གཙོ་ངོས།>> སློབ་གསོ།>>བོད་ཁུལ་སློབ་གྲྭ།

ལྷ་མོ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༠ཚེས་༠༩ཉིན།

༄༅།། ཤེས་རིག་གི་མེ་ཏོག་འཐུ་སའི་དགའ་ཚལ་ཞིག


—— ཁྲི་འདུ་རྫོང་མི་རིགས་སློབ་འབྲིང་དང་པོའི་སློབ་གསོའི་འཕེལ་རྒྱས་ཀྱི་ལམ་བུ།

 ལྷ་མོ་ཚེ་རིང་།


        སྟོན་དུས་འབྲས་བཟང་སྨིན་པའི་རྫོགས་ལྡན་གྱི་དུས་སྐབས་ཏེ་ཟླ་བརྒྱད་པའི་ཟླ་སྨད་ནི། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གང་མང་ཞིག་ལ་མཚོན་ན། ཏག་ཏག་དབྱར་གནང་མཇུག་སྒྲིལ་ལ་ཉེ་བའི་དུས་ཤིག་ཏུ་ཁེལ་ཡོད། འོན་ཏེ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་གྲྭ་ཁག་གིས་སློབ་མགོ་བརྩམས་ཏེ་ཕལ་ཆེར་ཟླ་གཉིས་ལྷག་འགོར་ཡོད། རྒྱུས་ལོན་པ་ལྟར་ན། ཡུས་ཧྲུའུ་ཁུལ་གྱི་ས་ཆ་མང་ཆེ་བ་ནི་འབྲོག་ཁུལ་ཡིན་ཞིང་། ལོ་རེའི་ཟླ་ལྔ་པ་དང་ཟླ་དྲུག་པ་ནི་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་ཡིན་པས། སློབ་གསོ་སྡེ་ཁག་གིས་ཁྱིམ་ཚང་གི་དཔལ་འབྱོར་ཡོང་སྒོ་སོགས་ལ་དམིགས་ཏེ་ཡུས་ཧྲུའུ་ཁུལ་ལ་ཆེད་དུ“དབྱར་རྩྭ་རྐོ་དུས་ཀྱི་གུང་གསེང”སྟེ་ཟླ་གཅིག་རིང་གི་དམིགས་བསལ་ཅན་གྱི་གུང་གསེང་ཞིག་ཁ་སྣོན་བྱས་ཡོད། གུང་གསེང་འདི་ཡོད་པའི་དབང་གིས་ཡུས་ཧྲུའུ་ས་ཆའི་སློབ་གྲྭ་ཁག་ལ་དབྱར་གནང་མེད་པར་བཤད། གོ་ཐོས་ལྟར་ན་ཡུས་ཧྲུའུ་ཁུལ་གྱི་རྫོང་དག་ལས་སློབ་གསོ་བཟུང་བ་ཆེས་ལེགས་ཤོས་ནི་ཁྲི་འདུ་རྫོང་ཡིན། དེའི་ཕྱིར་ང་ཚོའི་གསར་འགོད་པ་སྟོན་དུས་ཀྱི་བསིལ་རླུང་དང་འགྲོགས་ཏེ་ཡུས་ཧྲུའུ་ཁུལ་ཐོག་ནས་ཧ་ལམ་དུས་ཚོད་གཉིས་རིང་གི་ལམ་ཐག་བརྒྱུད་དེ་ཁྲི་འདུ་རྫོང་དུ་སླེབས་པ་ན། རྫོང་འདིའི་སློབ་གསོའི་འགྱུར་ལྡོག་དང་གནས་བབ་ལ་རྒྱུས་ལོན་བྱེད་འདོད་ཀྱི་འདུན་པ་དྲག་ཏུ་སྐྱེས།
