༄༅།། སྤུན་ཟླ་གསུམ།

ཆོས་མཚོ་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 10-09



ཆོས་མཚོ་སྒྲོལ་མས་བསྒྱུར།
        སྔོན་སྐྱེས་པ་ཞིག་ལ་བུ་གསུམ་ཡོད། ཁོའི་ཁང་པ་ནི་ཁོའི་རྒྱུ་ནོར་ཡོད་ཚད་ཡིན།ཁོ་འདས་པའི་རྗེས་སུ་བུ་སོ་སོས་ཁང་པ་དེར་བདག་པོ་རྒྱག་འདོད་སྐྱེ་བཞིན་ཡོད།ཕས་བུ་གསུམ་པོར་ཤིན་ཏུ་བྱམས་སྟབས་ཇི་ལྟར་ཕྱོགས་རིས་མེད་པ་ཞིག་བཟོ་དགོས་པ་མ་ཤེས།གལ་སྲིད་ཁང་པ་བཙོང་ཚེ་དེའི་སྒོར་མོ་སྙོམས་པོར་བགོས་ཆོག་ཀྱང་།ཁང་པ་དེ་ཕ་མེས་ནས་བརྒྱུད་ཡོང་བའི་རྐྱེན་གྱིས་ཁོས་དེ་ལྟར་བྱ་མ་འདོད།མཐར་ཁོས་ཐབས་ཤིག་རྙེད་དེ། བུ་རྣམས་ལ“ཁྱོད་ཚོ་རང་རང་གི་ལས་ཀྱི་ལམ་ལ་སོང་ནས་ལག་རྩལ་རེ་སློབས་དང་།ཕྱིར་སླེབས་རྗེས་སུའི་འཇོན་ནུས་ཆེ་ན་ཁང་པ་དེར་སྟེར་རྒྱུ་ཡིན”ཞེས་བཤད།
        བུ་གསུམ་པོ་དེར་འཐད་པ་བྱུང་ལ།བུ་ཆེ་བ་རྨིག་ལྕགས་སྤྲོད་པའི་བཟོ་བ་དང་། བུ་འབྲིང་བ་སྐྲ་བཞར་མཁན།བུ་ཆུང་བ་གྲི་རྩལ་མཁན་བཅས་བྱ་བར་འདོད།དེར་ཁོ་ཚོས་ནམ་ཞིག་ཡུལ་དུ་འཛོམས་པར་དུས་ཆད་བཏབ་རྗེས་རང་རང་སར་ཆས།སྟབས་ལེགས་པ་ཞིག་ལ་ཁོ་ཚོ་ཚང་མ་ཕུལ་དུ་བྱུང་བའི་སློབ་དཔོན་རེར་ཕྲད་ཅིང་།རྨད་དུ་བྱུང་བའི་ལག་རྩལ་ཡང་བསླབས།མགར་བས་རྒྱལ་པོའི་རྟ་ལ་རྨིག་ལྕགས་སྤྲོད་ཞོར་ཁང་པ་ང་ལ་དབང་ཐག་ཆོད་ཡིན་སྙམ།སྐྲ་བཞར་བས་ངོ་སོ་ཆེ་བའི་སྐུ་དྲག་དག་གི་སྨྲ་ར་བཞར་ཞོར་ཁང་པ་དེ་ང་ལ་དབང་ཁོ་ཐག་ཡིན་པར་བསམས།གྲི་རྩལ་མཁན་ནི་ལུས་ལ་རྨས་བཀང་ཡང་སྐྱོ་སྣང་མེད་པར་མ་མཆུར་སོ་འདེབས་བཞིན་རྒྱུན་འཁྱོངས་བྱེད་བཞིན་ཡོད། རྒྱུ་མཚན་ནི་ཁོའི་སེམས་སུ་ཡང་གལ་ཏེ་རྨས་ཕོག་པར་ཞེད་ཚེ་ཁང་པ་ནམ་ཡང་ཐོབ་ཐབས་བྲལ་འདོད།
        དུས་ལ་སླེབས་ཚེ་སྤུན་ཟླ་གསུམ་པོ་སླར་ཡང་ཨ་ཕའི་སར་འཛོམས།ཁོ་ཚོས་ཇི་ལྟར་རང་གི་འཇོན་ནུས་ངོམ་པའི་གོ་སྐབས་ཞིག་བརྩོན་ལེན་བྱ་དགོས་པ་མ་རྟོགས་པར་གྲོས་བཏབ།ཏག་ཏག་སྐབས་འདིར།རི་བོང་ཞིག་གློ་བུར་དུ་ཞིང་ནང་ལ་མཆོང་འོངས་པ་ན། སྐྲ་བཞར་མཁན་གྱིས“རེད།ཁོ་ཡོང་སྐབས་འགྲིག་འདུག”ཟེར་བཞིན་ཁྲུས་གཞོང་དང་འདག་རྫས་བླངས་ཤིང་།འདག་རྫས་ལྦུ་བས་སྦངས་ནས་རི་བོང་དེ་མིག་