གཙོ་ངོས།>> རྩོམ་རིག>>དཔྱད་རྩོམ།

སྟོབས་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༠ཚེས་༠༨ཉིན།

༄༅།། རྩོམ་རིག་གི་ཐོག་མའི་འབྱུང་རྩ་དང་འཕེལ་རྒྱས་སྐོར་རགས་ཙམ་དཔྱད་པ།

སྟོབས་རྒྱལ།
དང་པོ། རྩོམ་རིག་གི་འབྱུང་རྩའི་སྐོར།
          རྩོམ་རིག་གི་ལོ་རྒྱུས་ཐོག་ཏུ་རྩོམ་རིག་དེ་ཇི་ལྟར་བྱུང་བ་ཞིག་ཡིན་པ་དང་། འཕེལ་རྒྱས་ཇི་ལྟར་བྱུང་བ་ཞིག་ཡིན་པ་སོགས་ནི་ཆོས་ཉིད་ཀྱི་རང་བཞིན་ལྡན་པའི་འཕེལ་རྒྱས་ཀྱི་ལས་འགུལ་ཞིག་ཡིན་པ་མ་ཟད་ལོ་རྒྱུས་ངེས་གཏན་ཞིག་གི་ཁོངས་སུ་གཏོགས་པ་ཞིག་ཡིན། རྩོམ་རིག་གི་ལོ་རྒྱུས་ཐོག་ཏུ་རྩོམ་རིག་གི་འབྱུང་རྩ་དང་འཕེལ་རྒྱས་སྐོར་ལ་ལྟ་ཚུལ་མི་འདྲ་བ་སྣ་ཚོགས་ཞིག་མཆིས་ལ་དེར་འགྲེལ་ཚུལ་ཡང་མི་འདྲ་བ་མང་པོ་བྱུང་ཡོད། དེར་བརྟེན་འདིར་ལྟ་ཚུལ་མི་འདྲ་བ་དེ་དག་ཕན་ཚུན་བསྡུར་ཞིབ་ཅིག་བྱས་ཏེ་ཞིབ་འཇུག་བྱས་ཚེ་རྩོམ་རིག་གི་འབྱུང་རྩ་དང་དེའི་འཕེལ་རྒྱས་ཀྱི་བརྒྱུད་རེམ་གསལ་འདོན་བྱ་རྒྱུར་རོགས་རམ་གྱི་ནུས་པ་མི་ཆུང་བ་ཞིག་ཐོན་ཐུབ། 
          རྩོམ་རིག་གི་འབྱུང་རྩའི་གནད་དོན་དེ་ནི་མིའི་རིགས་ཀྱི་ཆེས་ཐོག་མའི་རྩོམ་རིག་གི་ལས་འགུལ་དང་ཆེས་ཐོག་མའི་དཔལ་འབྱོར་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཡིན་ལ། མི་རྣམས་ཀྱིས་དུས་ཚོད་རིང་པོའི་ནང་དུ་རྩོམ་རིག་གི་ཐོག་མའི་འབྱུང་རྩའི་སྐོར་ཞིབ་དཔྱད་སྣ་ཚོགས་བྱས་ཡོད་པ་མ་ཟད། ལྟ་ཚུལ་མི་འདྲ་བའི་རིགས་པའི་གཞུང་ལུགས་ཀྱང་སྣ་ཚོགས་ཤིག་གྲུབ་ཡོད་པ་དེ་དག་གི་ནང་ནས་གཙོ་བོའི་ལྟ་ཚུལ་མི་འདྲ་བ་འགའ་ཞིག་འདི་ལྟ་སྟེ།
          དང་པོ། ལད་ཟློས་བྱས་པ་ལས་རྩོམ་རིག་བྱུང་བ་ཡིན་ཟེར། 
          ལད་ཟློས་བྱས་པ་ལས་རྩོམ་རིག་བྱུང་བ་ཡིན་ཞེས་པའི་ལྟ་ཚུལ་དེ་ནི་ལོ་རྒྱུས་ཐོག་རྟག་པར་མཐོང་རྒྱུ་ཡོད་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན་ལ། ནུབ་ཕྱོགས་རྩོམ་རིག་གི་ལོ་རྒྱུས་ཐོག་ཏུ་ལྟ་ཚུལ་དེས་ཆེས་གལ་ཆེ་བའི་གནས་བབ་བཟུང་ཡོད། གནའ་བོའི་ཞི་ལ་ཡི་མཚན་ཉིད་རིག་པ་མཁས་ཅན་ད་མོ་ཁེ་ལི་ཐི་སིས་ལྟ་ཚུལ་དེ་གསལ་པོར་བཏོན་ཡོད་པ་རེད། ཁོང་གིས་“ཆེས་གལ་ཆེ་བའི་ལས་ཀ་འགའ་ཞིག་ང་ཚོས་དུད་འགྲོར་ལད་ཟློས་བྱས་པ་མ་ཟད། དུད་འགྲོའི་སློབ་ཆུང་བྱེད་དགོས་པ་ཞིག་ཡིན། མི་རྣམས་ཀྱིས་ཕྱེ་མ་ལེབ་ལས་རས་འཐག་དང་གོས་ཚེམས་སྟངས་ཤེས་པ་དང་། བྱ་ཁུག་རྟ་ནས་ཁང་པ་བཟོ་སྟངས་ཤེས་པ། ངང་པ་དང་བྱ་རི་སྐྱེགས་སོགས་གཞས་གཏོང་མཁན་ནས་ང་ཚོས་གཞས་གཏོང་སྟངས་ཤེས་པ་རེད་”ཅེས་དང་“མིའི་སྐད་བརྡ་ནི་རང་བྱུང་ཁམས་ཀྱི་འགྱུར་ཁུག་ལ་ལད་ཟློས་བྱས་པ་ཡིན་ལ་སྒྲ་དབྱངས་ནི་རླུང་གི་ལད་ཟློས་ཡིན་”ཞེས་གསུངས། དེའི་རྗེས་སུ་ཡ་ལི་ཧྲི་ཏོ་ཐ་ཡིས་མཛད་པའི་《སྙན་ངག་རིག་པ་》ཞེས་པའི་ནང་དུ་མུ་མཐུད་རིག་པས་ཁུངས་སྐྱེལ་བྱས་ཡོད་པ་སྟེ་“ལད་ཟློས་ཀྱི་ནུས་པ་ནི་མི་རྣམས་ཀྱི་ལྷན་སྐྱེས་ཀྱི་ཤེས་པ་ལས་བྱུང་བ་དང་།མིས་ཐོག་མར་སློབ་སྦྱོང་བྱེད་པ་དེའང་ལད་ཟློས་ཀྱི་གོ་རིམ་ཞིག་ཡིན། ལད་ཟློས་དེ་མིའི་ལྷན་སྐྱེས་ཀྱི་ཤེས་པ་ཞིག་ཡིན་པའི་ཆ་ནས་བཤད་ན་ཆུང་བའི་དུས་ནས་མངོན་པར་མཚོན་བཞིན་ཡོད་”ཅེས་དང་“སྤྱིར་བཏང་ནས་བཤད་ན། སྙན་ངག་གི་འབྱུང་རྩ་ནི་རྒྱུ་རྐྱེན་གཉིས་ལས་གྲུབ་ཡོད་པ་དང་། དེ་དག་ནི་མི་རྣམས་ཀྱི་རང་བཞིན་ལས་བྱུང་བ་ཡིན་”རྒྱུ་རྐྱེན་དེ་གཉིས་ནི་“གཅིག་ནི་ལད་ཟློས་དང་། གཉིས་ནི་སྒྲ་གདངས་ཀྱི་ཚོར་བ་དང་དལ་ལྷོད་ཀྱི་ཚོར་བ་དེ་ཡིན་”དེ་དག་ནི་མིའི་རང་བཞིན་ལས་བྱུང་བ་ཞིག་ཡིན། མི་འདྲ་བའི་ས་ནི་དབྱིབས་བཟོའི་སྒྱུ་རྩལ་ནི་“ཚོས་མདོག་དང་བཟོ་ལྟར་ལད་ཟློས་བྱས་པ་དང་”རོལ་མོ་ནི་“སྐད་གདངས་ལ་ལད་ཟློས་བྱས་པ། ” སྙན་ངག་ནི་“སྐད་ཆ་དང་སྒྲ་གདངས་དལ་ལྷོད་ལ་ལད་ཟློས་བྱས་པ་ཞིག་ཡིན་”ཞེས་གསུངས་པ་དེ་དག་ལས་རྩོམ་རིག་གི་འབྱུང་རྩ་ནི་ལད་ཟློས་ཡིན་ཞིང་། དེ་ཡང་རང་བྱུང་ཁམས་ལ་ལད་ཟློས་བྱས་ནས་བྱུང་བ་ཞིག་ཡིན་ཞེས་པ་དེར་རྒྱུ་མཚན་ངེས་ཅན་ལྡན་ཡོད་དེ། གནའ་རབས་ཀྱི་རྩོམ་རིག་དེ་དག་ལ་ལད་ཟློས་ཀྱི་རང་བཞིན་ཡོད་པ་མ་ཟད། འཕེལ་རྒྱས་ཆེ་ཆེར་ཕྱིན་ཡོད་པའི་དེ་རིང་ཡང་སྒྱུ་རྩལ་འགའ་རེར་ལད་ཟློས་ཀྱི་རང་བཞིན་ཡོད་པ་ཞིག་ཡིན། ཡིན་ནའང་ཡ་ལི་ཧྲི་ཏོ་ཐ་ཡིས་ལད་ཟློས་བྱེད་པ་ནི་ལྷན་སྐྱེས་ཀྱི་ཤེས་པ་ལས་བྱུང་བ་ཡིན་ཟེར་འགྲེལ་བཤད་བྱས་པ་ལས་ལད་ཟློས་ནི་མི་རྣམས་ཀྱི་ཐོག་མའི་ལག་ལེན་དང་ཐོན་སྐྱེད་ངལ་རྩོལ་ལས་བྱུང་བ་ཞིག་ཡིན་པའི་སྐོར་དང་འབྲེལ་བ་བྱས་མེད་པ་རེད།
          གཉིས་པ། རྩེད་འཇོ་ལས་རྩོམ་རིག་བྱུང་བ་ཡིན་ཟེར་བ། 
