༄༅།། བྱིས་པར་སྔར་ལས་ལེགས་པོའི་མ་འོངས་པ་ཞིག་སྤྲོད་དགོས་།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 10-09


        “སློབ་གསོ་འཕེལ་རྒྱས་བཏང་ནས་དབུལ་ཐར་བྱེད་པའི་སྐོར་ཁག”ནི་དབུལ་ཕོངས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཕྱིའི་ཞན་ཆ་ཁ་གསབ་པའམ། དབུལ་ཐར་གྱི་ནང་གནས་སྒུལ་ཤུགས་ལ་སྐུལ་སྤེལ་བྱེད་པ། དབུལ་ཐར་འགག་སྒྲོལ་ཐད་རྒྱལ་ཁ་ལེན་པ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། དེར“མི་རབས་ནས་མི་རབས་བར་དབུལ་ཕོངས་བརྒྱུད་སྤྲོད་བྱེད་པ་བར་མཚམས་གཅོད་པའི”དུས་རབས་ཀྱི་འགན་འཁྲིའང་སྤྲད་ཡོད། དབུལ་ཐར་འགག་སྒྲོལ་གྱི་མཐའ་མའི་གདོང་མཆོང་དུས་རིམ་དུ་སླེབས་པ་ན། སློབ་གསོའི་བྱེད་ནུས་ཇི་ལྟར་འདོན་སྤེལ་གང་ལེགས་བྱེད་དགོས་སམ།
        ང་ཚོ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧའེ་ཡན་རྫོང་དུ་སོང་སྟེ་ཐག་ཉེ་ས་ནས་དེར་རོལ་མྱོང་ཐེངས་ཤིག་བྱེད།
        “ང་ཚོའི་རྫོང་དུ་རིམ་པ་མི་འདྲ་བ་དང་རིགས་མི་འདྲ་བའི་སློབ་གྲྭ(དམངས་སྒྲུབ་བྱིས་སྙོར་ཁང་ཡང་ནང་དུ་འདུ)16ཡོད་ལ། དེའི་ཁྲོད་བྱིས་སྙོར་ཁང11དང་སློབ་ཆུང3། དམའ་འབྲིང་སློབ་གྲྭ2ཡོད། ཡིག་ཚགས་དང་བྱང་བུ་བཟོས་པའི་སློབ་གྲྭར་ཡོད་པའི་སློབ་མ517ཡོད།”ཧའེ་ཡན་རྫོང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་ལི་པིང་ཞིན་དང་མཉམ་དུ་ང་ཚོ་ཧའེ་ཡན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་དུ་སླེབས།
        སློབ་ཁྲིད་ཐོག་ཁང་གསུམ་ཕན་ཚུན་ཁ་གཏད་དུ་ཀྲོང་ངེར་འགྲེང་ཡོད་ལ། ལུས་རྩལ་ར་བའི་སྟེང་རྒྱུག་ལམ་དང་སྤོ་ལོ་རྩེད་ས། འཕེན་འཕང་སྤོ་ལོའི་སྟེགས་བུ་སོགས་ལུས་རྩལ་གྱི་སྒྲིག་ཆས་ཡོད་ཚད་ཚང་མ་འཛོམས་ཡོད། སློབ་གསེང་ལུས་སྦྱོང་གི་ཅོང་བརྡ་གྲགས་པ་ན། སློབ་ལྭ་གྱོན་ཡོད་པའི་བྱིས་པ་རྣམས་གོ་རིམ་ལྡན་པའི་ངང་སློབ་ཁང་ལས་ཕྱིར་བུད་དེ་ལུས་སྦྱོང་བྱེད་པར་ཆས། སློབ་ཁྲིད་ཐོག་ཁང་གི་སློབ་ཁང་དང་ལྟ་ཀློག་ཁང་གཙང་ཞིང་གྲལ་དག་ཡིན་ལ། སྒྲིག་ཆས་ཆ་ཚང་ཡིན། ཉིན་རེའི་གཙང་སྦྲ་བྱེད་མཁན་གྱི་སློབ་མས་དགེ་རྒན་མཐོང་ཚེ་གུས་འདུད་ཞུས་ཏེ་འཚམས་འདྲི་བྱེད།
        “ད་ལྟ་སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་སོགས་ལེགས་པ་འདྲ་མཚུངས་ཡིན་ལ། སློབ་གྲྭའི་དགེ་རྒན་ཚང་མ་ལོ་ན་གཞོན་ཞིང་ལས་ལ་དགའ་བ་དང་། བརྩེ་སེམས་མངའ་བར་མ་ཟད་སློབ་ཁྲིད་ཀྱི་ཆུ་ཚད་ཀྱང་ཅུང་མཐོ་བས། སློབ་གསོའི་ཐོན་ཁུངས་གྲོང་ཁྱེར་ལ་འགྲན་ཆོག་པ་ཙམ་ཡིན”ཞེས་ལི་པིང་ཞིན་གྱིས་དེ་ལྟར་བཤད། ལི་པིང་ཞིན་གྱིས་བཤད་རྒྱུར། སློབ་གྲྭས་ད་དུང་སློབ་མའི་དགའ་ཕྱོགས་སྐྱེད་སྲིང་བྱེད་པ་གཙིགས་སུ་འཛིན་ཞིང་། རང་རྒྱལ་གྱི་སྲོལ་རྒྱུན་རིག་གནས་དང་ལག་ལེན་བྱ་འགུལ་ལ་བརྟེན་ནས་སློབ་མར་སློབ་གསོ་བཏང་སྟེ། ཁོ་ཚོའི་སེམས་སུ་རི་བོའི་ཕ་རོལ་གྱི་སྔར་ལས་ཁོད་ཡངས་ཤིང་རྒྱ་ཆེ་བའི་འཇིག་རྟེན་ཞིག་ལ་རེ་སྨོན་བྱེད་པའི་ཕུགས་འདུན་བསྩལ།
        ཧའེ་ཡན་རྫོང་གི་སློབ་གྲྭ་སོ་སོ་རུ། ཚང་མས“གཅིག་གིས་གཅིག་ལ་རོགས་བྱེད་པ”དང“གཅིག་གིས་མང་པོར་རོགས་བྱེད་པའི”ཐབས་ལ་བརྟེན་ནས། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་སློབ་མར“རོགས་རམ་གཉིས་དང་གསོ་སྐྱོང་གཉིས”ཀྱི་རོགས་སྐྱོར་བྱ་བ་སྤེལ་བར་མ་ཟད། དེའི་ཐད་གྲུབ་འབྲས་ཀྱང་མངོན་གསལ་བླངས། “རོགས་རམ་གཉིས”ནི་སློབ་གྲྭའི་དགེ་རྒན་གྱིས་འཚོ་བ་དང་སློབ་སྦྱོང་མཁོ་ཆས་ཀྱི་ཕྱོགས་ནས་དབུལ་ཕོངས་ཁྱིམ་ཚང་གི་བྱིས་པར་རོགས་སྐྱོར་བྱེད་པ་དེ་ཡིན་ལ། “གསོ་སྐྱོང་གཉིས”ནི་དགེ་རྒན་གྱིས་གསབ་ཁྲིད་བྱས་པར་བརྟེན་ནས། “རྗེས་ལུས་སློབ་མ་ཕུལ་བྱུང་སློབ་མ་རུ་གསོ་སྐྱོང་བྱེད་པ”དང་། “གནད་དོན་ཡོད་པའི་སློབ་མ་སྔོན་ཐོན་སློབ་མ་རུ་གསོ་སྐྱོང་བྱེད་པ”དེ་ཡིན།
        “སྐབས་འགར་ང་རང་ལོ་རིམ་བཞི་པའི་འཛིན་གྲྭ་གཉིས་པ་རུ་ཕྱིན་པ་ན། ཝང་ཧྥ་ཡུན་གྱིས་ང་རང་པང་དུ་དམ་པོར་བསྡམས”ཞེས་དགེ་རྒན་ཀྲང་ཅུན་ཞིའུ་དགོད་བཞིན་དུ་དེ་ལྟར་བཤད། ཝང་ཧྥ་ཡུན་ནི་ཧའེ་ཡན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་སློབ་མ101གྲས་ཀྱི་གཅིག་ཡིན་ལ། དགེ་རྒན་ཀྲང་ལགས་ཀྱིས་ནམ་རྒྱུན་ཁོར་སེམས་ཁུར་དང་རོགས་རམ་བྱས་པའི་དབང་གིས། ཝང་ཧྥ་ཡུན་ནི་ཁ་གྲག་རྒྱུར་མི་དགའ་བའི་བྱིས་པ་ཞིག་ནས་རིམ་གྱིས་གྲུང་ཤ་དོད་ཅིང་བློ་བག་ཡངས་ལ། སློབ་སྦྱོང་ལ་དགའ་བའི་བྱིས་པ་ཞིག་ཏུ་གྱུར། ནང་སྒོས་སུ་སློབ་སྦྱོང་ཕྱོགས་ཀྱི་ཡར་རྒྱས་ནི་ཧ་ཅང་མངོན་གསལ་རེད།