མདུན་ནས་རླུང་ལྟར་རྒྱུག་སྐབས།དེར་འདག་རྫས་ཁུ་བ་བྱུགས་པར་མ་ཟད་སྐྱི་བཤུས་ཙམ་ཡང་མ་བཏོད་པར་སྨ་ར་ཐུང་ངུ་ཞིག་བཞར།ཨ་ཕས“ངའི་ཡིད་རབ་ཏུ་ཚིམས།གལ་ཏེ་ཁོ་གཉིས་ལ་ཁྱོད་ལས་ལྷག་པའི་འཇོན་ནུས་མེད་ན་ཁང་པ་ཁྱོད་ལ་དབང”ཞེས་བཤད།ཅུང་མ་འགོར་བར་སྐུ་དྲག་ཞིག་ཤིང་རྟར་བསྡད་དེ་བྱ་འཕུར་བ་ལྟར་བརྒྱུགས་འོངས།མགར་བས་ཕ་ལ“ཡབ་ཆེན་ལགས།ད་ལྟ་ཁྱེད་ཀྱིས་བདག་གི་ལག་རྩལ་ལ་གཟིགས་རོགས”ཟེར་བཞིན་ཤིང་རྟའི་ཕྱོགས་སུ་མཆོངས།བང་ཁ་རླུང་ལ་འགྲན་པའི་རྟའི་རྨིག་བཞིའི་མཐིལ་ལྕགས་བླངས་པར་མ་ཟད་གསར་པ་བཞི་སྤྲད། ཨ་ཕས“ཁྱོད་ནི་ཕུལ་དུ་བྱུང་བའི་མི་ཞིག་ཡིན་འདུག ཁྱོད་ཀྱི་ལག་རྩལ་ཡང་ནུ་བོ་བཞིན་ལེགས་པས།ངས་ཁང་པ་སུ་ལ་སྤྲོད་དགོས་པ་མི་ཤེས་པར་འདུག”ཅེས་བཤད།བུ་ཆུང་བས“ཡབ་ཆེན་ལགས།ང་ལའང་ཚོད་ལྟ་ཞིག་བྱ་རུ་འཇུག་རོགས”ཞེས་ཞུས་པ་ན།ཏག་ཏག་སྐབས་འདིར་ཆར་བ་བབས་བྱུང་།ཁོས་རལ་གྲི་བླངས་ནས་གྲི་རྩལ་སྦྱངས་ཞོར་མགོ་ཐོག་ཏུ་འབབ་པའི་ཆར་བ་བཀག ཆར་བ་ཇེ་ཆེ་ནས་ཇེ་ཆེར་གྱུར་ལ་ཁོའི་རལ་གྲི་ཡང་ཇེ་མགྱོགས་ནས་ཇེ་མགྱོགས་སུ་སོང་།ཁོ་ནི་ཁང་པའི་ནང་བསྡད་པ་བཞིན་ལུས་སྟེང་དུ་ཆར་ཐིགས་གཅིག་ཀྱང་མ་བབས། ཨ་ཕས་དེ་ཉིད་མཐོང་རྗེས་ངོ་མཚར་བའི་ངང“ཁྱོད་ཀྱི་འཇོན་ནུས་ནི་ཆེས་ཁྱད་དུ་འཕགས་པས།ཁང་པ་ཁྱོད་ལ་དབང་བ་ཡིན”ཞེས་བཤད།
        ཕུ་བོ་གཉིས་ཀྱིས་ཀྱང་ཐོག་མའི་དམ་ཚིག་བསྲུངས་ནས་ཡབ་ཆེན་གྱི་ཐག་གཅོད་ལ་མོས་མཐུན་བྱས།སྤུན་ཟླ་གསུམ་གྱིས་སྔར་ལྟར་འཆམ་མཐུན་ངང་ཁང་པ་འདིར་འཚོ་བ་རོལ་བཞིན་མཆིས།ཁོ་ཚོར་སྤྱང་གྲུང་འཛོམས་ལ་ལག་རྩལ་མཐོ་བས།རང་རང་གི་ལག་ཤེས་ལ་བརྟེན་ཏེ་དངུལ་མི་ཉུང་བ་ཞིག་བསགས།སྤུན་ཟླ་གསུམ་གྱིས་འདི་ལྟར་མཉམ་དུ་སྤྲོ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཚེ་མཇུག་ལ་སླེབས་སྐབས།སྤུན་གཅིག་ནད་ཀྱིས་འདས་ཤིང་གཞན་གཉིས་ལའང་སྐྱོ་གདུང་གིས་ནད་བྱུང་།མ་འགྱངས་པར་ཁོ་ཚོ་ཚང་མའི་ཚེའི་འཕེན་པ་རྫོགས།སྤུན་ཟླ་གསུམ་ནི་བློ་རིག་འཛོམས་ཤིང་ཕན་ཚུན་ལ་ཤིན་ཏུ་བྱམས་སྟབས་ལྷན་དུ་དུར་ས་གཅིག་ལ་སྤུར་བཏབ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1