   རྩེད་མོ་ལས་རྩོམ་རིག་བྱུང་བ་ཡིན་ཟེར་བའི་ལྟ་བ་འདི་ཐོག་མར་དུས་རབས་བཅོ་བརྒྱད་པའི་སྐབས་འཇར་མན་གྱི་མཁས་པ་ཁང་ད་ཞེས་པས་བཏོན་ཞིང་ཁང་ད་ཡི་ལྟ་བ་ལྟར་ན། རྩོམ་རིག་སྒྱུ་རྩལ་ནི་ཡིད་སྤྲོས་ཀྱི་ནུས་པ་ལས་བྱུང་བའི་རང་དབང་གི་བྱ་འགུལ་ཞིག་ཡིན་པ་དང་། སྙན་ངག་ནི་”ཡིད་སྤྲོས་ནུས་པའི་རང་དབང་གི་རྩེད་མོ་ཡིན་”“རོལ་མོ་ནི་ཚོར་ཤེས་ཀྱི་རྩེད་མོའི་སྒྱུ་རྩལ་ཞིག་ཡིན་”སྒྱུ་རྩལ་དེ་རང་དབང་ལྡན་པ་ཞིག་ཡིན་པར་འདོད་ལ། དེའི་ཆ་ནས་སྒྱུ་རྩལ་དང་རྩེད་མོ་གཉིས་ལ་མཚུངས་ཆོས་ངེས་ཅན་ཞིག་ཡོད་པར་སེམས་ཏེ། སྒྱུ་རྩལ་ནི་རྩེད་མོ་ལས་བྱུང་ཞིང་སྒྱུ་རྩལ་དང་རྩེད་མོ་གཉིས་ཀས་མི་ལ་བདེ་བ་སྟེར་ཐུབ་པ་དེ་རེད། ཕྱིས་སུ་འཇར་མན་གྱི་ཞི་ལ་ཟེར་བ་དང་དབྱིན་ཇིའི་མཁས་པ་སི་པིང་སེད་རྣམ་གཉིས་ཀྱིས་ལྟ་བ་དེ་འཛིན་སྐྱོང་དང་འཕེལ་རྒྱས་སུ་བཏང་ནས་གྲུབ་མཐའ་ཞིག་ཆགས་པ་དང་། གྲུབ་མཐའ་འདིའི་ལྟ་བ་གཙོ་བོ་ནི། སྒྱུ་རྩལ་གྱི་ཐོག་མའི་འབྱུང་ཁུངས་རྩེད་མོ་ཡིན་པར་འདོད། དེས་ནུབ་ཕྱོགས་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་ཏུ་ཤུགས་རྐྱེན་གཏིང་ཟབ་བཞག་ཡོད། ཞི་ལ་ཡིས་ལད་ཟློས་ཀྱི་གྲུབ་ཆ་ནི་མེད་ན་མི་འགྲིག་པའི་གྲུབ་ཆ་ངེས་ཅན་ཞིག་ཡིན་རུང་རྩོམ་རིག་སྒྱུ་རྩལ་འབྱུང་བའི་ནུས་པ་དངོས་དེ་མ་ཡིན། ལད་ཟློས་ཀྱི་རྒྱབ་ཕྱོགས་སུ་ད་དུང་ནུས་པ་སྔ་མ་ཞིག་ཡོད་པ་སྟེ། རྩེད་འཇོ་ཡིན། དེར་བརྟེན་སྒྱུ་རྩལ་འབྱུང་བའི་ནུས་པ་གཙོ་བོ་དེ་རྩེད་འཇོ་ཡིན། རྩེད་འཇོ་ལ་བརྟེན་ནས་རྩོམ་རིག་བྱུང་བ་ཞིག་ཡིན། མི་རྣམས་དུད་འགྲོའི་ཁོངས་ལས་ཁ་བྲལ་རྗེས་མཛེས་རྒྱན་དང་རྩེད་འཇོ་ལ་དགའ་བ་ནི་རྩོམ་རིག་འབྱུང་བའི་གཞི་དེ་ཡིན་པར་འདོད། བརྗོད་ཚུལ་དེ་རིགས་ནི་ཕལ་ཆེ་བ་དངོས་ཁམས་རིག་པ་དང་སེམས་ཁམས་རེག་པའི་ཕྱོགས་ནས་ཞིབ་འཇུག་བྱས་ཤིང་། གནའ་རབས་མིའི་སྤྱི་ཚོགས་ཀྱི་ལག་ལེན་གྱིས་རྩོམ་རིག་སྒྱུ་རྩལ་ལ་ཐེབས་པའི་ཤུགས་རྐྱེན་དང་ནུས་པར་མཐོང་ཆེན་བྱས་མེད་པ་རེད། སི་པིང་སེད་ཀྱིས་སྒྱུ་རྩལ་དང་རྩེད་མོ་ཚང་མ་ནུས་ཤུགས་ལྷག་མ་ཕྱིར་བཏོན་པའི་རྣམ་པ་ཞིག་ཡིན། མཛེས་དཔྱོད་ཀྱི་མྱོང་ཚོར་ནི་རྩེད་མོས་བསླང་བའི་ཚོར་བ་ལས་བྱུང་བ་དང་། རྩེད་མོ་ནི་འཚོ་བའི་སྐྱེལ་སྟངས་ཐད་ཀྱི་དགོས་མཁོ་ལ་གཞིགས་ན་མེད་དུ་མི་རུང་བ་ཞིག་མིན་ཕྱིར་རང་ཉིད་ཀྱི་ངོས་ནས་དམིགས་ཡུལ་གང་ཡང་མེད་པ་ཡིན་པ་དང་། སྒྱུ་རྩལ་གྱི་འབྱུང་ཁུངས་རྩེད་མོ་ཡིན་པར་འདོད་པ་དང་ཐ་ན་ངལ་རྩོལ་གྱི་འབྱུང་ཁུངས་ཀྱང་རྩེད་མོ་ཡིན་པར་འདོད་དོ།
          གསུམ་པ། ལྷ་པ་དང་མོ་པའི་ལག་ལེན་ལས་རྩོམ་རིག་བྱུང་བ་ཡིན་ཟེར་བ། 
          རིགས་པའི་གཞུང་ལུགས་འདི་ནི་དབྱིན་ཇིའི་མིའི་རིག་པ་མཁས་ཅན་ཨད་ད་ཧ་·ཐ་ལ་ཡིས་བཏོན་གནང་བ་དང་། དེ་རྗེས་མཁས་པ་ཁག་གཅིག་གིས་རྒྱབ་སྐྱོར་བྱས་ཡོད་པ་རེད། ཁོ་ཚོའི་ངོས་འཛིན་དུ་མིའི་རིགས་ཀྱི་ཆེས་ཐོག་མའི་རྩོམ་རིག་སྒྱུ་རྩལ་ནི་གནའ་རབས་ལྷ་འབེབས་མཁན་གྱི་ལག་ལེན་ནང་ནས་བྱུང་བ་ཞིག་ཡིན་ཞེས་བརྗོད། སྐབས་དེར་མི་རྣམས་ཀྱིས་རང་བྱུང་ཁོར་ཡུག་དང་རང་གི་འཚོ་བ་དང་བདེ་འཇགས་ཀྱི་ཆེད་དུ་ནམ་ཡང་གཅན་གཟན་གཏུམ་པོ་སྣ་ཚོགས་ལ་འགོག་རྒོལ་བྱེད་དགོས་པ་དང་། རང་བྱུང་ཁམས་ཆེན་པོ་ཇི་ལྟར་གྲུབ་པ་དང་ཉི་ཟླ་སྐར་གསུམ། རི་ཆུ། ཆར་རླུང་། གློག་ཐོག་སོགས་ལ་ངོས་འཛིན་བྱེད་ཐབས་མེད་པར། དེ་དག་ནི་མི་རྣམས་ཀྱི་བློ་ངོར་མི་ཤོང་བའི་གསང་བ་ཞིག་ཡིན་པར་འདོད་ཅིང་ལྷ་རུ་བཀུར་ནས་མི་རྣམས་ཀྱིས་རི་དྭགས་རྔོན་པར་འགྲོ་བ་དང་ཡང་ན་དོན་སྙིང་ལྡན་པའི་ལས་ཀ་ཅི་བྱས་ཀྱང་རང་གི་བསམ་དོན་བདེ་བླག་ངང་འགྲུབ་པའི་ཆེད་དུ་རང་གི་བསམ་བློའི་རྒྱབ་རྟེན་ལྷ་དེ་དག་ལ་བཅོལ་བ་དང་།   ལྷ་དེ་དག་ལ་མཆོད་བསྟོད་བྱས་ན་ཐུགས་དགྱེས་ཤིང་རང་ཉིད་ལ་གྲོགས་གཏན་བྱེད་པར་བསམ་པས། ལྷ་ལ་མཆོད་བསྟོད་བྱེད་པའི་སྲོལ་དེ་བྱུང་བ་དང་རིམ་བཞིན་གདོད་མའི་ཆོས་ལུགས་ཀྱི་རྣམ་པ་དེ་གྲུབ་པ་མ་ཟད། དེ་རྗེས་ཆེད་ལས་ཀྱི་ལྷ་པ་དང་མོ་པ་སོགས་བྱུང་། ལྷ་པ་དང་མོ་པ་དེ་དག་ནི་གདོད་མའི་སྤྱི་ཚོགས་ནང་དུ་རང་བྱུང་ཁམས་ཀྱི་སྣང་ཚུལ་ལ་འགྲེལ་བཤད་བྱེད་མཁན་དང་། དབང་ཤུགས་ཆེ་ཤོས་སུ་གྱུར་ཅིང་ཁོ་ཚོའི་མོ་ཚིག་དང་རི་མོ་ལྷ་འབེབས་གསོལ་བསྟོད་ཀྱི་ཆོ་ག་དང་ལག་ལེན་གྱི་ནང་ནས་རྩོམ་རིག་བྱུང་བར་འདོད། མོ་བཤད་ནི་ཀླད་པའི་འགུལ་བསྐྱོད་ལས་ཐོན་པ་སྟེ། རྩོམ་པ་པོའི་རྩོམ་གྱི་བསམ་གཞིགས་ལས་བྱུང་བའི་ངལ་རྩོལ་གྱི་འབྲས་བུ་ཡིན་སྙམ་པ་དང་། དེ་ཡིན་པའི་དབང་དུ་བཏང་ན་ཤེས་ཡོན་ཅན་གྱི་སྤྱི་ཚོགས་འདུ་ཤེས་དང་མཛེས་འཛིན་གྱི་ལྟ་བ་དང་སྐབས་དེའི་ཐུན་མོང་གི་འདུ་ཤེས་ཚུར་མངོན་པ་ཡིན་པས། རྩོམ་པ་པོའི་རྩོམ་རིག་འབྱུང་བར་རྨང་གཞིའམ་སྔོན་འགྲོའི་ཆ་རྐྱེན་བསྐྲུན་པ་ཞིག་ཡིན། མར་ཁེ་སིས་《འཇར་མན་གྱི་འདུ་ཤེས་འཛིན་སྟངས་》ཞེས་པར་དངོས་པོའི་ངལ་རྩོལ་དང་ཀླད་པའི་ངལ་རྩོལ་རིགས་གཉིས་བྱུང་བ་དང་མཉམ་དུ་“དེར་བསྟུན་པའི་བསམ་བློ་བ་སྟེ། གྲྭ་པའི་ཐོག་མའི་རྣམ་པ་བྱུང་ཞིང་”“དེ་དག་ནི་གྲལ་རིམ་དེའི་དགེ་མཚན་ལྡན་ཞིང་ཕྱོགས་བསྡུས་ཀྱི་ནུས་པ་ཡོད་པའི་བསམ་བློ་བ་ཞིག་ཡིན་”ཞེས་གསུངས་པ་ལྟར་རོ།  
          བཞི་པ། ཆོས་ལུགས་ལས་རྩོམ་རིག་བྱུང་བ་ཡིན་ཟེར་བ། 