        གསེར་ཐང་ཞང་ཀོང་མིང་སྡེ་བའི་ཝང་ཧྥ་ཡུན་གྱི་ཨ་ཕས་ཕྱི་རུ་ཞོར་ལས་བྱེད་བཞིན་ཡོད་པས། ཁོས་ནམ་རྒྱུན་སྤོ་བོ་དང་རྨོ་མོ་གཉིས་དང་མཉམ་དུ་འཚོ་བ་རོལ་བཞིན་ཡོད། “བྱིས་པའི་ཨ་མ་བྱིས་པ་དང་མཉམ་དུ་མེད་པས། བྱིས་པར་ཨ་མའི་བྱམས་བརྩེ་དཀོན་པ་དང་། དེས་བྱིས་པ་རང་ལ་ཡིད་རྟོན་མེད་པར་གྱུར་ལ། སློབ་སྦྱོང་གི་ཕྱོགས་སུའང་ནན་ཏན་མིན”དགེ་རྒན་ཀྲང་ལགས་ཀྱིས་བཤད་རྒྱུར། ཁོ་མོས་ལོ་རིམ་དང་པོ་ནས་ད་ལྟའི་བར་ཝང་ཧྥ་ཡུན་ལ་སློབ་ཁྲིད་བྱས་ཤིང་། བྱིས་པའི་འཚོ་བའི་ཕྱོགས་སུ་ཅི་ཞིག་མཁོ་ན། ཁོ་མོས་རང་འགུལ་གྱིས་རོགས་རམ་བྱས་ཤིང་། སློབ་སྦྱོང་གི་རྗེས་སུ་ལུས་ན། ཁོ་མོས་དུས་ཐོག་ཏུ་གསབ་ཁྲིད་བྱས། ཐེངས་སྔོན་མར་ཁོ་མོ་ས་ཆ་གཞན་པར་ཡུལ་སྐོར་ལ་སོང་སྟེ་ཕྱིར་ཡོང་སྐབས། ཁོ་མོས་ཝང་ཧྥ་ཡུན་ལ་དཔེ་ཆ་མང་པོ་ཞིག་འཁྱེར་ཡོང་བས། དཔེ་ཆ་མཐོང་བ་ན་བྱིས་པ་དགའ་སྤྲོ་ཆེན་པོ་སྐྱེས།
        ལི་པིང་ཞིན་གྱིས་གསར་འགོད་པར་བཤད་རྒྱུར། ད་ལྟ་རོང་འབྲོག་ཁུལ་དུ་ཕ་མ་གཅིག་ལས་མེད་པའི་ཁྱིམ་ཚང་གི་སློབ་མ་དང་གཞིས་སྲུང་བྱིས་པ་ཅུང་མང་ལ། ཁྱིམ་ཚང་གི་སློབ་གསོ་ཞན་པས། བྱིས་པའི་རིན་ཐང་ལྟ་བའི་ཕྱོགས་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་བཞིན་འདུག དགེ་རྒན་རྣམས་ཀྱིས“རོགས་རམ་གཉིས་དང་གསོ་སྐྱོང་གཉིས”བྱེད་པའི་བརྒྱུད་རིམ་ཁྲོད། རྒྱུན་ཆད་མེད་པར་བྱིས་པ་རྣམས་ལ་ཡང་དག་པའི་རིན་ཐང་ལྟ་བ་ཁྲིད་སྟོན་བྱས་ཏེ། བྱིས་པ་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་རོགས་རམ་བྱས་དང་བྱེད་བཞིན་ཡོད།
        སློབ་གྲྭར་ཡོད་པའི་དབུལ་ཕོངས་སློབ་མ་ལས་གཞན། སློབ་གྲྭའི་ཕྱི་རུ་ད་རུང་སློབ་མ21ལ་དེ་མཚུངས་སུ་དགེ་རྒན་རྣམས་ཀྱི་རོགས་རམ་མཁོ། སློབ་མ21དེ་དག་ནི་ཧའེ་ཡན་རྫོང་གི་ཞང་དང་གྲོང་རྡལ་སོ་སོ་ནས་ཡོང་བའི་ལོ4ནས15བར་གྱི་དབང་པོ་སྐྱོན་ཅན་གྱི་བྱིས་པ་ཡིན།
        “བྱིས་པ21དེ་དག་ལ་སྔར་ལས་ཀྱང་ང་ཚོའི་རོགས་རམ་མཁོ། ང་ཚོས་ཧའེ་ཡན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གི་བདེ་སོས་ཐོན་ཁུངས་སློབ་ཁང་གི་ཐོན་ཁུངས་བེད་སྤྱད་ཅིང་། རྫོང་འཕྲོད་བསྟེན་ཅུས་དང་དབང་བོ་སྐྱོན་ཅན་མི་སྣའི་མཉམ་འབྲེལ་ལྷན་ཚོགས། གཞན་ཞང་དང་གྲོང་རྡལ་སྲིད་གཞུང་སོགས་ལ་མཉམ་འབྲེལ་བྱས་ཏེ། ‘སྨན་བཅོས་དང་སློབ་གསོ་ཟུང་འབྲེལ་བྱེད་པ’དང‘སློབ་ཁྲིད་ཁྱིམ་ཚང་དུ་སྐྱེལ་བའི’བྱ་འགུལ་སྤེལ”ཞེས་ལི་པིང་ཞིན་གྱིས་དེ་ལྟར་བཤད། ལི་པིང་ཞིན་གྱིས་བཤད་རྒྱུར། སློབ་མ་འདི་དག་ལ་རོགས་རམ་བྱ་ཆེད། དགེ་རྒན་མོའུ་ཧྲེང་མེ་དང་ལས་གྲོགས་གཞན་པ་གཉིས་ཟླ་རེར་བྱིས་པ21གི་ཁྱིམ་དུ་སོང་སྟེ། ཁོ་ཚོར་རྨང་གཞིའི་སློབ་ཁྲིད་བྱེད་བཞིན་ཡོད་ལ། དུས་མཚུངས་སུ་བྱིས་པ་རྣམས་ལ་འཚོ་བའི་མཁོ་ཆས་ཀྱང་སྟེར་བཞིན་ཡོད།
        “ངས་ན་ནིང་གི་ཟླ12པ་ནས་བཟུང་བྱིས་པ་རྣམས་ལ‘སློབ་ཁྲིད་ཁྱིམ་ཚང་དུ་བསྐྱལ’ཏེ་སློབ་ཁྲིད་བྱེད་མགོ་བརྩམས་པ་ཡིན། ཐེངས་དང་པོར་ཁྱིམ་ཚང་དུ་སོང་སྟེ་སློབ་མ་དེ་དག་མཐོང་བ་ན་དངོས་གནས་སྙིང་རྗེ་བ་ཞིག་རེད། སྐབས་དེར་ངས་བྱིས་པ་དེ་དག་གི་ཆེད་དུ་ཅི་ཞིག་སྒྲུབ་དགོས་པར་བསམ། དེའི་རྗེས་སུ་ངས་བྱིས་པ་རྣམས་ལ་གཞི་རྩའི་ཨང་ཀི་དང་རྒྱ་ཡིག་ཁྲིད་པར་མ་ཟད། ཕྱི་རོལ་ཏུ་སོང་ན་ལམ་རྟགས་ཇི་ལྟར་ངོས་འཛིན་བྱེད་དགོས་པ་དང་། ཟ་ཁང་དུ་ཟ་མ་ཇི་ལྟར་འདེམས་དགོས་པ་ལ་སོགས་པའི་འཚོ་བའི་ཕྱོགས་ཀྱི་ཤེས་བྱའང་ཁྲིད”“སློབ་ཁྲིད་ཁྱིམ་ཚང་དུ་སྐྱེལ་བའི”རང་གི་བྱ་བ་གླེང་སྐབས། མོའུ་ཧྲེང་མེ་ལ་སེམས་ཚོར་ཟབ་མོ་མངའ་ཞིང་། སྤྲོ་སེམས་འཁོལ་བའི་དགེ་རྒན་མོའུ་ཧྲེང་མེ་ཡིས་གསར་འགོད་པ་ཁྲིད་དེ“སློབ་ཁྲིད་ཁྱིམ་ཚང་དུ་བསྐྱལ་བའི”ཐོན་ཁུངས་རྒྱུ་ཆ་ལ་བལྟ་རུ་བཅུག
        བདེ་སོས་ཐོན་ཁུངས་སློབ་ཁང་དུ། བདེ་སོས་སྨན་བཅོས་ཕྱོགས་ཀྱི་ཡོ་ཆས་དང་རིག་སྟོབས་རིས་བསྒྲིག མཐོང་ཚོར་ཐོས་ཤུགས་ཐོན་ཁུངས་རྒྱུ་ཆ་སོགས་ཚང་མ་འཛོམས་ཡོད། དུས་ཡུན་ཅང་མ་འགོར་བའི་སྔོན་དུ། དགེ་རྒན་མོའུ་ལགས་ཀྱིས་ད་རུང་དམིགས་བསལ་བྱིས་པ21ལ་འཁྲུད་ཆས་ཁུག་མ་དང་སློབ་སྦྱོང་མཁོ་ཆས་སོགས་བྱིན། ……
        སློབ་གསོ་དབུལ་སྐྱོར་གྱིས་བྱིས་པ་རྣམས་ལ་སྔར་ལས་ལེགས་པོའི་མ་འོངས་པ་ཞིག་ལྡན་དུ་བཅུག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1