན་པ། མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ། ཚོན་མདོག་རྣམ་པར་བཀྲ་བ་བཅས་ཡིན་ལ། རྒྱན་རིས་ལ་སྤྱོད་པའི་རྒྱུ་ཆ་དང་བཟོ་རྩལ་ཐད་ལའང་དབྱེ་བ་མང་བ་སྟེ། གོས་ཆེན་དང་རས་ཆ་སྣ་ཚོགས་ཤོག;བུ། རྡུལ་ཚོན། ཤིང་།གསེར། དངུལ། ཟངས་ལྕགས། གཡུ། བྱུ་རུ། མུ་ཏིག གཡང་ཊི་སོགས་ཀྱི་རྒྱུ་ཆ་དང་།བཟོ་རྩལ་གྱི་ཐད་ལ་འབྲི་བ་དང་། རྐོ་བ། འབུར་བརྙན་བཟོ་བ། ལུགས་རྒྱག་པ། རྡུང་བ། དཀྲོལ་ཚག་རྒྱག་པ། ཕར་ཆིན་རྒྱག་པ། ཚེམ་དྲུབ་རྒྱག་པ། ལྷན་འདེབས་བྱེད་པ་སོགས་དབྱེ་བ་མང་དག་ཅིག་མཆིས་ཀྱང་དེ་དག་ཚང་མར་རི་མོས་སློབ་སྟོན་བྱས་ཡོད་ལ་རིམོའི་སྒྱུ་རྩལ་དང་ཁ་བྲལ་ཐབས་གཏན་ནས་མེད་སྟབས་རྒྱན་རིས་ཞེས་པའི་མིང་ཡང་དེ་ལྟར་ཐོགས་པ་ཡིན།   
          དང་པོ། འཆད་པར་བྱ་བ་ནི་ལོ་རྒྱུས་རིང་ཤོས་དང་། མི་རིགས་ཀྱི་བསམ་པའི་མཚོན་དོན་ཟབ་ཤོས། སྤྱོད་སྒོ་རྒྱ་ཆེ་ཤོས་བཅས་ཡིན་པའི་དར་ལྕོག་གི་རླུང་རྟའི་རྒྱན་རིས་དེ་ནི་གཡུང་དྲུང་བོན་གྱི་བསྟན་པ་དར་བའི་རྗེས་སུ་རིམ་བཞིན་གངས་ཅན་གྱི་ལྗོངས་འདིར་ཁྱབ་སྤེལ་དུ་སོང་ཞིང་། མ་མཐར་ཡང་ལོ་ངོ་སུམ་སྟོང་ལྷག་གི་ལོ་རྒྱུས་ལྡན་ཡོད། རླུང་རྟའི་རི་མོ་དེ་ནི་བོད་རིགས་མི་དམངས་ཀྱི་འཚོ་བའི་ཁྲོད་དུ་སྤྱོད་སྒོ་རྒྱ་ཆེ་ལ་འདུ་ཤེས་གཏིང་ཟབ་པའི་བསམ་པའི་འཚོ་བ་ཞིག་སྟེ། མཚོ་བོད་མཐོ་སྒང་དུ་གནས་པའི་བོད་རིགས་མི་དམངས་ཀྱིས་བཀྲ་ཤིས་པའི་བྱ་བ་བཟང་པོ་ཅི་འདྲ་ཞིག་བྱེད་དགོས་ཀྱང་། ཐོག་མར་ལ་རྩེ་དང་། རི་མགོ། རྡོ་སྤུངས། ཁང་ཁྱིམ་གྱི་ཐོག་སྟེང་སོགས་ལ་རླུང་རྟའི་རྒྱན་རིས་འཁོད་པའི་དར་ལྕོག་འཛུགས་པའམ་རླུང་རྟའི་རྒྱན་རིས་འཁོད་པའི་ཤོག་ལྷེབ་ནམ་མཁར་གཏོར་བ་སོགས་བྱེད་སྲོལ་ཡོད་པ་ནི་ངས་འདིར་རྒྱས་བཤད་ཞུ་བའི་དགོས་པ་མ་མཆིས། རླུང་རྟའི་ལྷ་གསོལ་མཆོད་བྱེད་པའི་ཆོ་ག་ནི་གཡུང་དྲུང་བོན་གྱི་བསྟན་པ་དར་བ་ནས་སྲོལ་བྱུང་བ་ནི་བོན་གྱི་ལོ་རྒྱུས་འགའ་ལ་གསལ་ཡོད།   
          རང་ཅག་གངས་ཅན་གྱི་ལྗོངས་འདིར་ནང་པ་སངས་རྒྱས་པའི་ཆོས་ལུགས་མ་དར་བའི་གོང་དུ་གཡུང་དྲུང་བོན་གྱི་ཆོས་ལུགས་འདི་ཉིད་བོད་མི་རིགས་ཀྱི་བསམ་པའི་རེ་བ་བཅོལ་ས་དང་། ཚེ་འདི་ཕྱིའི་སྐྱབས་ཡུལ་གྱི་གནས་ཉག་ཅིག་ཏུ་འཛིན་གྱི་ཡོད་པར་བརྟེན། རླུང་རྟའི་རྒྱན་རིས་འཁོད་པའི་དར་ལྕོག་འཛུགས་སྲོལ་དེའང་སྐབས་དེ་དུས་ནས་རིམ་བཞིན་ཁྱབ་སྤེལ་སོང་ཡོད་ལ། དེའི་ནང་དོན་གྱི་ཐད་ལའང་དུས་རབས་རིམ་བྱུང་གི་ནང་དུ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། དེ་ཡང་དབུས་སུ་རིན་ཆེན་སྒ་སྲབ་ནོར་བུས་བརྒྱན་པའི་དྲྭ་བ་དང་དྲྭ་ཕྱེད། སྒ་དཀྱིལ་དུ་འདོད་པའི་ལོངས་སྤྱོད་འབད་མེད་དུ་འཇོ་ནུས་པའི་ནོར་བུ་ཟུར་བརྒྱད་པ་མེ་འོད་ཀྱིས་འཚེར་བ། རླུང་གི་གཤོག་ཅན་རྟ་མཆོག་རིན་པོ་ཆེ་ཤུགས་དང་ལྡན་པ། དེའི་ཕྱོགས་བཞིར་སྟག་སེང་ཁྱུང་འབྲུག་གི་གཟུགས་བརྙན་འཁོད་པའི་རླུང་རྟའི་རྒྱན་རིས་དེ་ཡང་བོད་རིགས་འདུས་སྡོད་ཀྱི་ས་ཁུལ་ཡོངས་སུ་ཁྱབ་སྤེལ་དུ་སོང་སྟེ། བོད་རིགས་མི་དམངས་ཀྱི་བསམ་པའི་འདུ་ཤེས་གཏིང་ཟབ་ཏུ་གྱུར་པ་ལོ་རྒྱུས་འཕེལ་ཕྱོགས་ལས་གསལ་པོར་མཐོང་ཐུབ།  རླུང་རྟའི་རྒྱན་རིས་དེ་ཚོ་ནི་བོད་མི་རིགས་རང་ཉིད་ཀྱིས་གསར་བསྐྲུན་བྱས་པ་ལས་བྱུང་བ་སྟེ།   ཆེས་ཐོག་མའི་རྒྱན་རིས་ཀྱི་གྲས་ཤིག་ཡིན་པ་ནི་སུས་ཀྱང་བསྙོན་དུ་མེད།     
          རླུང་རྟ་ཞེས་པའི་ཐ་སྙད་དེ་ཇི་ལྟར་བྱས་ནས་བྱུང་བ་ཡིན་མིན་ལ་དཔྱད་ན། དེ་ནི་རྗེས་གྲུབ་ཀྱི་ཐ་སྙད་ཅིག་ཡིན་པར་གདོན་མི་ཟ་སྟེ། རླུང་ནི་བར་སྣང་གི་ཁམས་ཐམས་ཅད་ལ་ཁྱབ་ཡོད་པ་དང་རླུང་ཁམས་ཆེན་པོ་དེ་ཉིད་ལ་བརྟེན་ནས་མི་དང་སྲོག་ཆགས། སྐྱེ་དངོས་ཐམས་ཅད་སྐྱེ་འཕེལ་དང་འཚོ་ཞིང་གནས་ཐུབ་པ་བྱུང་། གལ་ཏེ་རླུང་ཁམས་དང་བྲལ་ཚེ་འཚོ་ཞིང་གནས་མི་ཐུབ་པ་ནི་ཆོས་ཉིད་ཀྱི་རང་བཞིན་ཡིན། དེའི་ཐོག་ནས་རླུང་ནི་འབྱུང་བཞིའི་ནང་གི་གཙོ་བོ་དེ་ཡིན་པ་མཚོན་ཡོད། རྟ་ཞེས་པ་ནི་ཅང་ཤེས་མགྱོགས་འགྲོའི་མིང་སྟེ་གང་བསམ་རྟོགས་ཐུབ་ལ། གང་བསམ་བགྲོད་ཐུབ་པ་མྱུར་བའི་དོན་མཚོན་པས། མི་རྣམས་ཀྱིས་རང་གི་འདོད་དོན་རྣམས་བདེ་བླག་ཏུ་འགྲུབ་པར་བྱེད་ཅིང་། རླུང་རྟ་ཡར་འཕེལ་གྱི་དོན་མཚོན་དུ་བཀོད་པ་ཡིན། དེ་ཡང་མཐའ་བཞི་རུ་གནས་པའི་སྟག་སེང་ཁྱུང་འབྲུག་སྟེ། ཁ་ཅིག་གིས་སྲོག་ཆགས་ཀུན་ལས་རྣམ་པར་རྒྱལ་བའི་སྟོབས་དང་རྩལ་གྱིས་སྙེམས་པའི་ནུས་ལྡན་བཞིའི་གཟུགས་སུ་བཀོད་པ་དེས་མི་འཇིགས་པ་སྟེ་རྣམ་པར་རྒྱལ་བ་མཚོན་པ་ཡིན་ཞེས་བཤད་སྲོལ་འདུག་པ་དེའང་བདེན་སྲིད་མོད། ཁོ་བོའི་ངོས་འཛིན་ལྟར་ན་གནའ་བོའི་བོན་ཆོས་ལ་འབྱུང་བ་བཞི་པོ་དང་ཁམས་ལྔ་པོ་དེ་སྣོད་བཅུད་གཉིས་ལ་མེད་དུ་མི་རུང་བའི་རྒྱུ་རྐྱེན་གལ་པོ་ཆེར་འཛིན་པས། འབྱུང་བའི་མཚོན་བྱེད་དུ་གོ་ན་ལེགས་སྙམ་སྟེ། སྟག་ནགས་ཚལ་དུ་གནས་ཤིང་། ཁམས་ཤིང་མཚོན་པ་དང་ཤིང་བུ་མེ་ཡིན་པ་མ་ཟད། སྟག་གི་ཁ་དོག་ཀྱང་དམར་སེར་མེ་དང་མཚུངས་པས་འབྱུང་བ་མེ་མཚོན་པ་ཡིན། སེང་གེ་དཀར་མོ་རལ་པ་དམར་སེར་སའི་མདོག་དང་མཚུངས་ལ། གངས་དང་རི་བོར་གནས་པ་ན་ཁམས་ས་དང་འབྱུང་བ་ས་མཚོན་པ་ཡིན། དེང་སང་འབྲི་བཞིན་པའི་སེང་གེ་འདི་གཡུ་རལ་ཅན་ཉིད་ནི་དུས་རབས་བཅོ་ལྔ་པའི་ནང་སྨན་བླ་དོན་གྲུབ་གྱིས་སྨན་ལུགས་བྲིས་རྒྱུན་སྤེལ་བའི་རྗེས་ལ་རྒྱ་ནག་གི་སེང་གེར་དཔེ་བལྟས་ནས་དར་སྲོལ་བྱུང་བ་ལས། དེའི་སྔོན་གྱི་བལ་ལུགས་བྲིས་རྒྱུན་དང་བྱིའུ་སྒང་པའི་ལུགས་ཀྱི་བྲིས་རྒྱུན་ལ་སེང་གེ་རལ་པ་དམར་སེར་ཅན་མཇུག་མ་ཕྲ་ལ་རིང་ཞིང་རྩེ་མོར་སྤུ་རྫོབ་ཡོད་པ་ཞིག་འབྲི་སྲོལ་ཡོད་པ་ནི་སྔར་གྱི་ལྡེབས་རིས་རྙིང་པ་དང་ཐང་རྙིང་དེ་དག་གི་ནང་ནས་མཐོང་ཐུབ། ཁྱུང་ཆེན་དམར་སྨུག་གི་མདོག་ཅན་ལུས་སྟོད་མི་གཟུགས་དང་། ལུས་སྨད་བྱ་གཟུགས། མགོ་བོ་བྱ་གླག་གི་དབྱིབས་ལ་རལ་པ་དམར་སེར་མེ་དང་མཚུངས་ཤིང་། ལྕགས་ཀྱི་མཆུ་ཏོ་ཅན། རྭ་ཅོའི་རྩེ་ནས་མེ་ལྕེ་འབར་བ། གཤོག་སྒྲོ་རབ་ཏུ་རྒྱས་ཤིང་། བར་སྣང་གི་ཁམས་སུ་འཕུར་ལྡིང་བྱེད་ཅིང་གནས་པས་ན་ཁམས་མེ་མཚོན་པ་ཡིན། གཡུ་འབྲུག་སྔོན་པོ་རབ་ཏུ་བརྗིད་པ་གཟུགས་སྦྲུལ་ལྟར་རིང་ཞིང་ཡན་ལག་བཞི་དང་ལྡན་པ་སྦར་མོར་ནོར་བུ་འཛིན་པ། མགོ་བོ་གྱི་ལིང་གི་དབྱིབས་ལྟར་རྭ་ཅོ་ཅན་རལ་པ་དམར་སེར་གྱེན་དུ་བརྫེས་པ་རྒྱ་མཚོར་གནས་པས་ཁམས་ལྕགས་མཚོན་ལ། ལྕགས་བུ་ཆུ་ཡིན་པས་འབྱུང་བ་ཆུ་མཚོན་པ་བཅས་ཡིན། རླུང་ཁམས་ཆེན་པོ་ནི་ཀུན་ལ་ཁྱབ་པས་ནམ་མཁའི་ཁམས་མཚོན་པ་བཅས་ཀྱིས་འབྱུང་བ་དང་དེའི་བྱེད་ལས་ཀྱི་མཚོན་དོན་གསལ་བར་བསྟན་ཅིང་། དེ་ལྟ་བུའི་བྱེད་ལས་ཀྱིས་འགྲོ་བ་མིའི་རིགས་ལ་ཉེས་ཚོགས་གང་ཞིག་མཆིས་པ་མཐའ་དག་སེལ་ཐུབ་པ། རྨད་དུ་བྱུང་བའི་ལེགས་ཚོགས་གང་ཞིག་མཆིས་པ་མཐའ་དག་འདུ་ཐུབ་པ། ལྟས་ངན་པ་རྣམས་བཀྲ་ཤིས་པར་འགྱུར་བ་སོགས་དང་སྐྱེས་བུ་རྣམས་ཀྱི་བསམ་པའི་རེ་འདོད་ཡོངས་སུ་བསྐངས་པ་དང་མྱུར་བ་ཉིད་དུ་འགྲུབ་པར་མཚོན་པའི་རྟ་མཆོག་རིན་པོ་ཆེར་རིན་ཆེན་སྣ་ཚོགས་ཀྱིས་བརྒྱན་པའི་སྒ་སྲབ་ཀྱིས་སྤྲས་ཤིང་དེའི་སྟེང་དུ་ནོར་བུ་ཟུར་བརྒྱད་པ། བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འཇོ་ནུས་པ། མེ་འོད་རབ་ཏུ་འཚེར་བ་ཞིག་གིས་བརྒྱན་པ་འབྲི་སྲོལ་བྱུང་བ་ནི་རླུང་རྟའི་གོ་དོན་གསལ་བར་བསྟན་ཅིང་། གནའ་བོའི་བོད་མི་ཚོས་མི་རྣམས་ཀྱི་ཚེ་བསོད་དབང་ཐང་དང་ཡུལ་ལུང་འབྱོར་པ་རྒྱས་མིན་ནི་འབྱུང་བ་བཞི་འཕེལ་བའམ་ཉམས་པ་ལ་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་རླུང་རྟའི་རྒྱན་རིས་དེའི་ཐོག་ནས་གནའ་བོའི་བོད་མིའི་བསམ་པའི་འདུན་པ་དང་ཕྱི་རོལ་ཡུལ་ལ་ངོས་འཛིན་བྱེད་སྟངས་ཀྱང་གསལ་པོར་མཚོན་ཡོད་པ་མ་ཟད། དེ་བོད་མི་རྣམས་ཀྱི་བསམ་པའི་འདུ་ཤེས་དང་སྤྱི་ཚོགས་ཀྱི་གོམས་སྲོལ་ཞིག་ཏུ་གྱུར་ནས་དུས་ད་ལྟའང་གནས་ཡོད་པ་ཡིན།   
          གཉིས་པ། ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བལ་ནས་བཙུན་མོ་གཉིས་བསུས་ཤིང་། དེའི་རྟེན་སྐལ་དུ་ཇོ་བོ་རྣམ་གཉིས་བོད་དུ་སྤྱན་འདྲེན་པ་དང་ཆབས་གཅིག་ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་རྒྱས་བཏབ་ར་མོ་ཆེའི་གཙུག་ལག་ཁང་། ཁྲ་འབྲུག་གཙུག་ལག་ཁང་སོགས་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་མང་པོ་ཞིག་གསར་དུ་བསྐྲུན། ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་དུ་བཏོད་ནས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་བོད་ཡིག་ཏུ་བསྒྱུར་བ་སོགས་ནང་པ་སངས་རྒྱས་པའི་ཆོས་ལུགས་དར་འཕེལ་བྱུང་བའི་རྗེས། ནང་པ་སངས་རྒྱས་པའི་ནང་དོན་བརྗོད་བྱ་བྱས་པའི་རྒྱན་རིས་མང་པོ་ཞིག་རིམ་བཞིན་དར་སྤེལ་བྱུང་ཡོད། མ་གཞི་རླུང་རྟའི་དར་ལྕོག་གི་རི་མོ་ནི་བོན་གྱི་ཆོས་ལུགས་ལས་བྱུང་བ་ཞིག་དང་།  བོད་མིའི་བསམ་པའི་འདུ་ཤེས་གཏིང་ཟབ་ཅིང་གོམས་སྲོལ་ཞིག་ཆགས་པར་བརྟེན། བོན་ལུགས་ཀྱི་རླུང་རྟའི་རི་མོ་སོར་བཞག་གི་རྨང་གཞིའི་ཐོག  ནང་པ་སངས་རྒྱས་པའི་བཀྲ་ཤིས་རྟགས་བརྒྱད་ཀྱི་རྒྱན་རིས་དེ་གསར་དུ་བསྣན་ཏེ་མི་རྣམས་ལ་བཀྲ་ཤིས་པ་དང་དོན་འགྲུབ་པ།  ཕུན་ཚོགས་འདོད་རྒུའི་དཔལ་ལ་སྤྱོད་ཐུབ་པའི་དོན་མཚོན་བྱས་པ་དེར་ཧ་ཅང་དགའ་པོ་བྱེད་པར་རྒྱུ་མཚན་མེད་པ་མ་ཡིན་ཏེ། སངས་རྒྱས་ཆོས་ལུགས་བོད་དུ་དར་བ་ནས་བཟུང་། བོད་མི་རྣམས་ཀྱི་བསམ་པའི་འདུ་ཤེས་དང་དད་མོས་ལ་རིམ་བཞིན་འགྱུར་བ་བྱུང་སྟེ། ནང་པ་སངས་རྒྱས་པའི་ནང་དོན་བརྗོད་བྱ་བྱེད་པའི་རྒྱན་རིས་ལ་དགའ་པོ་བྱེད་པ་དེ་འགོ་ཚུགས་པ་ཡིན། དེར་བརྟེན་བཀྲ་ཤིས་རྟགས་བརྒྱད་ཀྱི་རྒྱན་རིས་དེ་རླུང་རྟའི་དར་ལྕོག་ཐོག་བཀོད་པ་རྐྱང་པས་མ་ཚད་པར་བོད་རིགས་འདུས་སྡོད་བྱེད་སའི་ས་གནས་ཡོད་དོ་ཅོག་གི་དགོན་པ་དང་ལྷ་ཁང་གྲོང་ཁྱིམ་སོགས་གང་ས་གང་དུ་མཐོང་རྒྱུ་ཡོད་པ་ནི་ཀུན་གྱི་འདྲེན་བྱེད་ཀྱི་ལམ་དུ་གནས། གཤམ་དུ་ངས་བཀྲ་ཤིས་རྟགས་བརྒྱད་ཀྱི་མཚོན་དོན་དང་། བཟོ་དབྱིབས་སོགས་རྣམ་གྲངས་རེ་རེའི་ཐོག་ནས་ངོ་སྤྲོད་ཞུ་རྒྱུ་སྟེ《བཀྲ་ཤིས་བརྩེགས་པའི་མདོ》ལས“ན་མོ་དབུ་ལ་བཀྲ་ཤིས་གདུགས་ལྟར་སྐྱོབ། སྐུ་ལ་བཀྲ་ཤིས་མི་ནུབ་རྒྱལ་མཚན་མཆོག །གསུང་ལ་བཀྲ་ཤིས་ཆོས་དུང་གཡས་སུ་འཁྱིལ། །ཐུགས་ལ་བཀྲ་ཤིས་དཔལ་གྱི་བེའུ་གསལ། །སྤྱན་ལ་བཀྲ་ཤིས་རིན་ཆེན་གསེར་གྱི་ཉ། །ལྗགས་ལ་བཀྲ་ཤིས་པདྨ་ལོ་འདབ་རྒྱས། །མགུལ་ལ་བཀྲ་ཤིས་རིན་ཆེན་བུམ་པ་འཁྱིལ། །ཕྱག་ལ་བཀྲ་ཤིས་ཡོན་ཏན་ནོར་བུ་མཆོག །ཞབས་ལ་བཀྲ་ཤིས་འཕྲིན་ལས་འཁོར་ལོ་མངའ། ། བཀྲ་ཤིས་རྫས་བརྒྱད་དངོས་གྲུབ་དམ་པའི་མཆོག །རྫས་མཆོག་བརྒྱད་ཀྱི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་རྟག་ཏུ་བདེ་ལེགས་ཤོག །”ཅེས་གསལ་བ་ལྟར། བཀྲ་ཤིས་པའི་རིན་ཆེན་གདུགས་ནི་དབུའི་མཛེས་ཆོས་སུ་བཀོད་དེ།  གདུགས་དཀར་པོ་གསེར་གྱི་ཡུ་བ་དང་ལྡན་པ། རིན་པོ་ཆེའི་དྲ་བའི་འཕང་འཕུར་དང་དར་སྣ་ཚོགས་ཀྱི་ཅོད་པན་གྱིས་བརྒྱན་ཏེ་འཕུར་ལྡིང་བྱེད་པ། ནོར་བུའི་ཏོག་གིས་མཚན་པ།  འགྲོ་ཀུན་ཉོན་མོངས་ཀྱི་ཚ་གདུང་སེལ་ཞིང་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པའི་རང་མཚན་མངོན་པའི་མཚོན་རྟགས་ཡིན། གསེར་ཉ་གཉིས་ནི་སྤྱན་གྱི་མཛེས་ཆོས་སུ་བཀོད་དེ་གསེར་ཉ་སྒལ་གཞུང་ཁྲབ་རིས་ཅན་འདབ་གཤོག་དང་ལྡན་པ། མིག་འབྲས་གོར་ཞིང་མཛེས་ལ་འོད་ཁྱུག་པ། ལྡེམ་ལྡེམ་ལྕུག་ལྕུག་གིས་ཉམས་འགྱུར་ངོམ་ཞིང་། སྐྱེ་བོ་ཀུན་ལ་ཤེས་རབ་ཀྱི་མིག་སྦྱིན་པར་བྱེད་པའི་མཚོན་རྟགས་ཡིན། གཏེར་ཆེན་གྱི་བུམ་པ་ནི་མགུལ་གྱི་མཛེས་ཆོས་སུ་བཀོད་དེ། གསེར་གྱི་བུམ་པ་འཆི་མེད་བདུད་རྩིས་གང་བ། ཟད་མི་ཤེས་པའི་གཏེར་ཆེན་པོའི་བཅུད་ཀྱིས་སྐྱེ་རྒུ་ཐམས་ཅད་རང་རྒྱུད་སྨིན་གྲོལ་གྱི་ལམ་དུ་བཀོད་པའམ་དབུལ་པོའི་མིང་ཡང་མེད་པར་འདོད་རྒུ་ཐམས་ཅད་འབད་མེད་དུ་འཇོ་བའི་གཏེར་ཆེན་པོའི་མཚོན་རྟགས་སོ། པདྨ་ནི་ལྗགས་ཀྱི་མཛེས་ཆོས་སུ་བཀོད་ནས་མེ་ཏོག་པདྨ་ཚོན་མདངས་རྣམ་པར་བཀྲ་བ་དྲི་བཟང་པོ་ཕྱོགས་བཅུར་འཐུལ་ཏེ་བུང་བའི་ཚོགས་ཀྱིས་བསྐོར་བ།  