མགོ་ལོག་ཁུལ་གྱིས་ཧྲང་ཧེ་ནས་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་སྟོན་བྱས།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 09-30


འཕང་འཁེལ་བའི་རྣམ་པ།
          ཟླ་དགུ་བའི་ཚེས་ཉེར་བརྒྱད་ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་། ཧྲང་ཧེ་མཉམ་འདྲིས་གཞུང་སྒྲུབ་ཁང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི“གེ་སར་ཧྲང་ཧེ་ཡི་འཇིག་རྟེན་ཆེན་མོར་བསྐྱོད་པ”ཞེས་པའི་མགོ་ལོག་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་དང་ཡུལ་སྐོར་འགྲེམས་སྟོན་གཟའ་འཁོར་གྱི་མགོ་རྩོམ་མཛད་སྒོའི་རྗེས་སུ། མགོ་ལོག་ཁུལ་གྱིས་ཧྲང་ཧེ་ནས་གེ་སར་གྱི་འཁྲབ་ཆས་དང་སྡེར་ནང་ས་བྲིས། ཐང་ག སྦྲ་ནག ཤིང་བརྐོས་སོགས་རང་ས་གནས་ཀྱི་ཐུན་མོང་མ་ཡིན་པའི་གཟུགས་འདས་ཤུལ་བཞག་རིག་གནས་དང་སྲོལ་རྒྱུན་ལག་ཤེས་ཐོན་ལས། ཡུལ་ཐོན་ཁྱད་རྫས་མང་པོ་འགྲེམ་སྟོན་བྱས་པས། ཧྲང་ཧེའི་སྡོད་དམངས་དང་ཡུལ་སྐོར་དུ་འོང་བའི་ཕྱིའི་མགྲོན་པོ་རྣམས་ཀྱིས་དགའ་བསུ་ཚད་མེད་ཐོབ་ཅིང་། སྔར་ལས་ལྷག་པའི་སྒོ་ནས་མགོ་ལོག་ཁུལ་གྱི་རིག་གནས་དྲིལ་སྒྲོག་བྱེད་པར་ནུས་པ་གལ་ཆེན་ཐོན། དེ་མིན་ཧྲང་ཧེ་གྲོང་ཁྱེར་གྱི་སློབ་གྲྭ་དང་འབྲེལ་ཡོད་སྡེ་ཁག་འགའ་ཤས་ཀྱིས་ཆེད་དུ་རྩ་འཛུགས་བྱས་ཏེ། སློབ་མ་དང་ལས་བྱེད་མི་སྣ་མང་པོ་འགྲེམ་སྟོན་ཁང་དུ་ཁྲིད་ནས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ་དང་ལག་ཤེས་པ་དག་ལ་གླེང་མོལ་གྱི་རྣམ་པའི་སྒོ་ནས་འབྲེལ་འདྲིས་བྱས་པས། བོད་ཀྱི་སྲོལ་རྒྱུན་རིིག་གནས་དང་སྒོས་སུ་མགོ་ལོག་རང་ས་གནས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་དང་སྲོལ་རྒྱུན་རིག་གནས། ཡུལ་སྲོལ་གོམས་གཤིས། ཡུལ་ཐོན་ཁྱད་རྗས་སོགས་ལ་རྒྱུས་ལོན་དང་ཤེས་རྟོགས་ཟབ་མོ་བྱས་པ་དང་། ཕན་ཚུན་བར་རིག་གནས་བགྲོ་གླེང་དང་བསམ་བློ་བརྗེ་རེས་བྱས་པས་མགོ་ཁུལ་གྱི་ཐུན་མིན་རིག་གནས་ཡར་རྒྱས་གོང་འཕེལ་དུ་འགྲོ་བར་ནུས་ཤུགས་གང་ཡོད་བཏོན།
          