          མཁས་པ་ཁག་གཅིག་གིས་“རྩོམ་རིག་སྒྱུ་རྩལ་གྱི་ཐོག་མའི་འབྱུང་རྩ་ནི་ཆོས་ལུགས་ཀྱི་བྱེད་སྒོ་ཡིན་”ཞེས་བརྗོད། བོད་ཀྱི་སྤྱི་ཚོགས་ཀྱང་མི་རིགས་གཞན་དང་འདྲ་བར་དུས་ཡུན་ཤིན་ཏུ་རིང་བའི་སྤྲ་མི་ནས་རིམ་བཞིན་གནའ་རབས་ཀྱི་མི་དང་། མི་གསར་པ། ཀླ་ཀློའི་དུས་རབས། ཤེས་རྨོངས་ཀྱི་དུས་རབས། ཤེས་རིག་ལྡན་པའི་དུས་རབས་བཅས་གདོད་མའི་སྤྱི་ཚོགས་ཀྱི་འཕེལ་རིམ་དེ་བརྒྱུད་མྱོང་བ་དང་། རང་རེའི་མེས་པོ་རྣམས་ཀྱིས་ཤིང་ཏོག་ལ་སོགས་པའི་མ་རྨོས་ལོ་ཏོག་ཟ་བ་དང་། གོས་སུ་ཤིང་ལོ་དང་རི་དྭགས་ཀྱི་པགས་པ་སོགས་གྱོན་པ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ཆུ་ཚད་ཧ་ཅང་དམའ་བས། རང་བྱུང་ཁམས་ཀྱི་འགྱུར་ལྡོག་ལ་འཇིགས་སྣང་དང་བཅས་པའི་དད་པ་སྐྱེས་པར་བརྟེན། ལྷ་ཀླུ་གཉན་བཙན་གྱི་རིགས་མང་པོ་རིམ་འཕྲོར་ཐོན་པ་དང་། ལྷ་དེ་དག་ལ་གསོལ་བ་སྨོན་ལམ་འདེབས་པ་དང་མཆོད་བསྟོད་བྱས་ན། དེ་དག་གིས་རང་ཉིད་ལ་རོགས་རམ་དང་སྲུང་སྐྱོབ་བྱེད་པའི་སྨོན་འདུན་དང་ཡིད་ཆེས་སྐྱེས་པར་བརྟེན་གདོད་མའི་ཆོས་ལུགས་དེ་བྱུང་བ་རེད། གདོད་མའི་ཆོས་ལུགས་དེ་ནི་གདོད་མའི་མི་རྣམས་ཀྱིས་རང་བྱུང་ཁམས་ལ་འཛིན་པའི་ལྟ་བ་ཞིག་ཡིན་པ་དང་ལྟ་བ་དེའི་རྨང་གཞིའི་ཐོག་ནས་རང་གི་རྒྱལ་ཕམ་གྱི་ཉམས་མྱོང་དང་བསླབ་བྱ་རྣམས་དང་འབྲེལ་ཏེ་རང་བྱུང་ཁམས་ཀྱི་ཆོས་ཉིད་ལ་འགྲེལ་བཤད་བརྒྱབ་སྟབས་གདོད་མའི་རྩོམ་རིག་བྱུང་བ་རེད། སྒྲུང་དང་ལྡེའུ་གཉིས་ནི་གདོད་མའི་ཆོས་ལུགས་མི་འདྲ་བ་གཉིས་ཡིན་ལ། ཆོས་ལུགས་མི་འདྲ་བ་དེ་གཉིས་ཀྱི་རྨང་གཞིའི་ཐོག་ནས་གོང་འཕེལ་དུ་སོང་བའི་བོན་པོའི་ཆོས་ལུགས་ཡང་བོད་གདོད་མའི་སྤྱི་ཚོགས་ཀྱི་ཆོས་ལུགས་ཤིག་རེད། དེས་འཇིག་རྟེན་ཁམས་ཀྱི་དངོས་པོ་ཡོད་དོ་ཅོག་ལ་ལྷ་འདྲེ་ཞུགས་པར་འདོད་ཅིང་། འདོད་ཚུལ་དེ་ལ་བརྟེན་ནས་ཆུ་ལྷ་དང་། ཡུལ་ལྷ། མེ་ལྷ། རླུང་ལྷ། ལུས་ལྷ། ཕོ་ལྷ། དགྲ་ལྷ་སོགས་ལྷ་ཇི་སྙེད་ཅིག་ཐོན་པ་དང་། རི་བོ་ལ་མཚོན་ན་སྲིད་པ་ཆགས་པའི་ལྷ་དགུ་སོགས་ཡོད་པར་འདོད། དེ་དག་ནི་ཡབ་འོ་དེ་གུང་རྒྱལ་དང་། སྲས་ཡར་ལྷ་ཤམ་པོ། གཉན་ཆེན་ཐང་ལྷ། ཇོ་བོ་འཁྱོག་ཆེན། རྨ་ཆེན་སྤོམ་ར། ཇོ་བོ་གཡུ་རྒྱལ། ཤེའུ་མཁའ་རི། ཞོག་ལྷ་ཕྱུག་པོ། གནོད་སྦྱིན་གངས་བཟང་བཅས་ཡིན་ལ། དེའི་ཁར་བོད་ཀྱི་གངས་རི་དང་རྫ་རི་ཅུང་མཐོན་པོ་ཇོ་བོ་མཆིམས་ལྷ་དང་། ཇོ་བོ་ངེས་གསུམ། ཇོ་བོ་གཡའ་སྒང་། ཇོ་བོ་ལྷ་བཙས་བཅས་པའི་བསྣན་པས། རྗེའི་མགུར་ལྷ་བཅུ་གསུམ་ཟེར་བ་དེ་གྲུབ་པ་རེད། རྗེའི་མགུར་ལྷ་ཟེར་དགོས་པའི་རྒྱུ་མཚན་ནི། ལྷ་དེ་རྣམས་སྔོན་ཆད་སུས་ཀྱང་བདག་གིར་བཟུང་མེད་པའི་བོད་རིགས་ཐུན་མོང་གིས་མཆོད་བསྟོད་བྱེད་པའི་ལྷ་ཡིན་ནའང་། བོད་ཡུལ་གངས་རེ་རྩེ་དགུའི་ལྗོངས་འདི་རུ་རྗེ་བློན་གྱི་ཁྱད་པར་བྱུང་བ་ནས་བཟུང་། རྗེ་བོས་རང་གི་ཆབ་སྲིད་ཀྱི་དབང་ཤུགས་དང་མངའ་ཐང་གི་ཆེ་བ་ལ་བརྟེན་ནས་རང་ཉིད་ལྷ་ཀླུ་གཉན་བཙན་སོགས་ཀྱི་སྤྲུལ་པ་ཡིན་པར་རློམ་པས་རེད།
          ལྔ་པ། རྩོམ་རིག་ནི་བརྩེ་དུང་ཚུར་སྣང་དང་བརྒྱུད་བསྒྲགས་བྱེད་པ་ལས་བྱུང་བ་ཞིག་ཡིན་ཟེར། 
          ལྟ་ཚུལ་དེ་ནི་སེམས་ཁམས་རིག་པའི་ཕྱོགས་ནས་རྩོམ་རིག་གི་སྣང་ཚུལ་ལ་དཔྱད་ཞིབ་བྱས་པ་ཞིག་ཡིན། ཁོ་ཚོས་བརྩེ་དུང་ཚུར་སྣང་བྱ་རྒྱུ་ནི་མིའི་རིགས་ལ་ཐོག་མ་ནས་ཡོད་པའི་རང་གཤིས་ཤིག་ཡིན་པ་དང་། དགའ་སྐྱོ་དང་། ཁོང་ཁྲོ། སྤྲོ་བ་ལ་སོགས་ནི་མི་ཞིག་ལ་ཡོད་པའི་རང་བཞིན་དེ་ཡིན་ལ། དེ་དག་ལ་བརྟེན་ནས་བྱུང་བའི་བརྩེ་དུང་མཚོན་པར་བྱེད་སྐབས་སྐད་སྒྲ་དེ་གླུ་དབྱངས་ཡིན་པ་དང་། སྐད་ཆ་དེ་རྩོམ་རིག་ཡིན་པ། གཟུགས་པོའི་འགུལ་བསྐྱོད་དེ་ཞབས་བྲོ་ཡིན་པར་འདོད། དེར་བརྟེན་ཁོ་ཚོས་ཐོག་མའི་རྩོམ་རིག་ནི་གདོད་མའི་མི་རྣམས་ཀྱི་བརྩེ་དུང་མཚོན་པ་ཡིན་པར་ངོས་འཛིན་བྱས་ཡོད་པ་རེད། ད་དུང་རྩོམ་རིག་སྒྱུ་རྩལ་གྱི་འབྱུང་རྩ་ནི་མི་སྒེར་གྱི་རང་སེམས་ནང་བྱུང་བའི་ཚོར་བ་དེ་དག་མི་གཞན་ལ་བརྒྱུད་བསྒྲགས་བྱེད་པའི་འདོད་སེམས་ལས་བྱུང་བ་ཡིན་ཟེར། སྙན་ངག་པ་ཞོ་ཚའི་ཡིས་“ཀླ་ཀློའི་དུས་ཀྱི་མི་རྣམས་ལ་ཆ་བཞག་ན། སྒྱུ་རྩལ་ལ་སྒུལ་ཤུགས་གཅིག་ལས་མ་ངེས་ཏེ། དེ་ནི་ཁོ་ཚོས་སྒྱུ་རྩལ་གྱི་རྣམ་པ་ལ་བརྟེན་ནས་ཕན་ཚུན་ནང་གི་ཚོར་འདུ་བརྗེ་རེས་བྱེད་པའི་དགོས་མཁོ་དེའི་བྱེད་ནུས་ཀྱིས་སྒྱུ་རྩལ་བྱི་བྱུང་བ་དང་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་པ་ཡིན་”ཞེས་གསུངས་ལ། ཐོ་འར་སི་ཐ་ཡིས་“མི་ཞིག་གིས་རང་ལ་མྱོང་ཚོར་འབྱུང་བའི་ཚོར་འདུ་དེ་མི་གཞན་ཞིག་ལ་སྟོན་དགོས་ཚེ་ཐོག་མར་རང་གི་སེམས་ཁམས་སུ་ཚོར་འདུ་དེ་ཡང་བསྐྱར་གཡོ་བར་བྱེད་དགོས་པ་མ་ཟད། ཕྱིའི་རྣམ་པ་མཚོན་སྟངས་ངེས་ཅན་ཞིག་ལ་བརྟེན་ནས་ཕྱིར་མཚོན་དགོས། མཚོན་སྟངས་དེ་ལ་སྒྱུ་རྩལ་གྱི་མཚོན་སྟངས་ཟེར་” ཞེས་སྒྱུ་རྩལ་གྱི་ཐོག་མའི་འབྱུང་གཞི་ནི་ཚོར་འདུ་དང་བརྩེ་དུང་བརྗེ་རེས་བྱེད་པའི་དགོས་མཁོ་ལས་བྱུང་བའི་འདོད་ཚུལ་བཏོན་ཡོད་པ་རེད།
          དྲུག་པ། ངལ་རྩོལ་ལས་རྩོམ་རིག་བྱུང་བ་ཡིན། 
          “ངལ་རྩོལ་གྱིས་མིའི་རིགས་གསར་སྐྲུན་བྱས་པ་དང་། ངལ་རྩོལ་གྱིས་མིའི་རིགས་ཀྱི་རྩོམ་རིག་སྒྱུ་རྩལ་གསར་སྐྲུན་བྱས་པ་རེད། ”ཅེས་པ་ལྟར།འགྲོ་བ་མིའི་སྤྱི་ཚོགས་གྲུབ་པ་དང་འཕེལ་རྒྱས་འགྲོ་བའི་གོ་རིམ་ཡོད་ཚད་ངལ་རྩོལ་དང་ཁ་བྲལ་མི་ཐུབ་ལ། མིའི་རིགས་ཀྱི་རྩོམ་རིག་སྒྱུ་རྩལ་བྱུང་བ་དང་འཕེལ་བ་དེའང་ངལ་རྩོལ་དང་ཁ་བྲལ་ཐབས་མེད། བོད་རིགས་ཀྱི་རྩོམ་རིག་ཀྱང་དེ་ལས་མ་འདས་ཏེ། 《ཐང་ཡིག་སྡེ་ལྔ་》དང་《རྒྱལ་རབས་གསལ་བའི་མེ་ལོང་》《མཁས་པའི་དགའ་སྟོན་》སོགས་ནས་བོད་ཁ་བ་ཅན་གྱི་ཡུལ་གྲུ་ཐམས་ཅད་དང་པོ་ཆུས་བཀང་ཡོད་པ་ནས་རིམ་བཞིན་སྐམ་ས་བྱུང་བའི་སྐོར་ལ། དཔེར་ན་《ཐང་ཡིག་སྡེ་ལྔའི་》ནང་། “སྲིད་པའི་སྒོ་ང་ཕྱོགས་རྣམས་ཀུན་ཏུ་རྡོལ། །སྲིད་པའི་མི་དང་བྱོལ་སོང་སྣ་ཚོགས་བྱུང་། །འདམ་དང་དྲོད་གཤེར་སྐྱེས་པའི་མེ་ཡང་བྱུང་། །”ཞེས་པ་བཞིན་མིའི་འགྲོ་བ་དར་བའི་འགོ་ཚུགས་སྐབས་མི་རྣམས་ནི་བྱིས་བློའི་ཚད་དུ་གནས་ལ་དང་ཐོག་སྐད་ཆ་ཡང་ཤོད་མི་ཤེས་པས། ལྷན་དུ་ངལ་རྩོལ་བྱེད་པ་ལ་ཡིད་ཀྱི་འདོད་ཚུལ་དང་བསམ་པའི་འཆར་སྒོ་སོགས་ཕན་ཚུན་བརྗེ་རེས་དང་གོ་བརྡ་སྤྲོད་ཐབས་ཤིག་ངེས་པར་ཡོད་དགོས་པས་ན་རིམ་བཞིན་སྐད་ཀྱི་གདངས་ཐོན་པ་རེད། སྐུ་ཞབས་ལུའུ་ཤུན་གྱིས་“དེ་དུས་ཤིང་སྡོང་ཁུར་སྐབས་དེའི་ནང་གི་མི་ཞིག་གིས་ཧད་ཡོ་ཧད་ཡོ། ཞེས་སྒྲ་འབྱིན་པ་ནི་གསར་རྩོམ་ཞིག་ཡིན། དེ་རྒྱུན་འཛིན་བྱས་ན་རྩོམ་རིག་ཡིན་ཞིང་། དེ་བས་ན་ཁོ་ནི་རྩོམ་པ་པོ་ཞིག་ཡིན་པར་མ་ཟད། རྩོམ་རིག་པ་ཡང་ཡིན་”ཞེས་གསུངས་ཡོད། དེ་ལྟར་ན། གདོད་མའི་མི་རྣམས་ཀྱི་ངག་ལས་བྱུང་བའི་སྒྲ་དེ་ནི་གདོད་མའི་དུས་ཀྱི་རྩོམ་རིག་ཅིག་ཡིན་པ་དང་། དེ་ནི་གདོད་མའི་མི་རྣམས་ཀྱི་ངག་ཐོག་གི་རྩོམ་རིག་ཅིག་རེད། དེའི་དུས་མེས་པོ་རྣམས་ཀྱིས་རང་བྱུང་ཁམས་དང་རི་དྭགས་གཅན་གཟན་ལ་དབང་བསྒྱུར་ཐུབ་མེད་ནའང་། མིའི་འགྲོ་བ་ཕན་ཚུན་བར་དགྲ་ཟླར་མི་འཛིན་པར་ཚང་མ་མཉམ་དུ་སྤྱི་ཚོགས་ཀྱི་ངལ་རྩོལ་ལ་ཞུགས་ཏེ་ཟས་མཉམ་ཟ་དང་སྡུག་མཉམ་མྱོང་བྱེད་པ་ཞིག་ཡིན་པ་དཔེར་ན། 《རྒྱལ་པོ་བཀའི་ཐང་ཡིག་》ལས་“ནོར་རྫས་ལ་སོགས་ཆགས་འཛིན་བསམ་པ་མེད། །དོགས་འཚེའི་གནོད་འཇོམས་གསོད་པའི་བསམ་པ་མེད།།རང་བཞིན་ཐུགས་ཀྱིས་ཐམས་ཅད་རྣམ་དོག་ཉུང་།། དམག་དང་འཁྲུག་རྩོད་ཚོང་དང་ཁེ་ཁྲམ་མེད། །དགྲ་དང་སྲིད་ཀྱི་སྡེ་རིས་འདོན་པ་མེད། །རང་སེམས་བཟང་པོ་དགའ་སྤྲོ་རྩེད་གླུ་བྱེད། །རང་བཞིན་བཟང་པོ་བདེ་འགྲོ་སྙོམས་པའི་དུས། །”ཞེས་བཀོད་ཡོད་པ་ལྟར་རོ།
          རྩོམ་རིག་སྒྱུ་རྩལ་གྱི་འབྱུང་རྩ་ནི་ངལ་རྩོལ་ཡིན་ཞེས་པར་རྒྱུ་མཚན་འདི་འདྲ་འགའ་ཞིག་ཡོད་པ་སྟེ། 
          ༡. གདོད་མའི་རྩོམ་རིག་འབྱུང་བའི་ཆ་རྐྱེན་ནས་བལྟས་ཚེ་ངལ་རྩོལ་གྱིས་རྩོམ་རིག་ལ་དགོས་ངེས་ཀྱི་སྔོན་འགྲོའི་ཆ་རྐྱེན་བསྐྲུན་ཡོད། རྩོམ་རིག་ནི་སྤྱི་ཚོགས་ཀྱི་འཚོ་བ་དེ་མི་རྣམས་ཀྱི་ཀླད་པའི་ནང་ཤར་བའི་ཐོན་དངོས་ཤིག་ཡིན། དེར་བརྟེན་མིའི་ཀླད་པ་དང་ཚོར་ཤེས་ཀྱི་དབང་པོ་འཕེལ་རྒྱས་ཕྱིན་པ་དེ་ནི་རྩོམ་རིག་གི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ་དེ་དང་ཆབས་ཅིག་རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་པ་དང་། སྐད་ཆ་མེད་ཚེ་རྩོམ་རིག་ཀྱང་མེད་པས། མིའི་རིགས་ཀྱི་སྐད་ཆ་གསར་ཐོན་བྱུང་བ་དེ་རྩོམ་རིག་གི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན། འོ་ན་མིའི་བསམ་པ་དང་སྐད་ཆ་ཇི་ལྟར་བྱུང་བ་ཡིན་ཞེ་ན་དེ་ནི་རྒྱུན་རིང་གི་ཐོན་སྐྱེད་ངལ་རྩོལ་བྱེད་པའི་བརྒྱུད་རིམ་ནང་རིམ་བཞིན་གྲུབ་པ་དང་འཐུས་ཚང་དུ་ཕྱིན་པ་ཞིག་ཡིན་ལ། ཐོག་མར་ངལ་རྩོལ་དང་དེ་རྗེས་སྐད་ཆ་བྱུང་བ་ཞིག་ཡིན། དེར་བརྟེན་ངལ་རྩོལ་གྱིས་རྩོམ་རིག་གསར་ཐོན་བྱུང་བར་དགོས་ངེས་ཀྱི་སྔོན་འགྲོའི་ཆ་རྐྱེན་བསྐྲུན་ཡོད། 
          ༢. གདོད་མའི་རྩོམ་རིག་བྱུང་བའི་རྒྱུ་རྐྱེན་ལ་བལྟས་ཚེ། གདོད་མའི་མིའི་རིགས་ཀྱི་ཐོན་སྐྱེད་ངལ་རྩོལ་ནང་དུ་ཐོན་པའི་དགོས་མཁོ་དེ་ཐོག་མའི་རྩོམ་རིག་བྱུང་བའི་རྒྱུ་རྐྱེན་ཡིན། སྐབས་དེ་དུས་མི་རྣམས་ཚོགས་པ་དང་ཚོགས་པ་བྱས་ཏེ་གནས་སྡོད་བྱེད་པ་མ་ཟད་སྟབས་བདེའི་ལག་ཆར་བརྟེན་ནས་ངལ་རྩོལ་དང་སྟབས་བདེའི་སྐད་ཆར་བརྟེན་ནས་ཕན་ཚུན་བརྩེ་དུང་བརྗེ་རེས་བྱེད་ཀྱི་ཡོད། ཐུན་མོང་གི་ངལ་རྩོལ་བྱེད་པའི་བརྒྱུད་རིམ་ནང་དུ་ལས་ཀའི་ནུས་པ་མཐོར་འདེགས་དང་། བརྩེ་དུང་བརྗེ་རེས་བྱེད་པ། ལོ་ལེགས་ལ་བརྟེན་འབྲེལ་བྱེད་པ་སོགས་ཀྱི་དགོས་མཁོར་གཞིགས་ནས་ཐོག་མའི་རྩོམ་རིག་སྒྱུ་རྩལ་གྱི་ལས་འགུལ་དེ་བྱུང་བ་ཡིན། 
          ༣. གདོད་མའི་རྩོམ་རིག་གི་ནང་དོན་ལ་བལྟས་ཚེ། ཐོན་སྐྱེད་ངལ་རྩོལ་ནི་རྩོམ་རིག་གིས་ཐད་ཀར་རྩོམ་འབྲི་བྱ་ཡུལ་དེ་ཡིན། ངལ་རྩོལ་ནི་གདོད་མའི་མི་རྣམས་ཀྱི་འཚོ་བའི་ནང་དོན་གཙོ་བོ་དེ་ཡིན་པར་བརྟེན། གདོད་མའི་རྩོམ་རིག་དེ་དག་ལ་གདོད་མའི་ཐོན་སྐྱེད་ངལ་རྩོལ་གྱི་འཚོ་བ་དེ་རྩོམ་རིག་གི་ནང་དོན་དང་འབྲི་ཡུལ་གཙོ་བོར་གྱུར་ཡོད། 
