ཧིན་རྡུ་ཉི་ཞི་ཡཱའི་ས་འགུལ་དང་རྒྱ་མཚོ་འཕྱུར་བའི་དོན་རྐྱེན་ལས་མི་སྟོང་གཅིག་དང་ལྔ་བརྒྱ་དོན་གཅིག་རྐྱེན་ལམ་དུ་ཤོར།

རྩོམ་སྒྲིག་པ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 10-09


ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་བའི་ཚེས་གཉིས་ཉིན། ཧིན་རྡུ་ཉི་ཞི་ཡཱའི་སུའུ་ལཱ་ཝེ་ཞི་དབུས་མ་ཞིང་ཆེན་གྱི་གནོད་ཐེབས་ས་ཁུལ་དུ་དངོས་སྐྱེལ་གྲུ་གཟིངས་ཆེན་མོ་ཞིག་རླབས་ཀྱིས་དེད་ནས་མཚོ་འགྲམ་དུ་ཕུད་ཡོད། 


ཧི་རྡུ་ཉི་ཞི་ཡཱའི་རྒྱ་མཚོ་འཕྱུར་བའི་གནོད་ཐེབས་ས་ཁུལ་གྱི་སྲང་ལམ་རྣམ་པ། 


        ཧིན་རྡུ་ཉི་ཞི་ཡཱའི་གནོད་འགོག་ཁང་གི་མགྲིན་ཚབ་པ་སུའུ་ཐའོ་པའོ་ཡིས་ཚེས་ལྔ་ཉིན་གྱི་ཕྱི་དྲོར་ཡཱ་ཅཱ་ཏཱ་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཁྱབ་སྒྲོག་བྱས་དོན། རྒྱལ་ཁབ་དེའི་སུའུ་ལཱ་ཝེ་ཞི་དབུས་མ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཕཱ་ལུའུ་དང་ཏུང་ཅཱ་ལཱ་རྫོང་དུ་ས་འགུལ་དྲག་པོ་དང་རྒྱ་མཚོ་འཕྱུར་བའི་དོན་རྐྱེན་བྱུང་བ་ལས་མི་སྟོང་གཅིག་དང་ལྔ་བརྒྱ་དོན་གཅིག་རྐྱེན་ལམ་དུ་ཤོར་བ་དང་། རྨས་སྐྱོན་ལྗིད་མོ་ཕོག་པའི་མི་སྟོང་གཉིས་དང་ལྔ་བརྒྱ་ཞེ་དགུ་སྔར་བཞིན་སྨན་ཁང་དུ་བསྡད་དེ་གསོ་བཅོས་བྱེད་བཞིན་ཡོད། 
        དེའི་ཁྲོད་ཕཱ་ལུའུ་གྲོང་ཁྱེར་ནས་མི་སྟོང་གཅིག་དང་སུམ་བརྒྱ་ང་གཉིས་དང་། ཏུང་ཅཱ་ལཱ་ནས་མི་བརྒྱ་དང་ཞེ་བཞི། ཞི་ཅི་ནས་མི་རེ་གཉིས། ཕཱ་ལི་ཅི་ནས་མི་བཅུ་གཉིས། ཕཱ་སང་ཁཱ་ཡུས་ས་ཁུལ་ནས་མི་གཅིག་བཅས་རྐྱེན་ལམ་དུ་ཤོར། 
        ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་གཞོན་པ་ཁཱ་ལཱ་ཚེས་ལྔ་ཉིན་གནོད་ཐེབས་ས་ཁུལ་དུ་སོང་ནས་རྟོག་ཞིབ་བྱས་པ་དང་། གོ་རིམ་རྗེས་མའི་རྒུད་སྐྱོབ་བྱ་བར་བཀོད་སྒྲིག་བྱས། དེའི་སྔོན་ཁཱ་ལཱ་ཙུང་ཐུང་ཙོ་ཁི་ཡིས་ཐེངས་འདིའི་ས་འགུལ་དང་རྒྱ་མཚོ་འཕྱུར་བའི་རྒུད་སྐྱོབ་ཀྱི་སྤྱིའི་བཀོད་འདོམ་དཔོན་པོར་བསྐོ་འཇོག་བྱས་ཡོད་པ་རེད། 
        གློག་ཤུགས་དང་འཕྲིན་གཏོང་། འགྲིམ་འགྲུལ་སྒྲིག་ཆས་སོགས་རིམ་བཞིན་སླར་གསོ་བྱུང་བ་དང་བསྟུན་ནས། རྒུད་སྐྱོབ་དངོས་རྫས་བསྐྱལ་ནས་བགོ་བཤའ་བྱེད་བཞིན་ཡོད་པ་དང་། གནོད་ཐེབས་ས་ཁུལ་གྱི་སྒྲིག་ལམ་རིམ་བཞིན་སླར་གསོ་བྱེད་བཞིན་ཡོད། 
        ཕཱ་ལུའུ་གྲོང་ཁྱེར་ནང་ཁུལ་གྱི་ཚོང་ར་གཙོའི་ཚོང་ཁང་གིས་དྲག་ཆས་དམག་མིའི་འགེབས་སྲུང་འོག་ལས་གཉེར་བྱེད་མགོ་བརྩམས་པ་དང་། དཔལ་འབྱོར་བྱ་འགུལ་རིམ་བཞིན་སླར་གསོ་བྱེད་ཀྱིན་ཡོད། ཡིན་ཡང་དངོས་ཟོང་གི་འདོན་སྤྲོད་ཛ་དྲག་ཡིན་པས་ཚོང་རྫས་ཀྱི་རིན་གོང་ལྡབ་འགྱུར་གྱིས་ཇེ་མཐོར་སོང་ཡོད། 
        ཉིན་འགའི་སྔོན། རྒུད་སྐྱོབ་དངོས་རྫས་སྐྱེལ་འདྲེན་མ་ཐུབ་པས་གནོད་ཐེབས་མང་ཚོགས་ཀྱིས་ལྟོགས་སྐོམ་བཟོད་ཐབས་མེད་པར་གྱུར་ནས། གནོད་ཐེབས་ས་ཁུལ་དུ་འཚོ་བའི་མཁོ་དངོས་འཕྲོག་བཅོམ་བྱེད་པའི་སྣང་ཚུལ་བྱུང་། ཁྲིམས་འགལ་ཉེས་ཅན་སྐོར་ཞིག་གིས་སྐབས་དེ་དང་བསྟུན་ནས་གཏོར་བརླག་བྱ་འགུལ་སྤེལ་བ་རེད། ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་ཙོ་ཁི་ཡིས་ཉེན་རྟོག་དམག་དཔུང་གིས་ཚོང་ཁང་ལ་སྲུང་སྐྱོབ་བྱས་ཏེ། ཁོ་ཚོས་མྱུར་དུ་ཚོང་གཉེར་སླར་གསོ་བྱེད་དུ་འཇུག་དགོས་པའི་རེ་བ་བཏོན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1