        ཁྲི་འདུ་རྫོང་མི་རིགས་སློབ་འབྲིང་དང་པོའི་སློབ་གྲྭའི་སྒོ་ར་རུ་འཛུལ་མ་ཐག སློབ་རའི་རྒྱང་སྒྲོག་ཏུ་གཏོང་བཞིན་པའི་སློབ་མའི་གྱེར་འདོན་གྱི་གདངས་དབྱངས་སྙན་མོ་དེ་སྒྲ་འཛིན་གྱི་རྣ་ལམ་དུ་གྲགས་ཤིང་། སློབ་མ་རྣམས་ཀྱིས་སློབ་གྲྭའི་ལུས་རྩལ་ར་བར་དགའ་དགའ་སྤྲོ་སྤྲོའི་ངང་རྐང་རྩེད་སྤོ་ལོ་རྩེ་བཞིན་ཡོད་པ་དང་རྩེད་འཇོ་སྣ་ཚོགས་ལ་རོལ་བཞིན་པའི་དགའ་ཉམས་དེ་མཐོང་འཕྲལ། སེམས་སུ་དབང་མེད་དུ་དགའ་སྣང་གིས་ཕྱུག་ཅིང་སློབ་མའི་དུས་སྐབས་ཀྱི་འཚོ་བའི་རི་མོ་ཞིག་ཀྱང་ངང་གིས་དྲན་པར་བྱེད།
        རྒྱུས་ལོན་པ་ལྟར་ན། ཁྲི་འདུ་རྫོང་མི་རིགས་སློབ་འབྲིང་དང་པོ་ནི་བཅོས་བསྒྱུར་སྒོ་འབྱེད་མ་བྱས་པའི1971ལོར་བཙུགས་ཤིང་། ད་ལྟའི་བར་ལོ་ངོ47འགོར་སོང་། མིག་སྔར་སློབ་གྲྭའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི10ལྷག་དང་། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི4ལྷག་ཡོད་ལ། སློབ་གྲྭ་འདི་ནི་དམའ་འབྲིང་རིམ་པའི་སློབ་གྲྭ་ཞིག་ཡིན་ཞིང་། བསྡོམས་་པས་སློབ་མ1800ལྷག་དང་དགེ་བཟོ་པ200ལྷག་ཡོད། དམའ་འབྲིང་སློབ་རིམ་གསུམ་ལ་བསྡོམས་པས་འཛིན་གྲྭ37ཡོད། ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཁབ་ཀྱིས་འོས་འགན་སློབ་གསོ་དོ་མཉམ་འཕེལ་རྒྱས་སུ་ཡོང་བར་སྐུལ་འདེད་བྱས་པ་དང་བསྟུན་ནས། སློབ་གྲྭ་འདིའི་སློབ་གསོའི་སྒྲིག་ཆས་སོགས་ཀྱི་ཐད་གནམ་ས་བླ་འོག་བསྒྱུར་པ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་སྟེ། ད་ལྟ། སློབ་གྲྭར་སློབ་ཁྲིད་ཐོག་ཁང་དང་སློབ་མའི་ཟ་ཁང་ཐོག་ཁང་། སློབ་མའི་མལ་གསོ་ཐོག་ཁང་། དགེ་རྒན་གྱི་མལ་གསོ་ཐོག་ཁང་སོགས་རེ་རེ་བཞིན་ཡོད་པར་མ་ཟད། ཚད་ལྡན་ཅན་གྱི་རྫས་འགྱུར་ཚོད་ལྟ་ཁང་དང་། དཔེ་མཛོད་ཁང་། དཔེ་གཟིགས་ཁང་། རོལ་དབྱངས་ཁང་། གློག་ཀླད་ཁང་། ལུས་རྩལ་ཁང་། མཆོང་རྒྱུག་འཕེན་གསུམ་འགྲན་ར་སོགས་སློབ་གྲྭ་ཞིག་ལ་འཛོམས་དགོས་པའི་ཆ་རྐྱེན་ཚང་མ་འཛོམས་ཡོད་པས། སློབ་གྲྭའི་སློབ་སྒྲུབ་ཆ་རྐྱེན་ཤིན་ཏུ་ལེགས་ཤིང་སློབ་ཁྲིད་སྒྲིག་ཆས་སྔོན་ཐོན་ཅན་དུ་སླེབས་ཡོད་པ་ཚོར་ཐུབ་ལ། སློབ་གྲྭའི་སློབ་སྒྲུབ་ཆ་རྐྱེན་ནི་སྤྱིར་བཏང་གི་རྫོང་ཞིག་གི་སློབ་གསོའི་ཆ་རྐྱེན་ལས་ཡོངས་སུ་བརྒལ་ཏེ་ཞིང་ཆེན་རིམ་པའི་སློབ་གྲྭ་ཚད་ལྡན་ཅན་དང་མཉམ་པའི་སྣང་བ་ཞིག་ཀྱང་ངང་གིས་སྟེར། གཞན་སློབ་གྲྭ་འདིས་སློབ་སྒྲུབ་ཀྱི་ཕྱིའི་ཆ་རྐྱེན་ཁོ་ནར་དམིགས་ཏེ་སློབ་གསོའི་སྤུས་ཚད་ལ་མཐོང་ཆེན་ཅི་ཡང་མི་བྱེད་པ་ཞིག་གཏན་ནས་མིན་ཏེ། དགེ་རྒན་གྱི་སློབ་ཁྲིད་བྱང་ཚད་མཐོར་འདེགས་སུ་གཏོང་ཆེད། ཁྲི་འདུ་རྫོང་མི་རིགས་སློབ་འབྲིང་དང་པོས་ཞིང་ཆེན་ཕྱི་ནང་དུ་ལོ་རེར་དགེ་རྒན་གསར་རྙིང་དུ་མ་འདེམ་མངག་བྱས་ཏེ། ཆ་འཕྲིན་ལག་རྩལ་དང་དེང་རབས་སློབ་གསོ། སློབ་ཁྲིད་བྱེད་ཐབས། འཛིན་བདག་དོ་དམ་སོགས་ཀྱི་ཕྱོགས་ནས་གསོ་སྦྱོང་བྱས་པས། སློབ་གྲྭར་རིམ་གྱིས་ཆེད་ལས་ཀྱི་ཆུ་ཚད་མཐོ་ཞིང་སློབ་ཁྲིད་ཀྱི་ཉམས་མྱོང་ལྡན་པའི་དགེ་རྒན་གྱི་དཔུང་སྡེ་བརྟན་པོ་ཞིག་གྲུབ་ཡོད་པར་མ་ཟད། ད་དུང་སློབ་གྲྭས་སློབ་ཁྲིད་ཀྱི་ཞོར་དུ་ལུས་རྩལ་འགྲན་སྡུར་དང་སྙན་ངག་གྱེར་འདོན་འགྲན་སྡུར། གཏམ་བཤད་འགྲན་སྡུར་སོགས་དུས་ངེས་མེད་དུ་སྤེལ་ཏེ་སློབ་མའི་སློབ་སྦྱོང་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བཞིན་ཡོད། སློབ་གྲྭ་འདིས་གང་ལ་དེ་འཚམ་གྱིས་རྨད་བྱུང་གི་གྲུབ་འབྲས་ཀྱང་བླངས་ཡོད་དེ། ད་ལྟའི་བར་དམའ་འབྲིང་མཐར་ཕྱིན་སློབ་མ10000ལྷག་གསོ་སྐྱོང་བྱས་ཤིང་། 2013ལོའི་འབྲིང་རྒྱུགས་ཁྲོད་ཁུལ་ཡོངས་ནས་རྒྱུགས་འབྲས་ཨང་དང་པོ་བླངས།
        བྱ་དངོས་གང་ཞིག་འཕེལ་རྒྱས་སུ་འགྲོ་བའི་གོ་རིམ་ཁྲོད་ཀྱག་ཀྱོག་གི་ལམ་བུ་གང་མང་ཞིག་བརྒྱུད་དགོས་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་པ་ལྟར། ཁྲི་འདུ་རྫོང་མི་རིགས་སློབ་འབྲིང་དང་པོ་ལ་ད་ལྟའི་འཕེལ་རྒྱས་ཆེན་པོ་འདི་འདྲ་ཞིག་བྱུང་བའང་རྒྱུ་མེད་རྐྱེན་མེད་ཅིག་མིན་པར། དེ་ནི་སློབ་གྲྭ་རང་གི་དུས་ཡུན་རིང་མོར་འབད་བརྩོན་བྱས་པའི་དཀའ་སྡུག་གི་རྔུལ་ཆུ་ལ་རག་ལས་པར་མ་ཟད། འབྲེལ་རྒྱས་ཀྱི་སློབ་གསོའི་སྲིད་ཇུས་དང་རྒྱལ་ཁབ་ཀྱི་རོགས་སྐྱོར་སོགས་ལའང་ཁ་འབྲལ་ཐབས་མེད། སློབ་གྲྭ་འདིའི་སྐད་ཡིག་དགེ་རྒན་ཚེ་དབང་རྒྱལ་མཚན་ལགས་ཀྱིས་བཤད་པ་ལྟར་ན། སྔོན་ཆད་ཁྲི་འདུ་རྫོང་མི་རིགས་སློབ་འབྲིང་དང་པོ་ད་ལྟའི་གནས་འདི་རུ་ཆགས་མེད་ལ། 2010ལོའི་ཟླ4པའི་ཚེས14ཉིན་ཡུས་ཧྲུའུ་རུ་ས་འགུལ་བྱུང་སྐབས། ཁྲི་འདུ་རྫོང་མི་རིགས་སློབ་འབྲིང་དང་པོར་ཡང་གནོད་སྐྱོན་ཚབས་ཆེན་ཐེབས་པས། སྐབས་དེའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡི“ཁྱིམ་གཞིས་གསར་པ་ཡོད་ངེས་ལ་སློབ་གྲྭ་གསར་པའང་ཡོད་ངེས”ཞེས་པའི་དགོངས་དོན་ལྟར། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར4.1བཏང་སྟེ་གནས་སྤོ་བསྐྱར་སྐྲུན་བྱས་པས། སློབ་སྒྲུབ་ཆུ་ཚད་སྔོན་ཐོན་ཅན་དུ་སླེབས་ཤིང་སློབ་ཁྲིད་ཀྱི་སྒྲིག་ཆས་འཐུས་ཚང་ཡིན་པའི་ད་ལྟའི་སློབ་གྲྭ་འདི་འཛུགས་ཐུབ་པ་བྱུང་།
        དགེ་རྒན་ཚེ་དབང་རྒྱལ་མཚན་ནི་ཆུང་དུས་ནས་རང་ས་རང་ཡུལ་འདི་ནས་སློབ་གསོ་མྱངས་ཤིང་། ད་ལྟ་སློབ་གྲྭ་འདིར་སྐད་ཡིག་སློབ་ཁྲིད་བྱེད་བཞིན་པའི་དགེ་རྒན་ཞིག་ཡིན་ལ། ཁོས་མཚམས་སྦྱོར་བྱས་པ་ལྟར་ན། ཁོ་རང1997ལོར་ཁྲི་འདུ་རྫོང་མི་རིགས་སློབ་འབྲིང་ལ་ཞུགས། སྐབས་དེར་སློབ་གྲྭ་ཡོངས་སུ་བསྡོམས་པས་སློབ་མ200ཡས་མས་དང་དགེ་རྒན20ལྷག་ལས་མེད་ལ། དགེ་རྒན་ཡོད་ཚད་འབྲིང་རིམ་ཆེད་གཉེར་ལས་སློབ་མཐར་ཕྱིན་པའི་དགེ་རྒན་རྐྱང་རྐྱང་ཡིན། སྦྱང་བྱ་གཙོ་བོ་བོད་རྒྱ་ཡིག་རིགས་གཉིས་དང་རྩིས་དངོས་རྫས་གསུམ་སོགས་ཡིན་ཞིང་། དབྱིན་ཡིག་སྦྱང་བའི་གོ་སྐབས་མེད་ཟེར། སློབ་མའི་འཚོ་བའི་ཕྱོགས་ནས་སྐབས་དེར་འཚོ་བའི་གྲོན་དངུལ་སློབ་མ་རང་གིས་འཁྱེར་དགོས་ཏེ། དབྱར་དུས་བརྐོས་པའི་དབྱར་རྩྭ་དགུན་འབུ་སློབ་གྲྭར་ཡར་སྤྲོད་པའམ་ཡང་ན་རང་ཁྱིམ་ནས་བཟའ་འབྲུ་སོགས་སློབ་གྲྭར་འཁྱེར་དགོས་ལ། སློབ་གྲྭས་དེ་དག་སྒོར་མོར་བཙོངས་རྗེས་ཕྱིར་སྔོ་ཚོད་སོགས་ཉོ་དགོས། སྐབས་དེར་སློབ་མས་ཟ་མ་གང་འདོད་དུ་ཅི་ཙམ་དགོས་ན་དེ་ཙམ་ཟོས་ཆོག་པ་ཞིག་མིན་པར་ཚད་གཞི་གཏན་འཁེལ་བྱས་ཡོད་པས་ཕོ་བ་འགྲང་ཙམ་ཡིན། ཐ་ན་རྡོ་སོལ་ཡང་མེད་པས། དགུན་ཁར་སློབ་མའི་སློབ་ཁང་དང་དགེ་རྒན་ཚོའི་གཞུང་ལས་ཁང་དུ་ནོར་གྱི་ལྕི་བ་འབུད་དགོས་ལ། དགུན་དུས་ཀྱི་གྲང་ངར་མ་བཟོད་པར་སློབ་མ་ཚོའི་ལག་པ་དང་རྐང་པ་ཕྱིད་ཡོད་པའང་གང་མང་མང་ཡིན། ཟས་གོས་ངན་ངོན་གྱི་སྐབས་དེའི་སློབ་གྲྭའི་ཆ་རྐྱེན་ལས་སློབ་གསོའི་ཆུ་ཚད་དང་སློབ་སྒྲུབ་ཆ་རྐྱེན་སོགས་ནི་དེ་ལས་ཀྱང་བཤད་མི་དགོས་པར་ཅི་འདྲའི་སྡུག་པོ་ཡིན་པ་ང་ཚོས་ཚོད་དཔག་བྱེད་ཐུབ། ཡིན་ཡང་། ད་ལྟ་འདས་ཟིན་པའི་དཀའ་སྡུག་གི་ལོ་ཟླ་དེ་དག་ནི་ཕྱིར་དྲན་ཙམ་དུ་གྱུར་ཡོད་དེ། མཐོ་རྒྱུགས་སླར་གསོ་བྱས་པའི་རྗེས་དང་སྒོས་སུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། རྒྱལ་ཁབ་ཀྱིས་སློབ་གསོའི་བཅོས་བསྒྱུར་ཅི་རིགས་བྱས་ཤིང་། “མི་བསྡུ་བ་གཉིས་དང་ཁ་གསབ་གཅིག”དང་སློབ་མའི་འཚོ་བཅུད་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་སློབ་གསོའི་སྲིད་ཇུས་གང་མང་ཞིག་གཅིག་རྗེས་གཉིས་མཐུད་དུ་ལག་བསྟར་བྱས་པས། རང་རྒྱལ་གྱི་སློབ་གསོ་ཐད་མཆོང་བརྒལ་རང་བཞིན་གྱི་འཕེལ་རྒྱས་ཆེན་པོ་བྱུང་། སློབ་མའི་འཚོ་བའི་ཆ་རྐྱེན་ཕྱོགས་ནས་དགེ་རྒན་ཚེ་དབང་རྒྱལ་མཚན་གྱིས“ད་ལྟ་ང་ཚོ་སློབ་གྲྭའི་སློབ་མ་རེར་ཟླ་རེར་འཚོ་བའི་རོགས་སྐྱོར་མ་དངུལ་སྒོར180རེ་ཡོད་པས། འཚོ་བའི་ཆ་རྐྱེན་ཤིན་ཏུ་ལེགས”ཞེས་བཤད།
        སྐབས་དེར། སློབ་གྲྭའི་ར་སྐོར་དུ་སློབ་མ་འགའ་ཡར་རྒྱུག་མར་རྒྱུག་བྱེད་བཞིན་འདུག་ལ། གསར་འགོད་པས་དེའི་ཁྲོད་ཀྱི་སློབ་མ་དཀོན་མཆོག་ཡེ་ཤེས་ལ་རང་དགར་ཁ་བརྡ་ཅུང་ཙམ་བྱས་པ་ཡིན། ཁོར་ཉིན་གུང་གི་གུང་ཟས་སུ་ཅི་ཞིག་ཟོས་པ་ཡིན་ཞེས་དྲིས་པ་ན། ཁོས“འབྲས་དང་བྱ་ཤ གཞན་ཚོད་མ་བཅས་ཟོས་པ་ཡིན། སྔོན་ཆད་སློབ་ཆུང་འགྲིམ་དུས་ད་ལྟའི་ཆ་རྐྱེན་འདི་འདྲ་ལེགས་པོ་ཞིག་མཐོང་ཡང་མ་མྱོང”ཞེས་ཟེར། ཞོར་དུ་སློབ་མ་ཁོའི་རྗེས་ཕྱོགས་ཀྱི་ཕུགས་འདུན་གླེང་སྐབས། ཁོས་ཅུང་གཟབ་ནན་གྱི་ཚུལ་གྱིས“རྗེས་ཕྱོགས་ང་རང་སྐད་ཡིག་དགེ་རྒན་ཞིག་བྱས་ཏེ། རང་ས་གནས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་ཕྱོགས་ལ་སྲི་ཞུ་ཅུང་ཙམ་བསྒྲུབ་འདོད”ཅེས་བཤད། དུས་རྒྱུན་རང་ཅག་གིས་བྱིས་པའི་ཕུགས་བསམ་ནི་སྟོང་བསམ་འབའ་ཞིག་ཏུ་རློམ་ཡང་། སློབ་མ་དཀོན་མཆོག་ཡེ་ཤེས་ཀྱི་ཕུགས་འདུན་ལས་ང་ཚོས་ཁོས་རང་མི་རིགས་ཀྱི་སྐད་ཡིག་ལ་དུངས་ཞེན་ཟབ་མོ་བཅངས་ཡོད་པ་ཤེས་ཐུབ་པར་མ་ཟད། ཕ་ཡུལ་ལ་དྲིན་ལན་འཇལ་བའི་དྲིན་དྲན་དྲིན་གཟོའི་འདུ་ཤེས་གཙང་མ་ཞིག་ཀྱང་མངའ་བ་ཚོར་ཐུབ།
        ཁྲི་འདུ་རྫོང་མི་རིགས་སློབ་འབྲིང་དང་པོ་དང་ཁ་འབྲལ་སྐབས། ཁོ་ཚོའི་སློབ་ཁྲིད་ཐོག་ཁང་གི་སྒོའི་ཀླད་དུ་སྦྱར་ཡོད་པའི“སློབ་མ་ཡི་ཚེ་གཅིག་དོན་དུ་རྨང་གཞི་ལེགས་པོ་འདིང་ཞིང་། མི་རིགས་ཀྱི་ཕུགས་འདུན་ཆེད་དུ་འགན་ཁག་ངེས་ཅན་འཁུར་དགོས”ཞེས་པའི་ཡིག་འབྲུ་དེ་དག་མིག་ལམ་དུ་གསལ་ལེར་མངོན། སྐད་ཆ་འདིས་ཁྲི་འདུ་རྫོང་མི་རིགས་སློབ་འབྲིང་དང་པོའི་ཕྲག་ཏུ་བབས་པའི་འོས་འགན་དང་སློབ་གསོའི་ཁ་ཕྱོགས། མ་འོངས་པའི་དམིགས་བྱ་སོགས་གསལ་པོར་མཚོན་འདུག རླངས་འཁོར་དུ་འདུག་སྐབས་སློབ་གྲྭའི་ར་སྐོར་ལ་ཕྱིར་མིག་ཅིག་འཕངས་པ་ན། སློབ་རའི་མཁའ་དབྱིངས་སུ་ལང་ཚོའི་ངར་ཤུགས་དང་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། བྲག་རྩིག་རྩིག་གི་ཐོག་ཁང་དང་ཁོད་ཡངས་ཤིང་རྒྱ་ཆེ་བའི་ལུས་རྩལ་ར་བ། གཞན་དེང་རབས་འཛུགས་སྐྲུན་གྱི་ཁྱད་ཆོས་ཀུན་ནས་ལྡན་པའི་སློབ་ར་སོགས་ལས་སློབ་གྲྭའི་མཆོང་བརྒལ་རང་བཞིན་གྱི་འཕེལ་རྒྱས་མངོན་ཡོང་ལ། ད་ལྟའི་ཁྲི་འདུ་རྫོང་མི་རིགས་སློབ་འབྲིང་དང་པོ་ནི་ཤེས་རིག་གི་མེ་ཏོག་འཐུ་སའི་སློབ་རའི་དགའ་ཚལ་ཉམས་དགའ་བ་ཞིག་ཏུ་སྣང་ངོ་། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1