སྡེར་ནང་ས་བྲིས་ཀྱི་རྒྱུན་འཛིན་པ་སེང་གེ་དར་རྒྱས་ཀྱིས་བཤད་རྒྱུར། སྡེར་ནང་ས་བྲིས་ལ་མཚོན་ན་ལོ་རྒྱུས་ཀྱི་རྒྱུན་རིང་བའི་བོད་ཀྱི་བྲིས་རྒྱུན་ཁྱད་པར་བ་ཞིག་རེད། ཁོ་བོས་ཡིག་གཟུགས་འདིར་སྦྱངས་བརྩོན་བྱས་ནས་ད་བར་དུ་ལོ་ངོ་ཉེར་ལྔ་ལྷག་ཕྱིན། ཉིས་སྟོང་བརྒྱད་ལོར་རྒྱལ་ཁབ་ཀྱིས་སྡེར་ནང་ས་བྲིས་འདི་ཉིད་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གྲས་སུ་བཞག་པ་ནས་ད་བར་དུ་བོད་ཁུལ་དང་ནང་ལོགས་སོགས་སུ་སོང་ནས་འགྲེམ་སྟོན་ཐེངས་མང་པོར་བྱས་པས། འདིར་མཐོང་ཆེན་དང་དགའ་མོས་ཡོད་པའི་མི་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། ལྷག་པར་ད་ཐེངས་ནི་ཁོ་བོ་ཧྲང་ཧེར་ཐོན་ནས་འགྲེམ་སྟོན་བྱས་པ་ཐེངས་གཉིས་པ་ཡིན་པས། ལོ་སྔོན་མ་དང་བསྡུར་ན་མངོན་གསལ་གྱིས་ཇེ་ལེགས་སུ་ཕྱིན་ཡོད་པ་དང་། ད་ལོར་གཟིགས་མོ་བ་དང་རྒྱུས་ལོན་བྱེད་པའི་མགྲོན་པོ་ཇེ་མང་དུ་ཕྱིན་ཡོད་པའི་ཁར་སློབ་གྲྭ་དང་འབྲེལ་ཡོད་སྡེ་ཁག་གིས་རྩ་འཛུགས་བྱས་ཏེ། སློབ་མ་དང་ལས་བྱེད་མི་སྣ་མང་པོ་ཐོན་ནས་རྒྱུས་ལོན་བྱེད་བཞིན་ཡོད་པས། ལོ་རེ་ནས་ལོ་རེར་བོད་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ལ་མཐོང་ཆེན་བྱེད་ཀྱི་ཡོད་པ་རྟོགས་ཐུབ་ཟེར་ལ། དེ་མིན་འདི་ལྟར་འགྲེམ་སྟོན་བྱས་པས་བོད་ཁུལ་ན་ཡིག་གཟུགས་འདིར་སློབ་སྦྱོང་དང་རྒྱབ་སྐྱོར་བྱེད་མཁན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། མ་འོངས་པ་ན་སྲིད་གཞུང་དང་མི་སྒེར་གྱིས་འདིའི་ཐད་ལ་དོ་སྣང་དང་རོགས་རམ་གང་ལེགས་བྱས་ན། སྡེར་ནང་ས་བྲིས་དང་བཅས་པའི་བོད་ཀྱི་རིག་གནས་མང་པོ་འཕེལ་རྒྱས་འགྲོ་རྒྱུར་ནུས་པ་ཆེན་པོ་ཐོན་ཐུབ་ངེས་རེད་ཟེར།
          ཐེངས་འདིའི་བྱ་འགུལ་ཧྲིལ་བོས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཐུན་མིན་གྱི་རིག་གནས་སྔོག་འདོན་དང་དྲིལ་སྒྲོག འཕེལ་རྒྱས་སུ་འགྲོ་བར་ནུས་པ་བླ་ལྷག་ཐོན་ངེས་པ་མ་ཟད། ས་གནས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་དང་ཡུལ་སྐོར་ཐོན་ལས། ཡུལ་ཐོན་ཁྱད་རྫས་སོགས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ནང་དང་རྒྱལ་སྤྱིའི་གར་སྟེགས་སུ་བསྐྱོད་པ་ལའང་མཐུན་རྐྱེན་གང་ལེགས་སྩོལ་ངེས་རེད། དེ་ལས་གཞན་མགོ་ལོག་ཁུལ་གྱིས་ས་གནས་ཀྱི་གེ་སར་འཁྲབ་སྟོན་དང་ཞབས་བྲོ། དམངས་གླུ། རྡུང་ལེན་སོགས་ཕྱོགས་ཡོངས་ནས་ཧྲང་ཧེ་གྲོང་ཁྱེར་དུ་དྲིལ་སྒྲོག་ཤུགས་ཆེར་བྱ་ཆེད། ཉིན་གསུམ་ལྷག་གི་རིང་ལ་ཧྲང་ཧེ་གྲོང་ཁྱེར་གྱི་ས་ཁུལ་སོ་སོར་སོང་ནས་འཁྲབ་སྟོན་བྱ་རྒྱུ་རེད།
ཐགས་འཐག་བཞིན་པ།

འོ་ཇ་སྐོལ་བཞིན་པའི་རྣམ་པ།

པགས་པ་མཉེད་བཞིན་པ།

རྩམ་པ་འཐག་བཞིན་པ།

འོ་མ་སྲུབ་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1