ཡལ་འདབ་རྣམ་པར་རྒྱས་ཤིང་རྫུན་དང་ཕྲ་མ་སོགས་ངག་གི་མི་དགེ་བ་ཐམས་ཅད་སྤངས་ཏེ།  སྨྲ་མཁས་ཤིང་ངག་འཇམ་པ། རིག་པའི་གནས་མཐའ་དག་གི་བདུད་རྩི་མྱངས་ནས་འཆད་རྩོད་ལ་ཐོགས་པ་མེད་པའི་མཚོན་རྟགས་སོ། དུང་དཀར་གཡས་འཁྱིལ་ནི་གསུང་གི་མཛེས་ཆོས་སུ་བཀོད་དེ། ཆོས་དུང་དཀར་པོ་གཡས་སུ་འཁྱིལ་བ། ཚེམས་ཕྲེང་བཞི་བཅུའི་མཚན་མ་དང་ལྡན་ཞིང་། བུས་པ་ཙམ་གྱིས་བཀྲ་ཤིས་པའི་སྒྲ་དབྱངས་ཕྱོགས་བཅུར་བསྒྲོགས་པ། སྐྱེ་རྒུ་རྣམས་ལ་བདེ་བ་ཟད་མི་ཤེས་པ་ཐོབ་པར་བྱེད་པས་ན་གསུངས་དབྱངས་ཡན་ལག་དྲུག་ཅུའི་མཚོན་རྟགས་སོ། དཔལ་གྱི་བེའུ་ནི་ཐུགས་ཀྱི་མཛེས་ཆོས་སུ་བཀོད་དེ། རིན་པོ་ཆེ་དཔལ་གྱི་བེའུ་ཁ་དོག་སྣ་ཚོགས་པའི་འོད་ཀྱི་རང་བཞིན་ཅན་རྣམ་པ་ཐམས་ཅད་མཁྱེན་པ་ལ་ཐོགས་པ་མི་མངའ་བ་དང་གཏིང་དཔག་པར་དཀའ་བའི་སྟོབས་བཅུའི་ཡོན་ཏན་རྣམས་རང་གི་རྒྱུད་ལ་ཐོབ་པར་བྱེད་པའི་མཚོན་རྟགས་སོ། རྒྱལ་མཚན་ནི་སྐུའི་མཛེས་ཆོས་སུ་བཀོད་དེ། ལྷ་རྫས་དར་ཚོན་ལྔ་ལྡན་ལས་གྲུབ་ཅིང་། རིན་པོ་ཆེ་སྣ་ཚོགས་པའི་དྲྭ་བའི་འཕྱང་ཕྲུལ་གྱིས་བརྒྱན་པ་དང་། དགོས་འདོད་ཐམས་ཅད་འབད་མེད་དུ་འཇོ་བའི་ནོར་བུ་རིན་པོ་ཆེའི་ཏོག་གིས་མཚན་པ། སངས་རྒྱས་ཀྱི་བསྟན་པ་མི་ནུབ་པ་བསྐལ་བརྒྱར་གནས་ཤིང་ཕས་ཀྱིས་རྒོལ་བ་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ཞིང་མཛེས་པའི་ཆ་ཡོངས་སུ་ཚང་བ། མཐོང་བ་ཙམ་གྱིས་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་སྟེ་སྐྱེ་བོ་ཕལ་པའི་ལུས་ལས་སུམ་འགྱུར་གྱིས་འཕགས་པ་འཐོབ་པར་བྱེད་པའི་མཚོན་རྟགས་སོ། འཁོར་ལོ་ནི་ཕྱག་དང་ཞབས་ཀྱི་མཛེས་ཆོས་སུ་བཀོད་དེ། དེ་བཞིན་གཤེགས་པའི་ཕྱག་ཞབས་ཀྱི་མཐིལ་དུ་བསོད་ནམས་ཀྱི་སྟོབས་ལས་འཁོར་ལོའི་མཚན་མ་རང་བཞིན་གྱིས་མངོན་པ། སྲིད་པའི་དྲྭ་བ་ཉོན་མོངས་པའི་རང་བཞིན་རྩད་ནས་གཅོད་ཅིང་། ཕ་རོལ་མུ་སྟེགས་པ་སོགས་ལོག་ལྟ་ཅན་རྣམས་ཟིལ་གྱིས་གནོན་པ་དང་། དཔལ་དང་ལོངས་སྤྱོད་སྙན་གྲགས་དང་བཅས་པ་བསྐྱེད་ཅིང་གདུལ་བྱ་རྣམས་སྨིན་སྒྲོལ་གྱི་ལམ་ལ་འགོད་པར་བྱེད་པའི་མཚོན་རྟགས་སོ། བཀྲ་ཤིས་རྟགས་བརྒྱད་ཀྱི་རྒྱན་རིས་དེ་ནི་རླུང་རྟའི་དར་ལྕོག་ཙམ་གྱིས་མ་ཚད་པར། གང་ས་གང་དུ་རྒྱན་རིས་དེ་བཀོལ་སྤྱོད་བྱས་ཡོད་པ་སྟེ། ཆ་སྒམ་དང་། མཆོད་གཤོམ། འཚོ་བའི་ཉེར་ཆས་སྡོད་ཁང་གི་གྱང་ལྡེབས་སོགས་གང་ས་གང་དུ་མཐོང་རྒྱུ་ཡོད་པའི་རྒྱན་རིས་ཤིག་ཡིན། ནང་དོན་ཐོག་གཅིག་ཏུ་ངེས་ཀྱང་རི་མོའི་འབྲི་ཐབས་དང་སྒྱུ་རྩལ་གྱི་ཉམས་འགྱུར་ཐོག་ལ་གཅིག་གྱུར་གཏན་ནས་མེད།  