རྔ་བ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་བྱེད་སྒོ་སྤེལ།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-09


        རྔ་བ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བར་སྔར་བས་སྐུལ་འདེད་གཏང་ཆེད། ཉེ་ལམ། རྔ་བ་ཁུལ་གྱི་2018ལོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་ཟླ་འཁོར་བྱེད་སྒོ་འབར་ཁམས་གྲོང་ཁྱེར་དུ་གཅིག་བསྡུས་ངང་སྤེལ། 
        བྱེད་སྒོའི་ཡུལ་དངོས་སུ། ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་ཁོངས་གཞུག་ལས་ཁུངས་རྣམས་ཀྱིས་འཕྲེད་འགེལ་ཡི་གེ་སྦྱར་བ་དང་དྲིལ་སྒྲོག་ཡིག་ཆ་འགྲེམ་གཏོང་། ཡུལ་དངོས་སུ་འགྲེལ་བཤད་རྒྱག་པ་སོགས་རྣམ་པ་མང་པོ་སྤྱད་དེ་ཕྱོགས་ཡོངས་ནས་རྔ་བ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ཏན་ཏན་ཏིག་ཏིག་གིས་གོང་དུ་སྤེལ་བ་ལས་ཐོབ་པའི་གྲུབ་འབྲས་གསལ་བོར་མངོན།
        བྱེད་སྒོ་ལས་འབར་ཁམས་གྲོང་ཁྱེར་གྱི་ཅོག་ཙེ་སློབ་ཆུང་གི་བྱིས་པ་རྣམས་ཀྱིས་བོད་ཡིག་དང་ཐང་ག་འབྲི་བ། དེ་མིན་བོད་ཀྱི་འཚེམ་དྲུབ་སོགས་ཀྱིས་ང་ཚོར་དངོས་མིན་ཤུལ་བཞག་རིག་གནས་ཀྱི་འགྲེམ་སྟོན་གྱ་ནོམ་པ་བྱས་བྱུང་། དེ་ལས་ཁོ་ཚོར་སྒྱུ་རྩལ་གྱི་བློ་སྦྱོང་ཟབ་ལ་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་རྔ་བ་ཁུལ་གྱི་སློབ་གསོ་ཁྱད་པར་བའང་མཚོན་ཡོད།

        ལི་ཝེ་གོ་སོགས་ཀྱིས་བྱེད་སྒོའི་ཡུལ་དངོས་སུ་འགྲེམ་པང་དང་དྲིལ་སྒྲོག་ལག་དེབ་སོགས་ལ་ནན་ཏན་གྱིས་གཟིགས་པར་མ་ཟད། མི་རིགས་མཐུན་སྒྲིལ་གསར་འཛུགས་ཀྱི་ཁོངས་གཞུག་ལས་ཁུངས་ཀྱི་གནས་ཚུལ་སྙན་ཞུ་ལ་ཉན་ཞིང་འབྲེལ་ཡོད་ཀྱི་འགན་ཁུར་མི་སྣ་དང་མཛའ་བརྩེ་ལྡན་པའི་ངང་གླེང་མོལ་བྱས་ཏེ། རྔ་བ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འབྲེལ་ཡོད་བྱ་གཞག་ལ་གདེང་འཇོག་དང་བསྟོད་པ་བྱས། གཞན་ད་དུང་ཐེངས་འདིའི་བྱེད་སྒོ་ལ་གོ་སྐབས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་བྱ་གཞག་ཏན་ཏིག་གིས་སྒྲུབ་ཅིང་། མི་རིགས་སོ་སོའི་མང་ཚོགས་རྣམས་མཉམ་དུ་གོང་འཕེལ་དར་རྒྱས་སུ་འགྲོ་བར་སྐུལ་འདེད་དང་ཁུལ་ཡོངས་ཀྱི་མི་རིགས་ལས་དོན་གྱི་ཆུ་ཚད་སྔར་བས་མཐོན་པོར་སླེབས་པར་ཤུགས་ཆེན་པོས་སྐུལ་མ་གཏོང་དགོས་ཞེས་གསུངས།

        ས་གནས་དེ་གའི་མང་ཚོགས་ཀྱང་གཅིག་རྗེས་གཉིས་མཐུད་དུ་བྱེད་སྒོ་རུ་ཞུགས་ནས་རང་འགུལ་གྱིས་དྲིལ་སྒྲོག་ལག་དེབ་བླངས་ཏེ་བལྟས་པར་མ་ཟད། འབྲེལ་ཡོད་མི་སྣས་འགྲེལ་བཤད་ལ་ནན་ཏན་གྱིས་ཉན་ཞིང་འདྲི་རྟོག་བྱས། འབར་ཁམས་གྲོང་ཁྱེར་གྱི་གྲོང་མི་རིན་ཆེན་གྱིས་གསར་འགོད་པར་བཤད་རྒྱུར། ང་ཚོས་བྱེད་སྒོ་འདི་བརྒྱུད་དེ་མི་རིགས་ཀྱི་ཆོས་ལུགས་སྲིད་ཇུས་དང་བཅའ་ཁྲིམས་སོགས་ལ་སྔར་ལས་ལྷག་པའི་ངོས་འཛིན་དང་རྒྱུས་ལོན་བྱེད་ཐུབ་པ་དང་། རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་རང་འགུལ་ངང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཇེ་མཐོར་གཏོང་སྲིད་ཟེར། 

        བསྡོམས་རྩིས་ལྟར་ན། ཐེངས་འདིའི་དྲིལ་སྒྲོག་བྱེད་སྒོ་རུ《ཆོས་ལུགས་ལས་དོན་གྱི་སྲོལ་ཡིག》དང《རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་དང་ཡི་གེའི་སྲོལ་ཡིག》སོགས་དྲིལ་སྒྲོག་ཡིག་ཆ་དེབ3000ལྷག་དང་། དྲིལ་སྒྲོག་ལག་ཁུག500ལྷག དྲིལ་སྒྲོག་དངོས་རྫས1000ལྷག་བཀྲམ་ཡོད་ལ། མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས1800ལྷག་ཐེངས་འདིའི་དྲིལ་སྒྲོག་བྱེད་སྒོ་རུ་ཞུགས་ཡོད།

        རྒྱུས་ལོན་པ་ལྟར་ན། དཔུང་རྡང་སྦྲེལ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲུང་། སེམས་རྡང་སྦྲེལ་ཏེ་བདེ་སྐྱིད་ཁྱིམ་གཞིས་མཉམ་དུ་འཛུགས་ཞེས་པ་ནི་ཐེངས་འདིའི་བྱེད་སྒོ་ཡི་བརྗོད་བྱ་གཙོ་བོ་ཡིན་ལ། ཐེངས་འདིའི་བྱེད་སྒོ་སྤེལ་བ་བརྒྱུད། འབྲལ་ཐབས་མེད་པ་གསུམ་དང་ཁས་ལེན་ལྔ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་བརྟན་པོར་ཆགས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་བྱེད་སྒོ་ལ་རོགས་སྐྱོར། མི་རིགས་སོ་སོའི་མང་ཚོགས་ལ་སྣེ་ཁྲིད་ནས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་། དབུལ་བྲལ་ཕྱུག་སྒྱུར་གྱིས་འབྱོར་འབྲིང་བརྩོན་པའི་སྟོབས་ཤུགས་གཅིག་ཏུ་བསྡུས་ཡོད་པས། རྔ་བ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་སྐུལ་འདེད་གཏོང་བར་མཐུན་རྐྱེན་བཟང་བོ་བསྐྲུན་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1