༄༅། །དུས་རབས་ཤིག་གི་སློང་མོ་བ། ངས་ནམ་ཡང་ཁྱེད་ཉིད་བཀུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-10


                _________དགེ་རྒན་དུས་ཆེན་ལ་ཕུལ།

གངས་སིལ་ནས་གངས་ཆུ་བཞིན་མཆེད་ཡོང་ལ།
སྣ་ཚོགས་ཀྱི་ཆ་རྐྱེན་མེད་པའི་སློང་མོ་བ།
ཁྱེད་ཀྱི་རྒྱབ་རོལ་ན་ལག་ཟུང་ཁྲི།  མིག་ཟུང་ཁྲི།
ངས་ནམ་ཡང་ཁྱེད་ཉིད་བཀུར།

འབྲོག་ཁྱིམ་ནས་དཀའ་སྡུག་གིས་འཚར་ལོངས་བྱུང་ལ།
སྒེར་དོན་གྱི་གཡོ་སྒྱུ་བྲལ་བའི་སློང་མོ་བ།
ཁྱེད་ཀྱི་སེམས་ཁོངས་ན་སེམས་པ་ཁྲི།  རེ་བ་ཁྲི།
ངས་ནམ་ཡང་ཁྱེད་ཉིད་གུས།

སྐྱ་རེངས་དང་སྔ་ཕྱི་འགྲན་ཏེ་མི་ཚེ་བསྐྱལ་ལ།
ཀ་ཁ་ཏེ་ཚེ་སྲོག་ཏུ་བསྒོམས་པའི་སློང་མོ་བ།
ཁྱེད་ཀྱི་མིག་ཟུང་ན་སྤོབས་པ་ཁྲི།  ལ་རྒྱ་ཁྲི།
ངས་ནམ་ཡང་ཁྱེད་ཉིད་འདུད།

དུས་བཞི་ཡི་བསྐྱར་ཟློས་ཁྲོད་ན་སུན་སྣང་བྲལ་ལ།
རྣམ་རྟོག་པའི་ཐད་བཙུགས་ན་ཀེར་བའི་སློང་མོ་བ།
ཁྱེད་ཀྱི་མདུན་ལྗོངས་ན་དཀའ་སྡུག་ཁྲི།  འོད་ཟེར་ཁྲི།
ངས་ནམ་ཡང་ཁྱེད་ཉིད་རེ།

ཁྱེད་ནི་དུས་རབས་ཤིག་གི་སློང་མོ་བ་སྟེ།
ནམ་ཤེས་ཁྲི་མ་འབུམ་དང་རེ་བ་ཁྲི་མ་འབུམ་གྱི་དཀྱིལ་དབུས་ན།
དུས་གཏན་དུ་སློབ་གསོ་ཡི་ལས་དོན་དང་མི་རིགས་ཤིག་གི་མ་འོངས་ཆེད།
རང་ཉིད་ཀྱིས་སློང་མོ་བ་ཡི་རྣམ་ཤེས་སྦྲུམ་ནས་མདུན་དུ་ཆས།

ཁྱེད་ཉིད་དུས་རབས་ཤིག་གི་སློང་མོ་བ།
ཁྱེད་ཉིད་དུས་རབས་ཤིག་གི་སྣེ་ཁྲིད་པ།

ང་ནམ་ཡང་ཁྱེད་ཀྱི་ཤུལ་ལམ་ན།
                     2014ལོའི་ཟླ་7པའི་ཚེས་10ཉིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1