དཔེར་ན་རྟགས་བརྒྱད་བུམ་གཟུགས་དང་། རྟགས་བརྒྱད་ཉིས་བརྩེགས། རྟགས་བརྒྱད་ཁ་འཐོར་སོགས་བཀྲ་ཤིས་རྟགས་བརྒྱད་ཀྱི་འབྲི་ཐབས་ལའང་རྒྱས་འབྲིང་བསྡུས་གསུམ་གྱི་དབྱེ་བ་ཡོད་ལ། སྒྱུ་རྩལ་པ་སོ་སོའི་རྣམ་དཔྱོད་ཀྱི་ཐབས་རྩལ་མི་འདྲ་བས། རང་རང་སོ་སོའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཉམས་འགྱུར་རེ་འདོན་གྱི་ཡོད་པ་སྟེ། གཟུགས་བརྙན་སྐྲུན་ཐབས་ཚོན་མདངས་བྱེད་ཐབས། བཅད་ཀྱི་ཉམས་འགྱུར་འདོན་ཐབས། རྒྱབ་ལྗོངས་བཀོད་སྒྲིག་བྱེད་ཐབས་སོགས་མི་འདྲ་བར་བརྟེན་དེའི་ཕན་འབྲས་ཀྱང་གཅིག་མཚུངས་མེད་པ་དང་།རྒྱན་རིས་ཀྱི་སྤྱོད་ཡུལ་མི་འདྲ་བ་སོ་སོར་ལག་རྩལ་བྱེད་ཐབས་ཀྱང་མི་འདྲ་བ་རེ་ཡོད། དེ་ཡང་མཆོད་པ་སོགས་ལ་མར་མཚོན་གྱིས་བཟོ་བ། གུར་སོགས་ལ་འཚེམ་དྲུབ་བྱེད་པ། ཤིང་ཆས་སོགས་ལ་བརྐོས་དཀྲོལ་བྱེད་པ། གསེར་དངུལ་ཟངས་ཆས་སོགས་ལ་ཚག་རྒྱག་པ། གྱང་ལྡེབས་སོགས་ལ་རི་མོ་འབྲི་བ་སོགས་རྣམ་གྲངས་ཤིན་ཏུ་མང་བ་བཅས་སོ།   
          གསུམ་པ། ནང་པ་སངས་རྒྱས་པའི་ཆོས་ལུགས་དེ་རང་ཅག་གངས་ཅན་གྱི་ལྗོངས་འདིར་རིམ་བཞིན་དར་འཕེལ་ཤུགས་ཆེན་དང་རྐང་པ་བརྟན་ཚུགས་བྱུང་བར་བརྟེན། རླུང་རྟའི་དར་ལྕོག་ཐོག་སླར་ཡང་རྒྱལ་སྲིད་སྣ་བདུན་གྱི་རྒྱན་རིས་བསྣན་ཡོད་པ་སྟེ། བཀྲ་ཤིས་བརྩེགས་པའི་མདོ་ལས“མ་ཆགས་ཐོགས་མེད་འཁོར་ལོ་རིན་པོ་ཆེ། །འཁོར་ལོ་རིན་ཆེན་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཐེག་ཆེན་སྟོབས་ལྡན་གླང་པོ་རིན་པོ་ཆེ། །གླང་པོ་རིན་ཆེན་བཀྲ་ཤིས་གང་ཡིན་པ། ། བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅང་ཤེས་ཤུགས་ལྡན་རྟ་མཆོག་རིན་པོ་ཆེ། །རྟ་མཆོག་རིན་ཆེན་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཀུན་ལ་དབང་སྒྱུར་བློན་པོ་རིན་པོ་ཆེ། །བློན་པོ་རིན་ཆེན་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག  ། ལོག་རྟོག་དཔུང་འཇོམས་དམག་དཔོན་རིན་པོ་ཆེ། ། དམག་དཔོན་རིན་ཆེན་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཐམས་ཅད་ཀུན་སྐྱེད་བཙུན་མོ་རིན་པོ་ཆེ། །བཙུན་མོ་རིན་ཆེན་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག   ། དེ་མ་ཐག་ཏུ་བདག་ཅག་བདེ་ལེགས་ཤོག   །བསམ་འཕེལ་དོན་གྲུབ་ནོར་བུ་རིན་པོ་ཆེ། །ནོར་བུ་རིན་ཆེན་བཀྲ་ཤིས་གང་ཡིན་པ། ། བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག  །” ཅེས་གསལ་བ་ལྟར་བཀྲ་ཤིས་པའི་དོན་མཚོན་གྱི་ཆེད་དུ་བསྟན་པ་ཕྱི་དར་གྱི་སྐབས་སུ་གཞི་ནས་རླུང་རྟའི་དར་ལྕོག་ཐོག་བཀོད་ཡོད་པར་སེམས། དེ་ཡང་རྒྱལ་སྲིད་སྣ་བདུན་གྱི་མཚོན་ཚུལ་མདོ་ཙམ་འཆད་པར་བྱ་བ་ལ། ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་ཐོག་ནས་བཤད་ན། ཚེ་ལོ་གྲངས་མེད་ནས་བརྒྱད་ཁྲི་ཡན་ཆད་ལ་བྱོན་པའི་རྫོགས་ལྡན་དུས་ཀྱི་རྒྱལ་པོ་ཞིག་ཡིན། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་བསོད་ནམས་ཀྱི་སྟོབས་ལས་བྱུང་བའི་རིན་པོ་ཆེ་སྣ་བདུན་ཏེ། འཁོར་ལོ་རིན་པོ་ཆེ་ནི་སྔོན་གྱི་དུས་སུ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྣམས་ཀྱི་བསོད་ནམས་ཀྱི་སྟོབས་ལས་ཕོ་བྲང་གི་ཡང་རྩེ་ནས་དེའི་བསོད་ནམས་ཀྱི་མཐུ་ལས་འཁོར་ལོ་རིན་པོ་ཆེ་འཛམ་བུ་ཆུ་བོའི་གསེར་ལས་གྲུབ་པ། རྩིབས་སྟོང་དང་ལྡན་པ་རྒྱལ་པོ་རང་གིས་བསམ་པའི་ཡུལ་དེ་ཉིད་དུ་བགྲོད་པའི་ལམ་སྣ་དྲངས་ཏེ། རྒྱལ་པོ་རང་གི་བློ་དང་འཚམས་པའི་ཡུལ་ཁམས་གང་འདྲ་ཞིག་མངའ་དབང་དུ་འདུ་བསམ་ན་དེ་བཞིན་དུ་འགྲུབ་པ་དང་། དེ་དང་མཉམ་དུ་རྒྱལ་པོའི་སྲིད་ལ་མཁོ་བའི་འབྱོར་པ་ཡོད་རྒུ་རྣམས་ཀྱང་ལྷན་ཅིག་ཏུ་མངའ་དབང་དུ་ཡོང་བར་ངེས་སོ། གླང་པོ་རིན་པོ་ཆེ་མདོག་ཐལ་དཀར་མཆེ་བ་དྲུག་དང་ལྡན་པ། གླང་པོ་ཆེ་ཕལ་པ་སྟོང་གི་སྟོབས་ལས་བརྒལ་ཞིང་། སྤྱི་བོར་རིན་པོ་ཆེའི་ཏོག་དང་ལུས་ལ་ནོར་བུའི་དྲྭ་བ་དང་དྲྭ་ཕྱེད་ཀྱིས་བརྒྱན་པ། ཤིན་ཏུ་མགྱོགས་ཁྱད་ལྡན་པ་སྟེ། ཉིན་གཅིག་ལ་འཛམ་བུའི་གླིང་ཐེངས་གསུམ་བསྐོར་ཐུབ་པ་ས་སྲུང་གི་བུ་ལྟ་བུའོ། རྟ་མཆོག་རིན་པོ་ཆེ་ནི་ཨིཎྜ་ནི་ལའི་མདོག་དང་མཚུངས་པའི་སྔོན་པོ་ཡིད་དུ་འོང་བ། རྟ་མཆོག་གི་འཚེར་སྐད་ཀྱིས་འཛམ་གླིང་ལ་ཁྱབ་པ། གླང་པོ་རིན་པོ་ཆེ་ལྟར་ཉིན་གཅིག་ལ་འཛམ་གླིང་ལན་གསུམ་བསྐོར་ཐུབ་པ། རྒྱལ་པོ་ཁོ་རང་གང་དུ་བགྲོད་བསམ་པའི་ས་དེར་སྐད་ཅིག་ཏུ་བསྐྱོད་དེ་རླུང་གི་ཤུགས་ཅན་རྟ་མཆོག་ལྷ་ལ་ཧ་ལྟ་བུའོ། བློན་པོ་རིན་པོ་ཆེ་ནི་རྣམ་དཔྱོད་ཀྱི་དཔལ་ཚངས་པའི་བློ་གྲོས་དང་མཚུངས་ཤིང་། རྒྱལ་པོའི་ཆབ་སྲིད་སྐྱོང་བ་ལ་འགྲན་པའི་ཟླ་དང་བྲལ་བ། རྒྱལ་པོའི་བློ་ལ་གང་བསམ་ལྟར་འདྲི་མི་དགོས་པར་སྐད་ཅིག་ཏུ་བསྒྲུབ་པར་བྱེད་པ། གཏོང་ཕོད་ཆེ་བ་རྣམ་ཐོས་ཀྱི་བུ་ལས་ལྷག་པའི་བསོད་ནམས་དང་ལྡན་པའོ། དམག་དཔོན་རིན་པོ་ཆེ་ནི་དཔའ་རྩལ་དང་སྙིང་སྟོབས་ལ་སུས་ཀྱང་འགྲན་པར་མི་ནུས་ཤིང་། གཡུལ་འགྱེད་པའི་དགྲ་རྩལ་གྱི་འཐབ་ཇུས་ལ་མཁས་པ། དཔུང་ལྡན་གྱི་སྣ་དྲངས་ནས་རལ་གྲི་འཕྱར་བ་ཙམ་གྱིས་ཕ་རོལ་གྱི་མི་བསྲུན་དགྲ་ཚོགས་རྣམས་འཇིགས་ཤིང་སྐྲག་སྟེ་སུས་ཀྱང་རྒོལ་བའི་ནུས་པ་དང་བྲལ་ཞིང་། དེ་མ་ཐག་མགོ་བོ་འདོགས་པ་དགྲ་སྡེའི་ཚོགས་ལས་རྣམ་པར་རྒྱལ་བ་གཟི་བྱིན་གྱི་སྟོབས་དང་ལྡན་པ་ལྷོ་ཕྱོགས་ཀྱི་རྒྱལ་པོ་འཕགས་སྐྱེས་པོ་ལྟ་བུའོ། བཙུན་མོ་རིན་པོ་ཆེ་ནི་མཐོང་ན་མི་མཐུན་པ་མེད་པ། མཛེས་ཤིང་བལྟ་ན་སྡུག་པ། བུད་མེད་ཀྱི་སྐྱོན་བརྒྱད་དང་བྲལ་ཞིང་ཡོན་ཏན་རྣམ་པ་ལྔ་དང་ལྡན་པ།  