          ༤. གདོད་མའི་རྩོམ་རིག་གི་རྣམ་པ་གྲུབ་སྟངས་ལ་བལྟས་ཚེ། མིའི་རིགས་ཀྱི་ཆེས་ཐོག་མའི་རྩོམ་རིག་གི་རྣམ་པ་དང་སྐབས་དེའི་ཐོན་སྐྱེད་ངལ་རྩོལ་དང་འབྲེལ་བ་དམ་པོ་ཡོད་པ་ཞིག་ཡིན། མིའི་རིགས་ཀྱི་ཆེས་ཐོག་མའི་རྩོམ་རིག་གི་རྣམ་པ་ནི་གླུ་ཡིན་ཞིང་། དང་ཐོག་གླུ་དང་། རོལ་མོ། ཞབས་བྲོ་གསུམ་ནི་གཞི་གཅིག་ཏུ་འབྲེལ་བའི་རྣམ་པ་ཞིག་ཏུ་གྲུབ་པ་ལས་རང་ཚུགས་སུ་ཡོད་པ་མ་ཡིན། ངལ་རྩོལ་ལས་རྩོམ་རིག་བྱུང་བ་ཡིན་ཞེས་པའི་ལྟ་ཚུལ་དེ་དག་མདོར་བསྡུས་ན་ཨེན་ཀེ་སིའི་《སྤྲ་མི་ནས་མིར་འགྱུར་བའི་གོ་རིམ་ཁྲོད་ངལ་རྩོལ་གྱིས་ཐོན་པའི་བྱེད་ནུས་》ཟེར་བའི་རྣམ་བཤད་དང་། ཕུ་ལེ་ཧན་ནོ་ཕུ་ཡིས་མཛད་པའི་《སྒྱུ་རྩལ་གྱི་རྣམ་བཤད་》ཅེས་པའི་ནང་བཏོན་པའི་“ངལ་རྩོལ་ནི་སྒྱུ་རྩལ་ཡར་སྔོན་དུ་བྱུང་”ཞེས་པའི་ལེགས་བཤད་དང་། མར་ཁེ་སིའི་《1844ལོའི་དཔལ་འབྱོར་རིག་པ་དང་མཚན་ཉིད་རིག་པའི་ཕྱག་བྲིས་》ཞེས་པའི་ནང་གི་ངལ་རྩོལ་གྱི་གོ་རིམ་ཁྲོད་དུ་འགྱུར་ཁུག་དང་། བྲོ་གར་གླུ་དབྱངས་སོགས་གནས་པ་ཡིན་ཚུལ་གྱི་ལྟ་བ་གཞིར་བཟུང་ནས་དཔྱད་བརྗོད་བྱས་པ་ཞིག་ཡིན་ལ། རིག་པ་དེ་དག་གིས་རྩོམ་རིག་སྒྱུ་རྩལ་གྱི་ཐོག་མ་ངལ་རྩོལ་ལས་བྱུང་བ་དེ་སྒྲུབ་པ་ཡིན་ནོ། 
གཉིས་པ། རྩོམ་རིག་གི་འཕེལ་རྒྱས་སྐོར། 
          མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཏུ་གདོད་མའི་སྤྱི་ཚོགས་འཐོར་ཞིག་ཕྱིན་ཏེ་གྲལ་རིམ་ཡོད་པའི་བྲན་གཡོག་སྤྱི་ཚོགས་སུ་འཕོ་འགྱུར་ཕྱིན་པ་དང་། གྲལ་རིམ་ཡོད་པའི་རྐྱེན་གྱིས་སྤྱི་ཚོགས་ཀྱི་ལས་གནས་ཐོག་ཀླད་པའི་ངལ་རྩོལ་དང་ལུས་པོའི་ངལ་རྩོལ་བྱེད་མཁན་གྱི་དབྱེ་བ་བྱུང་ལ། ཐོན་སྐྱེད་ཀྱི་འཐབ་རྩོད་དང་མང་ཚོགས་ཀྱི་འཐབ་རྩོད་གཉིས་པོ་ནི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་ཆེན་པོ་གཉིས་ཡིན། 
          དང་པོ། དཔལ་འབྱོར་གྱི་རྨང་གཞི་ནི་རྩོམ་རིག་འཕེལ་རྒྱས་འགྲོ་རྒྱུར་ཐག་གཅོད་ཀྱི་རང་བཞིན་ལྡན་པའི་རྒྱུ་རྐྱེན་ཞིག་ཡིན། 
          ཐོན་སྐྱེད་ཀྱི་འཐབ་རྩོད་ཟེར་བ་ནི་མི་རྣམས་ཀྱིས་རང་བྱུང་ཁམས་ལ་འཐབ་རྩོད་བྱེད་པ་དང་ཡང་ན་ཚན་རིག་གི་ཚོད་ལྟ་འགའ་ཞིག་ལ་དམིགས་པ་ཞིག་ཡིན་པ་དེ་ནི། ཐོན་སྐྱེད་ངལ་རྩོལ་གྱི་ནུས་པ་གོང་མཐོར་གཏོང་བ་དང་། ཐོན་སྐྱེད་ཀྱི་སྤྱི་ཚོགས་ནུས་ཤུགས་གོང་འཕེལ་གཏོང་བའི་སྤྱིར་བཏང་གི་འཐབ་རྩོད་རྣམ་པ་ཞིག་ཡིན། གདོད་མའི་དུས་སུ་མི་རྣམས་ཀྱི་ལག་ལེན་གྱི་ལས་འགུལ་ཚང་མ་ནི་ཐོན་སྐྱེད་ངལ་རྩོལ་དང་རང་བྱུང་ཁམས་ལ་འཐབ་རྩོད་བྱ་རྒྱུ་དེ་རེད། དེར་བརྟེན། མིའི་རིགས་ཀྱི་སྤྱི་ཚོགས་དེ་ཡང་ཐོག་མར་རང་བྱུང་ཁམས་ལ་འཐབ་རྩོད་བྱེད་པའི་ནང་ནས་འཕེལ་རྒྱས་བྱུང་བ་ཞིག་ཡིན། ཨེན་ཀེ་སིས་“མི་རྣམས་ཀྱིས་ཐོག་མར་བཟའ་འཐུང་དང་། གྱོན་རྒྱུ། སྡོད་ཁང་བཅས་ཐག་གཅོད་བྱུང་རྟིང་དེ་ནས་ཆབ་སྲིད་དང་། ཚན་རིག སྒྱུ་རྩལ། ཆོས་ལུགས་སོགས་བྱེད་ཀྱི་ཡོད་པ་རེད་”ཅེས་གསུངས་པ་ལྟར། ཐོན་སྐྱེད་འཐབ་རྩོད་བྱས་པ་བརྒྱུད་ལོ་རྒྱུས་ཀྱི་འཕེལ་རྒྱས་ངེས་ཅན་ཞིག་གི་ནང་དུ་རང་བྱུང་ཁམས་ལ་སྒྱུར་བཀོད་བྱེད་པ་དང་ཆབས་ཅིག་མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བ་དེར་འགྱུར་ལྡོག་འགྲོ་བ་དང་། མི་རྣམས་ཀྱི་སྤྱི་ཚོགས་བྱ་འགུལ་མཐའ་དག་ལ་དགོས་ངེས་ཀྱི་དངོས་པོའི་རྨང་གཞི་བཏིང་བ་མ་ཟད་རྩོམ་རིག་གི་འཕེལ་རྒྱས་ལ་ཆ་རྐྱེན་བསྐྲུན་གྱི་ཡོད་པ་རེད། 
          དུས་ཚོད་ངེས་ཅན་ཞིག་གི་རྩོམ་རིག་གི་འཕེལ་རྒྱས་དེ་དུས་སྐབས་དེའི་དཔལ་འབྱོར་མཐོ་རླབས་ཀྱི་འབྲས་བུ་ཡིན། བློ་མཐུན་མའོ་ཙེ་ཏུང་གིས་“དཔལ་འབྱོར་འཛུགས་བསྐྲུན་གྱི་མཐོ་རླབས་དང་བསྟུན་ཏེ་རིག་གནས་འཛུགས་བསྐྲུན་གྱི་མཐོ་རླབས་ཤིག་ཡོང་གི་ཡོད་”ཅེས་གསུངས་པ་ལྟར། དཔལ་འབྱོར་གྱི་འཕེལ་རྒྱས་ལ་བརྟེན་ནས་རྩོམ་རིག་འཕེལ་རྒྱས་ལ་སྐུལ་འདེད་ཡོང་གི་ཡོད། ལོ་རྒྱུས་དུས་སྐབས་གང་གི་ནང་དུ་ཡང་དུས་སྐབས་དེའི་དཔལ་འབྱོར་གྱི་རྨང་གཞི་དང་འཕེལ་རྒྱས་ཀྱིས་རྩོམ་རིག་འཕེལ་རྒྱས་ལ་ནུས་པ་མི་ཆུང་བ་ཞིག་ཐོན་གྱི་ཡོད་ལ། སྤྱི་ཚོགས་ཀྱི་འཕེལ་རྒྱས་དེ་རྣམ་པ་གསར་པ་ཞིག་ལ་སླེབས་པ་དང་རྨང་གཞིའི་དཔལ་འབྱོར་འཕོ་འགྱུར་ཇི་འདྲ་ཞིག་བྱུང་ན་སྤྱི་ཚོགས་འཚོ་བའི་ཕྱོགས་སོ་སོ་ནས་དེའི་གོམ་འགྲོས་དང་མཐུན་པའི་འགྱུར་ལྡོག་འོས་འཚམས་བྱུང་ཞིང་དེ་ཡིས་རྩོམ་རིག་གསར་རྩོམ་ལ་བརྗོད་བྱ་གསར་པ་འདོན་སྤྲོད་བྱས་ཏེ་རྩོམ་རིག་འཕེལ་རྒྱས་ལ་སྐུལ་མ་གཏོང་གི་ཡོད་པ་རེད།རྩོམ་རིག་འཕེལ་རྒྱས་ཀྱི་ཁྲོད་དུ་རྩོམ་རིག་གི་ནང་དོན་ཆ་ལ་དངོས་པོའི་འཚོ་བའི་འཕོ་འགྱུར་གྱི་ཤན་ཞུགས་པ་མངོན་གསལ་ཡིན། རྩོམ་རིག་གི་རྣམ་པའི་ཆ་ལ་རང་ངོས་ཀྱི་འཕེལ་རྒྱས་ཆོས་ཉིད་ཡོད་ལ་ཕྱི་ནས་འོངས་པའི་རིག་གནས་ཀྱི་མཐུན་རྐྱེན་དང་སྒྱུ་རྩལ་གྱི་ཤན་ཞུགས་པའང་ཡོད། འོན་ཀྱང་མཐར་གཏུགས་ན་དངོས་པོའི་འཚོ་བའི་རྒྱུ་རྐྱེན་ནི་ཐག་གཅོད་རང་བཞིན་ལྡན་པ་ཞིག་ཡིན། རྨང་གཞིའི་དཔལ་འབྱོར་ལ་འཕོ་འགྱུར་བྱུང་བ་དེས་སྤྱི་ཚོགས་འཚོ་བར་འགྱུར་ལྡོག་འབྱུང་ངེས་ལ། སྤྱི་ཚོགས་འཚོ་བར་འགྱུར་ལྡོག་བྱུང་བ་ངེས་རྩོམ་རིག་གི་ནང་དོན་ཆ་ལ་འགྱུར་ལྡོག་དང་འཕེལ་རྒྱས་འགྲོ་ཡི་ཡོད།
          གཉིས་པ། ཆབ་སྲིད་ཀྱིས་རྩོམ་རིག་འཕེལ་རྒྱས་ལ་ཐོན་པའི་ཤུགས་རྐྱེན་སྐོར། 