ལུས་ལ་རེག་པ་ཙམ་གྱིས་བདེ་བའི་མཆོག་སྟེར་བ། མཐོ་རིས་ཀྱི་ལྷ་མོ་མཛེས་མ་རྣམས་ལའང་སྐྱེངས་ཁ་སྟེར་ནུས་པ་བཅས་སོ། ནོར་བུ་རིན་པོ་ཆེ་ནི་ཁ་དོག་མཐིང་ག་དྲི་མ་མེད་པའི་འོད་ཀྱི་རང་བཞིན་ཅན་ཏེ། ནོར་བུ་དེ་ཡོད་པའི་ས་ནས་དཔག་ཚད་བརྒྱད་ཅུ་ཙམ་འོད་ཀྱིས་སྣང་བར་བྱེད་པས་ཉིན་དང་མཚན་གྱི་དབྱེ་བ་མེད་པ། སྐྱེ་འགྲོ་རྣམས་དབུལ་པོའི་མིང་ཙམ་ཡང་མེད་པར་ཐམས་ཅད་འདོད་པའི་ལོངས་སྤྱོད་ཅི་དགར་སྤྱོད་པའི་ནུས་པ་ལྡན་པའོ། རྒྱལ་སྲིད་སྣ་བདུན་གྱི་རྒྱན་རིས་དེ་རླུང་རྟའི་དར་ལྕོག་ཐོག་ཏུ་བྲིས་པས་མ་ཚད་པར་དགོན་པ་དང་། ལྷ་ཁང་། ཕོ་བྲང་། ཁྱིམ་ཚང་སོགས་ཀྱི་གྱང་ལྡེབས་སམ་མཆོད་པའི་ཉེར་ཆས་ཀྱི་སྟེང་དུ་མཐོང་རྒྱུ་ཡོད། འོན་ཀྱང་འབྲི་ཐབས་ཀྱི་ཉམས་འགྱུར་དང་བཟོ་བཀོད་ཀྱི་ཁྱད་ཆོས་ཐད་ལ་སྒྱུ་རྩལ་པ་སོ་སོའི་རྣམ་དཔྱོད་བློ་གྲོས་དང་། གཤིས་ཀ  ཐབས་རྩལ་བཅས་གཅིག་གྱུར་མེད་པ་ནི་གོང་ཞུས་ལྟར་ཡིན། མདོར་ན་རང་རེ་བོད་གངས་ཅན་གྱི་བོད་རིགས་འདུས་སྡོད་བྱེད་པའི་ས་ཆ་ཡོད་དོ་ཅོག་ལ་ས་ཁྱབ་རྡོ་ཁྱབ་ཡིན་པའི་རླུང་རྟའི་དར་ལྕོག་འཛུགས་སྲོལ་ཡོད་པ་འདི་ནི་བཀྲ་ཤིས་པ་དང་། བྱ་བ་མཐའ་དག་ལམ་ལྷོངས་ཡོང་བའི་དོན་གལ་པོ་ཆེ་ཞིག་ཏུ་འཛིན་གྱི་ཡོད། ཁོ་བོའི་ངོས་འཛིན་ལ་གཅིག་ཏུ་ན་བོད་རང་ཉིད་ཀྱི་གདོད་མའི་ཆོས་སམ་གཡུང་དྲུང་བོན་གྱི་ཆོས་ལུགས་ལས་བྱུང་བའི་རླུང་རྟའི་དར་ལྕོག་གི་རྒྱན་རིས་ལ་ནང་བསྟན་བོད་དུ་དར་རྗེས་སུ་རླུང་རྟའི་རི་མོ་སྔར་ཡོད་གཞི་རྩའི་ཐོག་ནང་པ་སངས་རྒྱས་པའི་ནང་དོན་མཚོན་པའི་རྒྱན་རིས་ཀྱིས་ཁ་གསབ་བྱས་ཡོད་ནའང་། དོན་དངོས་ཐོག་གཡུང་དྲུང་བོན་གྱི་ནང་དོན་མཚོན་པའི་རླུང་རྟའི་ངོ་བོར་འགྱུར་བ་གཏན་ནས་ཕྱིན་མེད། དཔེར་ན་ཤར་ཕྱོགས་པའི་མི་རིགས་ཤིག་གིས་ནུབ་གོས་གྱོན་ཀྱང་ནུབ་ཕྱོགས་པའི་མི་རིགས་ཤིག་ཆགས་མི་སྲིད་པ་དེ་དང་གཅིག་མཚུངས་སུ་སྣང་། གཉིས་ནས་གཡུང་དྲུང་བོན་གྱི་རླུང་རྟའི་རི་མོའི་ཐོག་ཏུ་ནང་པ་སངས་རྒྱས་པའི་ནང་དོན་མཚོན་པའི་རི་མོ་སྣོན་པ་དེས་རླུང་རྟའི་དར་ལྕོག་གི་རྒྱན་རིས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་དང་། བན་བོན་གཉིས་མཐུན་ཆའི་ཕྱོགས་སུ་གྱུར་ཡོད། གསུམ་དུ་ན་གཡུང་དྲུང་བོན་ཆོས་ལ་དད་པ་བྱེད་མཁན་ནམ། ནང་པ་སངས་རྒྱས་པའི་ཆོས་ལ་དད་པ་བྱེད་མཁན་སུ་ཡིན་རུང་། ཐུན་མོང་གིས་དང་ལེན་བྱེད་པ་མ་ཟད། ཐུན་མོང་གིས་སྤྱོད་ཀྱི་ཡོད་པ་ཡིན། གོང་གསལ་ཁོ་བོས་རླུང་རྟའི་དར་ལྕོག་གི་རྒྱན་རིས་ཀྱི་བྱུང་བ་དང་ཁྱད་ཆོས་དེའི་འཕེལ་རིམ་བཅས་ལ་དཔྱད་ཁུལ་ཞུས་ཀྱང་། རང་ཉིད་ཀྱི་ཤེས་ཚད་ཤིན་ཏུ་དམན་རྐྱེན་སྐྱོན་དང་ནོར་འཁྲུལ་ཇི་སྙེད་ཅིག་མཆིས་པ་གདོན་མི་ཟ་བས། གཟུ་བོར་གནས་པའི་བོད་རིག་པའི་མཁས་དབང་རྣམ་པས་རིན་བྲལ་གྱི་བཀའ་སློབ་དང་ཡོ་བསྲང་གནང་རྒྱུར་རེ་བ་སྙིང་ནས་ཞུ་རྒྱུ་ལགས་སོ། །   
                          (དཔྱད་རྩོམ་འདི་ཉིད《བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ》2003ལོའི་དུས་དེབ་གཉིས་པར་བཀོད།)  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1