          ཆབ་སྲིད་དང་རྩོམ་རིག་སྒྱུ་རྩལ་གཉིས་ནི་སྟེང་གི་བཀོད་པ་ཞིག་ཡིན་པ་དང་། དེ་གཉིས་པོ་དཔལ་འབྱོར་གྱི་རྨང་གཞིས་ཐག་གཅོད་བྱེད་པ་དང་ཆབས་ཅིག་དཔལ་འབྱོར་གྱི་རྨང་གཞི་ལ་འབས་འདེགས་ཞུ་ཡི་ཡོད་པར་བརྟེན་ཕན་ཚུན་ཤུགས་རྐྱེན་སྤྲོད་པའི་འབྲེལ་བ་ཞིག་ཀྱང་ཡིན། “ཆབ་སྲིད་ནི་དཔལ་འབྱོར་གཅིག་བསྡུས་ཀྱིས་མཚོན་པར་བྱས་པ་ཞིག་ཡིན་”པ་དང་། སྟེང་གི་བཀོད་པའི་ནང་གཙོ་བོའི་གནས་བབ་བཟུང་ཡོད་པ་མ་ཟད་ནུས་པ་ཆེ་ཤོས་འདོན་མཁན་ཞིག་ཡིན། རྩོམ་རིག་ནི་སྟེང་གི་བཀོད་པ་ཞིག་ཡིན་རུང་དཔལ་འབྱོར་གྱི་རྨང་གཞི་དང་འབྲེལ་བ་ཅུང་རིང་བས། སྟེང་གི་བཀོད་པའི་ནང་ཆབ་སྲིད་ཀྱིས་མཚམས་སྦྱོར་གྱི་ནུས་པ་ཆེ་ཤོས་ཐོན་གྱི་ཡོད་པར་བརྟེན། རྩོམ་རིག་གི་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ལྡན་པ་ཞིག་ཡིན། ཆབ་སྲིད་ཀྱིས་སྟེང་གི་བཀོད་པའི་ནང་གཙོ་ཁྲིད་ཀྱི་གོ་གནས་བཟུང་ཡོད་པ་དང་། དེ་ནི་གྲལ་རིམ་གྱི་ཁེ་ཕན་གཅིག་སྡུད་ཀྱིས་མཚོན་པར་བྱས་ཡོད་རྐྱེན་རྩོམ་རིག་སྒྱུ་རྩལ་ལ་ཚོད་འཛིན་གྱི་ནུས་པ་ཐོན་གྱི་ཡོད་དེ། གཅིག་ནས་རྩོམ་རིག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཐོན་ཏེ་རྩོམ་རིག་འཕེལ་རྒྱས་དང་ཕུན་སུམ་ཇེ་ཚོགས་སུ་འགྲོ་ཡི་ཡོད་པ་དང་། གཉིས་ནས་རྩོམ་རིག་ལ་བཀག་རྒྱ་ཆེན་པོ་ཞིག་སྤྲད་དེ་རྩོམ་རིག་ཉམས་རྒུད་དང་འཐོར་ཞིག་ཏུའང་གཏོང་གི་ཡོད་པ་རེད།   དཔེར་ན་“མི་བའི་ངན་རེངས་”ཀྱི་ཆབ་སྲིད་གནོན་ཤུགས་འོག་རྩོམ་རིག་སྒྱུ་རྩལ་སྟོང་ལ་ཉེ་བའི་དུས་ཤིག་ཏུ་སླེབས་པ་དང་། ཧ་ལམ་རྩོམ་རིག་གི་མིང་ཙམ་ལས་དོན་ངོ་མའི་རྩོམ་རིག་མེད་པར་གྱུར་པ་ལྟ་བུས་མཚོན་ཡོད།
          གསུམ་པ། མཚན་ཉིད་རིག་པས་རྩོམ་རིག་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་སྤྲོད་པ་ཞིག་ཡིན། 
          མཚན་ཉིད་རིག་པ་ནི་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་གྲས་ཤིག་ཡིན་པ་དང་། དེ་ནི་མི་རྣམས་ཀྱི་འཇིག་རྟེན་ཧྲིལ་པོར་འཛིན་པའི་རྩ་བའི་སྒྱུ་རྩལ་དེ་ཡིན་པ་མ་ཟད། མི་རྣམས་ཀྱི་གོ་རིམ་ལྡན་པ་དང་རིགས་པའི་གཞུང་ལུགས་ཅན་དུ་འགྱུར་བའི་ལྟ་ཚུལ་དེ་ཡིན། སྤྱིར་བཏང་ནས་བཤད་ན། མཚན་ཉིད་རིག་པའི་ཤུགས་རྐྱེན་ནི་རྩོམ་པ་པོ་འགའ་རེ་དང་། རྩོམ་ཡིག་འགའ་རེ་ལ་ཡོད་པ་ཞིག་མ་ཡིན་པར་རྟག་པར་རྩོམ་རིག་གི་བསམ་པའི་རླབས་རྒྱུན་དང་།གསར་རྩོམ་གྱི་ཕྱོགས་ལྷུང་། གསར་རྩོམ་གྱི་ཐབས་ཤེས། ཉམས་འགྱུར་དང་། གྲུབ་མཐའ་སོགས་ཚང་མར་ཤུགས་རྐྱེན་གཏིང་ཟབ་ཡོད་པ་ཞིག་རེད།
          བཞི་པ། ཆོས་ལུགས་ཀྱིས་རྩོམ་རིག་འཕེལ་རྒྱས་འགྲོ་རྒྱུར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད། 
          ཆོས་ལུགས་དང་རྩོམ་རིག་གཉིས་ལ་འདྲ་བའི་ཕྱོགས་ཡོད་ལ་མི་འདྲ་བའི་ཕྱོགས་ཀྱང་ཡོད། འདྲ་བའི་ཕྱོགས་ནི་དེ་གཉིས་པོ་འདུ་ཤེས་འཛིན་སྟངས་གཅིག་འདྲ་ཡིན་པ་དང་། དེ་ནི་མི་རྣམས་ཀྱིས་འཇིག་རྟེན་ངོས་འཛིན་དང་ཁོང་དུ་ཆུད་པར་བྱེད་པའི་བྱེད་ཐབས་ཤིག་ཡིན་པ་མ་ཟད། གཟུགས་བརྙན་དང་བསམ་པའི་འཆར་སོ་དེ་ཡིན། རྩོམ་རིག་དང་ཆོས་ལུགས་གཉིས་པོ་ཕན་ཚུན་འབྲེལ་བ་དམ་ཞིང་ཤུགས་རྐྱེན་ཆེན་པོ་ཡོད་པ་ཞིག་ཡིན་ལ། དུས་རབས་ངེས་ཅན་ཞིག་གི་ནང་དུ་དར་ཁྱབ་ཏུ་སོང་བའི་ཆོས་ལུགས་དེས་མི་རྣམས་ཀྱི་སེམས་ཁམས་སུ་བག་ཆགས་ངེས་ཅན་ཞིག་འཇོག་པ་དང་ཆབས་ཅིག་དུས་རབས་དེའི་ནང་དུ་གནས་པའི་རྩོམ་རིག་སྒྱུ་རྩལ་གྱི་ནང་དོན་དང་རྣམ་པར་ཤུགས་རྐྱེན་ཆེན་པོ་སྤྲོད་པ་མ་ཟད། རྩོམ་རིག་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ངེས་ཅན་ཞིག་ཐོན་གྱི་ཡོད། མི་རིགས་ཤིག་གི་རིག་གནས་དང་རྩོམ་རིག་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ནང་ཆོས་ལུགས་ཀྱི་ཤན་ཞུགས་ཟབ་མོ་ཡོད་པ་མ་ཟད།སྐུལ་འདེད་ཀྱི་ནུས་པའང་ཐོན་གྱི་ཡོད། དཔེར་ན། ང་ཚོ་བོད་རིགས་ཀྱི་རྩོམ་རིག་འཕེལ་རྒྱས་དང་ཕུན་སུམ་ཚོགས་སུ་འགྲོ་བའི་བརྒྱུད་རིམ་ནང་སངས་རྒྱས་ཆོས་ལུགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དང་། བོན་དང་སངས་རྒྱས་ཆོས་ལུགས་བར་གྱི་འཐབ་རྩོད་དང་། གྲུབ་མཐའི་དབར་གྱི་འཐབ་རྩོད་ངེས་རྩོམ་རིག་འཕེལ་རྒྱས་འགྲོ་རྒྱུར་ནུས་པ་ཆེན་པོ་ཐོན་ཡོད་ལ། ལོ་རྒྱུས་ཀྱི་དུས་སྐབས་རིང་པོའི་ནང་དུ་རང་རེའི་མེས་པོ་རྣམས་ཀྱིས་ངལ་རྩོལ་ལ་བརྟེན་ནས་རང་ཉིད་གསར་སྐྲུན་དང་། ངལ་རྩོལ་ལ་བརྟེན་ནས་རང་སྐད་གསར་སྐྲུན། ངལ་རྩོལ་ལ་བརྟེན་ནས་དངོས་པོ་དང་བསམ་བློའི་རྒྱུ་ནོར་གསར་སྐྲུན་བྱས་ཕྱིར་རང་རེའི་གདོད་མའི་དུས་ཀྱི་རྩོམ་རིག་ཡོད་པ་ནི་སྨོས་མ་དགོས་ལ། གདོད་མའི་སྤྱི་ཚོགས་འཚོ་བའི་སྣང་ཚུལ་དང་མིའི་འདུ་ཤེས་མཚོན་པའི་ལྷ་སྒྲུང་དེ་བོད་ཀྱི་སྒྲུང་གཏམ་གྱི་ཆུ་འགོ་ཡིན། དེ་དུས་བྱུང་བའི་ལྷ་སྒྲུང་གཙོ་བོ་རང་བྱུང་ཁམས་ནང་མིའི་རིགས་ཀྱིས་ཐད་ཀར་མཐོང་བའི་ཐོན་སྐྱེད་དང་འཚོ་བའི་ཡུལ་སྐྱེ་དངོས་དང་། སྲོག་ཆགས་བཅས་ཡིན་ལ། ལྷ་སྒྲུང་ནང་ཡ་མཚན་ཅན་གྱི་རང་བཞིན་ཉུང་བ་དང་། སྐྱེ་དངོས་དང་སྲོག་ཆགས་ལ་གང་ཟག་མིའི་རང་བཞིན་ལྡན་པ། སྒྲིག་སྟངས་ཀྱི་རྣམ་པ་ནི་གདོད་མའི་མི་རྣམས་རང་རང་འཚོ་བ་དང་འབྲེལ་ནས་གཏམ་རྒྱུད་དྲི་བ་དྲིས་ལན་རབ་བཏགས་ཀྱི་ཚུལ་དུ་ངག་རྒྱུན་དེ་རྣམས་གླུར་དྲངས་ནས་བརྗོད་པ་སྟེ། དཔེར་ན་《སྲིད་པ་ཆགས་གླུ་》དང་བོན་པོའི་སྲིད་པ་ཀློང་གི་སྒོ་ང་ལས་མིའི་འགྲོ་བ་དར་ཚུལ་གྱི་ལྷ་སྒྲུང་སོགས་ལྟ་བུའོ། 
          རྒྱལ་པོ་གྲི་གུམ་བཙན་པོ་དང་པུ་དེ་གུང་རྒྱལ་གཉིས་ཀྱི་དུས་སུ་བོད་སྤྱི་ཚོགས་ཀྱི་ཐོན་སྐྱེད་ལ་འཕེལ་རྒྱས་ངེས་ཅན་ཞིག་བྱུང་ཡོད། 《མཁས་པའི་དགའ་སྟོན་》ལས་“དེ་ཡིས་རྡོ་བཞུ་གསེར་དངུལ་ཟངས་ལྕགས་ཕྱུང་། །རྨོས་པའི་ལོ་ཏོག་ཐོག་མ་འདི་ནས་བྱུང་། །”ཞེས་གསུངས་པ་ལྟར་ཟངས་ལྕགས་སྤྱོད་པ་དང་ཞིང་ལས་ཐོན་སྐྱེད་བྱེད་པའི་ཐོག་མའི་མྱུ་གུ་འབུས་པས། སྤྱི་ཚོགས་འཚོ་བའི་སྣང་ཚུལ་དང་མིའི་འདུ་ཤེས་མཚོན་པའི་ལྷ་སྒྲུང་གི་རྣམ་པ་དང་ནང་དོན་ལ་འགྱུར་ལྡོག་བྱུང་བ་དེའང་སྐབས་དེའི་དཔལ་འབྱོར་གྱི་རྨང་གཞིར་རག་ལས་པ་ཞིག་རེད།  བོད་ཀྱི་གདོད་མའི་བོན་ཆོས་ཀྱི་འཇིག་རྟེན་ཁམས་ཀྱི་དངོས་པོ་ཡོད་དོ་ཅོག་ལ་ལྷ་འདྲེ་ཞུགས་ཡོད་པའི་ལྟ་བ་དེས་བོད་ཀྱི་རིག་གནས་ཁྲོད་དུ་ཆེས་གལ་ཆེ་བའི་གནས་བབ་བཟུང་ཡོད། བོད་ཀྱི་གདོད་མའི་དུས་བྱུང་བའི་ལྷ་སྒྲུང་ནང་གནའ་རབས་བོད་མིས་མཐོ་སྒང་ཡུལ་ལྗོངས་ཀྱི་མཛེས་སྡུག་ལ་ངོས་འཛིན་དང་ངལ་རྩོལ་བཟོ་སྐྲུན་ལ་བསྟོད་ར། རང་བྱུང་ཁམས་དང་འཐབ་རྩོད་བྱས་ནས་རྒྱལ་ཁ་ཐོབ་པར་གླུ་དབྱངས་ལེན་པ། ཆུ་ཚད་ངེས་ཅན་སྟེང་ནས་མི་རིགས་རང་གི་མཛེས་དཔྱོད་ལྟ་བ་དང་ལོ་རྒྱུས་ཀྱི་འཕེལ་རིམ། བསམ་པའི་འཁྱེར་བཟོ། ཀུན་སྤྱོད་སྐོར་གྱི་འདུ་ཤེས། ཡུལ་སྲོལ་གོམས་འདྲིས་ལ་སོགས་ཀྱི་ཁྱད་ཆོས་མཚོན་ཡོད། 
          སྲོང་བཙན་སྒམ་པོའི་རིང་ལ་བོད་ཁམས་གཅིག་གྱུར་བྱས་པ་དང་ཡི་གེ་བྱུང་རྗེས་སངས་རྒྱས་ཆོས་ལུགས་ཀྱི་ཆོས་དཔེ་སྣ་ཁ་ཉི་ཤུ་རྩ་གཅིག་བོད་སྐད་དུ་བསྒྱུར་ཏེ་སངས་རྒྱས་ཆོས་ལུགས་བོད་ཀྱི་སྤྱི་ཚོགས་ནང་དར་འགོ་ཚུགས། 《ཆོས་སྲིད་ཟུང་འབྲེལ་》ལས་“རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་བོད་ལ་སངས་རྒྱས་ཆོས་ལུགས་ཐོག་མར་དར་འགོ་ཚུགས་པ་དེ་ནི། སྐབས་དེའི་བོད་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་འགྱུར་ལྡོག་གསར་པའི་འོག་དབང་སྒྱུར་གྲལ་རིམ་གྱི་ཆབ་སྲིད་ལམ་ལུགས་ཐད་ལ་ཆོས་ལུགས་ཀྱི་བསམ་བློ་གསར་པའི་དགོས་མཁོ་བྱུང་བ་དང་བསྟུན་ནས་དར་སྤེལ་གཏོང་ཐུབ་པ་ཞིག་བྱུང་བ་ཡིན་པ་མ་གཏོགས་སངས་རྒྱས་ཆོས་ལུགས་རང་ཉིད་ཀྱི་རང་ཚུགས་སྟོབས་ཤུགས་ལ་བརྟེན་ནས་གློ་བུར་དུ་དར་སྤེལ་བྱུང་བ་ཞིག་མ་ཡིན་”(ཤོག་གྲངས་13) ཞེས་གསུངས། སངས་རྒྱས་ཆོས་ལུགས་ཀྱིས་མིའི་འདུ་ཤེས་ལ་ངོ་བོའི་ཐོག་ནས་འགྱུར་བ་བཏང་བ་མ་ཟད། རྩོམ་རིག་སྒྱུ་རྩལ་ལ་ཡང་ཤན་ཞུགས་ཐེབས་ཡོད། སྤྱི་ཚོགས་གོང་འཕེལ་འགྲོ་བ་དང་ཆབས་ཅིག་རྩོམ་རིག་སྒྱུ་རྩལ་ཐད་རིན་ཐང་ལྡན་པའི་སྔོན་ཐོན་མི་རིགས་གཞན་པའི་སྒྱུར་རྩོམ་དང་རང་རྩོམ་མང་པོ་ཞིག་བྱུང་ལ། སངས་རྒྱས་ཀྱི་འཁྲུངས་རབས་དང་བཀའ་བསྟན་སོགས་བོད་སྐད་དུ་བསྒྱུར་བས། བོད་རིགས་ཀྱི་རྩོམ་རིག་གི་ནང་དོན་དང་རྣམ་པ་གཉིས་ཀའི་ཐད་ཕུན་སུམ་ཚོགས་སུ་ཕྱིན་ཡོད། ལྷག་པར་དུ་ཐུབ་པའི་བཀའ་བསྟན་ཁྲོད་དུ་རྩོམ་རིག་གི་སྐོར་ཕོན་ཆེན་པོ་བཞུགས་ཡོད་པ་དེ་རྣམས་རྣམ་པའི་ཆ་ནས་སྙན་ངག་དང་གཏམ་རྒྱུད། དོན་གྱི་ཆ་ནས་གཙོ་བོ་ཐུབ་བསྟན་པའི་གྲུབ་མཐའ་འབའ་ཞིག་ཡིན། དེའི་ནང་གི་གཏམ་རྒྱུད་མང་ཆེ་ཤོས་ནི་ལོ་ཉིས་སྟོང་ལྷག་གི་སྔོན་ལ་རྒྱ་གར་དང་ཡ་གླིང་ཤར་ལྷོའི་ཕྱོགས་སུ་དར་ཆེ་བའི་དམངས་ཁྲོད་གཏམ་རྒྱུད་ཡིན་ཞིང་སྟོན་པ་ཤཱཀྱ་ཐུབ་པས་ཁོང་གི་དགོངས་དོན་ངེས་ཅན་རེ་གསལ་བཤད་བྱ་ཆེད་གཏམ་རྒྱུད་དེ་དག་གང་ལ་གང་འཚམ་དུ་བཀོད་ཅིང་། ཆོས་གསུངས་པའི་ཚེ་ནའང་ཉན་མཁན་རྣམས་ཀྱིས་ཆོས་དོན་གོ་ཞིང་རྟོགས་སླ་བ་དང་ཀུན་ལ་ཁྱབ་ཅིང་འཕེལ་བའི་ཆེད་དུ་སྐབས་དེར་དམངས་ཁྲོད་དུ་དར་ཁྱབ་ཆེ་བ་དང་། ངོ་མཚར་ཡིད་འགུགས་ཀྱི་ནུས་པ་ལྡན་པའི་གཏམ་རྒྱུད་ལ་སྦྱར་ནས་གསུངས་པ་ཡིན། ཆོས་ལུགས་དྲིལ་བསྒྲགས་མཁན་སུ་ཡིན་རུང་གོ་སླ་ཞིང་གསོན་ཉམས་ལྡན་པའི་གཏམ་རྒྱུད་རྣམས་ལ་བཟོ་བཅོས་བྱས་ནས་རྟོགས་དཀའ་བའི་ཆོས་ལུགས་ཀྱི་ནང་དོན་གསལ་བཤད་བྱ་རྒྱུ་ནི་ཁོ་ཚོའི་ཐུན་མོང་གི་ཡོན་ཏན་ཡིན་ཏེ་དཔེར་ན། ཡེ་ཤུའི་ཆོས་ལུགས་ཀྱི་《དམ་པའི་གསུང་རབ་》དང་དབྱི་སི་ལན་ཆོས་ལུགས་ཀྱི་《ཁོ་རན་གསུང་རབ་》དེ་ལྟར་ཡིན་ལ། ཐུབ་པའི་བཀའ་བསྟན་དུ་བཞུགས་པའི་གཏམ་རྒྱུད་རྣམས་ཀྱང་དེ་ལས་མ་འདས། ཐུབ་པའི་བཀའ་བསྟན་དུ་བཞུགས་པའི་གཏམ་རྒྱུད་རྣམས་ལ་སོ་སོ་སྒེར་ཚུགས་ཐུབ་པ་དང་། སྐད་ཆར་གསོན་ཉམས་ལྡན་པ། བྱུང་རིམ་གྱིས་མི་སེམས་འགུགས་པ། གཟུགས་བརྙན་རྣམས་རང་གཤིས་གསལ་བ། སྤྱི་ཚོགས་འཚོ་བའི་དོན་དང་མཐུན་པ་སོགས་ཀྱི་དགེ་མཚན་ལྡན་པས།དམངས་ཁྲོད་དུ་རྒྱ་ཆེན་པོ་དར་ཡོད་པ་མ་ཟད་ཐུབ་པའི་བསྟན་པ་དར་ཡོད་པའི་མི་རིགས་ཀྱི་རྩོམ་རིག་དང་སྒྱུ་རྩལ་ལའང་ཤན་ཞུགས་ཆེན་པོ་ཐེབས་ཡོད།  བོད་ཀྱི་རྩོམ་རིག་ཀྱང་དེ་བཞིན་ཡིན་ཏེ། བཀའ་བསྟན་མང་པོ་ཞིག་བོད་ལ་གདན་དྲངས་པ་དེས་རྒྱུན་སྲོལ་རྩོམ་རིག་ལ་བློ་ཁམས་གསར་པ་དང་། རྩོམ་སྲོལ་གསར་པ། མིང་ཚིག་སྡེབ་སྦྱོར་བྱ་ཐབས་གསར་པ་འབྱིན་ནས་ཕྱོགས་གང་སར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། 
          རྒྱལ་པོ་གླང་དར་མས་སངས་རྒྱས་ཆོས་ལུགས་བསྣུབས་ཏེ་བོད་སིལ་བུར་སོང་བའི་དུས་མཇུག་ཏུ་སླར་ཡང་སངས་རྒྱས་ཆོས་ལུགས་བསྐྱར་དར་བྱུང་བ་དང་། བོད་སྤྱི་ཚོགས་ཀྱི་འགལ་བ་སྣ་ཚོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་རྒྱ་གར་སོགས་མི་རིགས་གཞན་གྱི་རིག་གནས་བསྡུ་ལེན་དང་། ཆོས་ལུགས་གྲུབ་མཐའ་མང་དུ་བྱུང་བས། རང་རང་སོ་སོའི་གྲུབ་མཐའ་འཛིན་སྐྱོང་སྤེལ་གསུམ་གྱི་ཆེད་དུ་འཆད་རྩོམ་དང་མཁས་བརྒྱ་འགྲན་གླེང་གི་རྣམ་པ་གསར་པ་ཞིག་ཐོན་པའི་སྐབས་དང་བསྟུན། རྩོམ་པ་པོ་རྣམ་པས་རང་གི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་རྩོམ་རིག་སྒྱུ་རྩལ་གྱི་རྣམ་པ་སྤྱད་དེ་ཆོས་ལུགས་ཀྱི་ལྟ་བ་དྲིལ་བསྒྲགས་བྱས་པ་དང་ཆབས་ཅིག་རྩོམ་པ་རྒྱ་ཆེར་སྤེལ། དེའི་སྟབས་ཀྱིས་བོད་ཀྱི་རྩོམ་རིག་ལ་སྔར་གྱི་རྨང་གཞིའི་སྟེང་གོང་འཕེལ་ཆེན་པོ་བྱུང་བ་རེད། དུས་རིམ་འདིའི་ནང་སྔར་ལས་གཞི་རྒྱ་ཆེ་བའི་སྒོ་ནས་རྒྱ་གར་གྱི་གཏམ་རྒྱུད་དང་སྐྱེས་རབས་མང་པོ་བོད་སྐད་དུ་བསྒྱུར་བ་《དཔག་བསམ་འཁྲི་ཤིང་》དང་《སྐྱེས་རབས་སོ་བའི་》སོགས་ཡོད་ལ། ཕྱོགས་གཞན་ཞིག་ནས་བོད་རིགས་ཀྱི་རྩོམ་པ་པོས་བོད་སྐད་ཐོག་ནས་བསྟན་བཅོས་མང་པོ་རྩོམ་པའི་འགོ་ཚུགས་པ་ནི་དཔེར་ན། ཇོ་འབྲོམ་ཡབ་སྲས་ཀྱི་《བཀའ་གདམས་གླེགས་བམ་》དང་དགེ་ཤེས་པོ་ཏོ་བའི་《དཔེ་ཆོས་རིན་ཆེན་ཕྲེང་བ་》སོགས་ཡོད། ལྷག་པར་དུ་དུས་རབས་བཅུ་གསུམ་པའི་ནང་ཤོང་ལོ་ཙཱ་བས་《སྙན་ངག་མེ་ལོང་》གི་རྩ་བ་ཆ་ཚང་བོད་སྐད་དུ་བསྒྱུར་བ་དང་རྒྱུན་ཆད་མེད་པར་འཛིན་སྐྱོང་སྤེལ་གསུམ་བྱས་པ་དེས་བོད་རིགས་ཀྱི་སྙན་ངག་དང་རྩོམ་རིག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད་པ་རེད།
          ལྔ་པ། རྩོམ་པ་པོ་གྲགས་ཅན་རྣམས་ཀྱིས་རྩོམ་རིག་འཕེལ་རྒྱས་ལ་ཐོན་པའི་ནུས་པའི་སྐོར། 
          སྤྱི་ཚོགས་འཚོ་བའི་འབྱུང་ཁུངས་དེ་མི་སུ་ཞིག་གི་མདུན་དུའང་ཡོད་མོད། འོན་ཀྱང་རྩོམ་པ་པོའི་གསར་སྐྲུན་གྱི་རང་བཞིན་ལྡན་པའི་མཛེས་སྤྱོད་ཀྱི་ལག་ལེན་ལ་མ་བརྟེན་ན་རྩོམ་རིག་ཏུ་ནམ་ཡང་འགྲུབ་མི་ཐུབ་པས། དེས་ན་རྩོམ་རིག་གི་འཕེལ་རྒྱས་དང་འགྱུར་ལྡོག་ལ་ཆེས་ཐད་ཀར་དང་ཆེས་དམ་ཟབ་ཡིན་པའི་རྒྱུ་རྐྱེན་གཙོ་བོ་ནི་རྩོམ་པ་པོའི་མཛེས་སྤྱོད་ཀྱི་བྱ་འགུལ་ཁོ་ན་ཡིན། དེར་བརྟེན་རྩོམ་རིག་གིས་ཕྱོགས་གཅིག་ནས་མི་རྣམས་ཀྱི་བསམ་བློའི་དགོས་མཁོ་སྐོང་ཐུབ་ལ། གཉིས་ནས་རྩོམ་པ་པོ་རང་གི་ནང་དོན་གྱི་ཆ་དང་རྣམ་པའི་ཆ་གཉིས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱིས་རྩོམ་རིག་འཕེལ་རྒྱས་ལ་སྐུལ་འདེད་བྱེད་ཀྱི་ཡོད། སྦེ་ལིན་སི་ཅིས་“རྩོམ་རིག་གི་ངོ་བོ་དང་བསམ་བློ་དེ་ཁོའི་བརྩམས་ཆོས་ཡོད་ཚད་ལས་ཕྱིར་མཚོན་པའི་ངེས་པ་མེད་དེ། གཙོ་བོ་ཁོའི་ཚད་ལྡན་གྱི་ཕྱག་རྩོམ་ལས་མཚོན་ཐུབ་”ཅེས་གསུངས་པ་ལྟར་རྩོམ་རིག་གི་འཕེལ་རྒྱས་ལ་མཚོན་ནའང་། དུས་རབས་མི་འདྲ་བའི་ནང་འཕོ་འགྱུར་གལ་ཆེན་བྱུང་བ་ཚང་མ་ནི་རྩོམ་པ་པོ་གྲགས་ཅན་དང་ཁོ་ཚོའི་ཚད་ལྡན་གྱི་རྩོམ་ཡིག་དེ་དག་ཚད་གཞིར་བཟུང་བས་ཡིན། དཔེར་ན།“སྒྲ་དང་སྙན་ངག་སྡེབ་སྦྱོར་མངོན་བརྗོད་ཟློས་གར་རྣམས་ལ་རིག་གནས་ཆུང་ངུའམ་ཐ་སྙད་རིག་པའི་གནས་ལྔར་གྲགས་པ་རྣམས། ཆོས་རྗེ་ས་པཎ་ཡན་ལ་མ་དར་ཞིང་”ཞེས་དང་“ཕྱི་མ་རྣམས་ནི་ས་པཎ་ཡན་ལ་མེད། གང་དེས་དོན་བསྡུས་བསྟན་བཅོས་རྣམ་གསུམ་མཛད། དེ་དག་ཤོང་དཔང་འཕགས་པའི་དྲིན་ལས་བྱུང་”ཞེས་གསུངས་པ་ལྟར། བོད་ཀྱི་རིག་གནས་སྤྱི་དང་སྒོས་སུ་རྩོམ་རིག་སྒྱུ་རྩལ་གྱི་རྣམ་གཞག་ལ་འཕོ་འགྱུར་བསམ་ཡུལ་ལས་འདས་པ་བྱུང་ཞིང་དེས་རྩོམ་རིག་འཕེལ་རྒྱས་ལ་སྐུལ་མ་ཆེན་པོ་ཐེབས་པ་དང་། ཕྱིས་སུ་རྗེ་ཡབ་སྲས་སོགས་ཀྱི་རྩོམ་ཡིག་རྣམས་དུས་རབས་སོ་སོའི་ནང་ཚད་མར་གྱུར་པའི་མིག་དཔེ་ལྟ་བུར་སོང་ཞིང་རྩོམ་རིག་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་བྱུང་ཡོད་པ་རེད། 
          རྩོམ་པ་པོ་གྲགས་ཅན་གང་མང་བྱུང་བ་དེ་དག་ཡང་སྟེས་དབང་དུ་བྱུང་བ་ཞིག་མ་ཡིན་པར་ལོ་རྒྱུས་དུས་རབས་ངེས་ཅན་ཞིག་གི་དགོས་མཁོ་དང་།རྩོམ་པ་པོ་དེ་དུས་རབས་ངེས་ཅན་ཞིག་གི་ཆ་རྐྱེན་འོག་ཏུ་བྱུང་བའི་མྱོང་བརྒྱུད་དང་། དུས་རབས་རིམ་བྱུང་དུ་རྩོམ་པ་པོ་རྣམས་ཀྱིས་བསགས་པའི་ཉམས་མྱོང་། དམངས་ཁྲོད་རྩོམ་རིག་གི་ཞིང་ས་སོགས་ཀྱིས་རྩོམ་པ་པོར་མེད་དུ་མི་རུང་བའི་མཐུན་རྐྱེན་འདོན་སྤྲོད་བྱས་ཡོད་པས་རེད། འདི་ལྟ་བུའི་མཐུན་རྐྱེན་ལ་མ་བརྟེན་ན་རྩོམ་རིག་གསར་རྩོམ་ལ་ངོ་བོའི་ཐོག་ནས་འགྱུར་བ་འབྱུང་མི་སྲིད་ལ་རྩོམ་པ་པོ་ཕུལ་བྱུང་ཡང་འབྱུང་མི་ཐུབ་པ་དེ་ཡིན།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1